དོན་གྲུབ་རྡོ་རྗེ།
རྒད་པོ་ཞིག་ཡོད། རྒད་པོ་དེ་ནི་ལོ་ན་བརྒྱད་ཅུར་སོན། མགོ་ཡི་སྐྲ་རྣམས་རིམ་གྱིས་ཡལ་ཞིང་། སྐེ་རྒྱབ་དང་རྣ་རྩ་ན་སྤུ་དཀར་པོ་ཐ་ར་ཐོ་རེ་ཞིག་འདུག མིག་རིག་རིག་གྲུང་པོ་བྱེད་མོད་གདོང་ཡོངས་གཉེར་མས་ཁེངས། སོ་གཅིག་ཀྱང་མེད་སྟབས་ཁ་མུར་མུར་བྱེད། ཁོང་ལ་རྒྱུ་དཔལ་འབྱོར་དང་མཚན་སྙན་གྲགས་འབར་ནས་ཡོད། ལག་གཡོག་རྒྱུགས་མཁན་ཡང་གསུམ་བཞི་རེ་ཉིན་རྟག་པར་ཡོད། ཉིན་གཅིག་ཁོང་གི་རྒྱུ་རྫས་ལ་བདག་བྱེད་མཁན་གསར་པ་ཞིག་སླེབས། བདག་བྱེད་མཁན་གསར་པ་དེ་ནི་མི་རྣམ་དཔྱོད་ཅན་ཞིག་དང་ལང་ཚོ་དར་ལ་བབ་པ། ཐག་གཅོད་གང་བྱེད་རྣམས་གནད་ལ་འཁེལ་བ་བྱེད་ཐུབ་མཁན་ཞིག་རེད། འདི་ནི་གནའ་བོའི་སྐད་ལྟར་བྱས་ན་གཉེར་བ་ཞིག་རེད། གཉེར་བ་གསར་པ་འདི་དང་རྒད་པོའི་བར་མ་མཐུན་ས་ཞིག་ཆགས། དེ་ནི་རྒད་པོ་ཧ་ཅང་དགའ་ཞིངའདྲིས་ཆེ་བའི་ཁྱི་རྒན་དེ་ཁང་པའི་ནང་ཉར་མི་ཆོག་པའི་ཐག་གཅོད་བྱས་པ་ལ་བརྟེན་ནས་རེད། ཁྱི་རྒན་དེ་ཉི་མ་གཅིག་ཀྱང་རྒད་པོ་དང་ཁ་བྲལ་མྱོང་མེད། དེ་རིང་གློ་བུར་དུ་ཁ་བྲལ་བ་རེད། སྟབས་ཉེས་པ་ཞིག་ལ། ད་ཆ་རྒད་པོས་ངག་ཀྱང་ལྐུགས་ནས་ཡོད། རྒད་པོའི་སེམས་ཀྱང་འཐོམས་ནས་ཡོད། འོན་ཀྱང་རྒད་པོས་ཁྱི་མ་བརྗེད། ལག་གཡོག་རྒྱུགས་མཁན་ཚོ་ལ། “ཁྱི་ ཁྱི་ ཁྱི་” ཞེས་ཤུགས་ཡོད་ཚད་བཏོན་ཏེ་སྐད་བརྒྱབ། འོན་ཀྱང་ཁྱི་མེད། རྒད་པོའི་སེམས་ཕམ། སུ་གཅིག་ལ་ཡང་རྣམ་འགྱུར་ཡག་པོ་མ་བསྟན། ལག་གཡོག་ཚོའི་སེམས་ཕམ། ཐབས་ཤེས་ཤིག་བཙལ། ཁྱི་ནི་ཁང་པའི་ནང་ཉར་མི་ཆོག་པ་དེ་གཉེར་པ་གསར་པའི་ཁྲིམས་ཡིན་སྟབས། ཁྱི་འཁྲིད་ཡོང་རྒྱུའི་བློ་སྤོབས་དེ་སུ་གཅིག་ལའང་མ་རྙེད། ལག་གཡོག་རིག་རྒོད་ཅིག་ཡོད་པ་དེ་ཁྲོམ་ལ་སླེབས། ཁྲོམ་ནས་རྩེད་ཆས་སུ་བཟོས་པའི་ཁྱི་རྫུན་ཞིག་ཉོས། ཁྱི་རྫུན་དེ་ནི་རྒད་པོའི་ཁྱི་དང་ཧ་ཅང་འདྲ། འོན་ཀྱང་རས་དང་སྤྲིན་བལ་གྱིས་བཟོས་ཡོད་པ་རེད། ཁྱི་རྫུན་དེ་རྒད་པོར་སྤྲད། རྒད་པོའི་གཉེར་མས་ཁེངས་པའི་གདོང་ནས་འཛུམ་ཞིག་ལངས། ཁྱི་རྫུན་པང་དུ་བླངས། ཁྱི་རྫུན་གྱི་མགོ་ལ་རང་གི་འགུལ་སྐྱོད་མེད་པའི་ལག་པ་འཇམ་པོ་དེས་བྱིལ་བྱིལ་བྱས། རྒད་པོའི་མིག་ནས་མིག་ཆུ་ཐོན། མིག་ཆུའི་ཐིགས་པ་གཅིག་ཁོང་གི་འགྲམ་པའི་གཉེར་མའི་ཁུག་བརྒྱུད་ནས་ག་ལེར་ག་ལེར་འགྲིལ་ཏེ་ཁྱི་རྫུན་གྱི་མགོ་ལ་ཟགས། ད་རྒད་པོ་ཁྱི་རྫུན་དེ་ལ་འཐམས་ནས་བསྡད། རྒད་པོ་འཆི་ལ་ཁད་དུ་ཡོད་ཅིང་རྒད་པོའི་ངག་ལྐུགས་ནས་ཡོད་པ་འདི་ཁོ་ན་རྒད་པོ་ལ་རང་གིས་གཅེས་པའི་ཁྱི་རྒན་མི་ཐོབ་པའི་རྒྱུ་མཚན་ཡིན། འོན་ཀྱང་རྒད་པོའི་སེམས་ཚོར་མཁན་ཚོའི་ཁྲོད་ན་རྒད་པོའི་སེམས་བཤད་ཐུབ་མཁན་གཅིག་མ་བྱུང་། དེ་ནས་ཉི་མ་གསུམ་ཙམ་གྱི་རྗེས་ལ་རྒད་པོ་དེ་རང་གི་མལ་ཁྲི་མཐའ་མ་ལ་འཛེགས། རྒད་པོའི་སྔས་མགོ་ན་དབུགས་མེད་པའི་ཁྱི་རྒན་རྫུན་མ་དེ་འདུག ལག་གཡོག་ཚོ་ཉལ་ཁྲིའི་གམ་ན་ལངས་འདུག ཁ་ཤས་ཀྱིས་རྒད་པོའི་རོ་ལ་བལྟས་ནས་ངུ་གི་འདུག ཁ་ཤས་ཀྱིས་ཁྱི་རྫུན་ལ་བལྟས་ནས་ངུ་གི་འདུག གཉེར་པ་གསར་པ་དེ་ད་དུང་སླེབས་མི་འདུག
སྒྲུང་སྙན་མོ་འདུག
རྒད་པོར་ཁག་མེད་ཀི ཁྱི་དང་ཞི་མི་སོགས་ལ་འདྲིས་བཞིན་འདྲིས་བཞིན་བརྩེ་བ་ཆེ་རུ་ཆེ་རུ་ག་ཚད་མཉམ་དུ་གཤིབ་ན་ག་ཚད་ཡག་དུ་འགྲོ་བ་ཡིན། མི་དང་མི་བཞིན་བརྩེ་བ་ལ་འགྱུར་ལྡོག་ནམ་ཡང་འབྱུང་མི་སྲིད་པ་ལྟ་བུ་རེད། གཉེར་བ་དེ་ཞེ་གནག་པ་ལ། རྒད་པོ་དེར་སྙིང་མ་ཅིག་བརྗེ།
ཨ་རོགས་མ་རབས།
སྒྲུང་འདི་སྐད་ཡིག་གང་གི་ནང་ནས་མར་ལ་བསྒྱུར་བ་ཡིན། དེ་གསལ་བོ་མེད་ན་རྐུན་མའི་ནག་ཉེས་ཡོད་པ་རེད་ཐལ།
ཧཧཧཧ། གཞན་ཡིག་གི་ཚིག་སྦྱོར་དང་བརྡ་དག་ལ་སྦྱང་བ་མང་དྲགས་ན་འདི་འདྲ་ཞིག་ལོས་ཡིན།
ད་ཡིན་ན་དཔེ་སག་སོང་འདུག རྒད་པོ་དེ་ཡིད་དྭགས་ཀྱི་གནས་སུ་སྐྱེས་ཐག་ཆོད་རེད་ཡང་ན་བར་དོར་རང་གི་ཁྱི་རྒན་དང་མཉམ་དུ་བསྡད་ཡོད་ཀྱི་རེད། བོད་པའི་རྒད་པོ་ཚོ་སྐེ་ཡི་གཟི་དང་བྱུ་རུ་ལ་འཐམས་ནས་ཤི་གི་རེད།
༼ཁྱི་རྫུན་གྱི་མགོ་ལ་རང་གི་འགུལ་སྐྱོད་མེད་པའི་ལག་པ་འཇམ་པོ་དེས་བྱིལ་བྱིལ་བྱས། ༽ཧ་ཧ་
དོན་འགྲུབ་རྡོ་རྗེ་ལགས་ཁྱེད་ལ་མེས་དབོན་དཔེ་སྟོན་སློབ་གྲྭའི་ཕུར་བུ་སྒྲོལ་མས་ཕྱག་རོགས་འདྲ་དགོས་ན་ཐུགས་འཛེམ་མ་གནང་ཞེས་ཤོད་རོགས་ཟེར།
ཁྱི་རྒན་དང་མི་རྒན་གྱི་སྒྲུང་གཏམ་དེ་ཡག་པོ་འདུག་་་་་ད་དུང་རྟ་རྒན་དང་གཡག་རྒན་གཅིག་ཁ་སྣོན་བྱས་ན་ེདེ་ལས་ཡག་ག།