རྩོམ་པ་བོ། དགེ་དཔལ། (ཨེ་མ་ཧོས་འོས་སྦྱོར་བྱས།)
སྟོང་ཉིད་རྡོ་རྗེའི་བཙུན་མོའི་ཨེ་གསང་དུ།།
ཝཾ་ཡིག་བདེ་ཆེན་ཟུང་འཇུག་མེ་ལོང་ངོས།།
མཚན་དཔེའི་གར་མཁན་ཀཱ་ལ་ཙཀྲ་ཞེས།།
དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་གཙོ་དེ་བསྔགས།།
ཙང་ཀུན་བརྟན་མ་ཐེ་སེ་རྗེ་བློན་འཁོར།།
ལྟོ་འཕྱེ་ཆེན་པོ་ཧལ་ཁྱི་ལག་ཆེན་སོགས།།
གནས་དང་རྒྱུ་བའི་སྲིད་པའི་ས་བདག་རྣམས།།
ཡུལ་དུས་དགེ་ཞིང་ཤིས་པའི་མཐུན་འགྱུར་མཛོད།།
དེ་ཡང་འདིར་བོད་ཀྱི་ལོ་རྒྱུས་སྨྲ་བའི་དབང་པོ་རྒན་ཐུབ་བསྟན་ཕུན་ཚོགས་མཆོག་གིས་ཉེ་ལམ་བདག་ལ་བྲིས་པའི་བརྒལ་ལན་སྦྲང་རྩིའི་མཆོད་སྤྲིན་ཞེས་པར་ལན་མདོར་བསྡུས་ཤིག་བརྗོད་པར་བྱའོ།།
གསལ་བཤད། འདིར་ཁོང་གིས་བྲིས་པ་རྣམས་མཚལ་ཅན་དང་། ༼ཐུབ༽ཀྱིས་མཚོན་ཡོད་ལ་རང་ལན་རྣམས་སྣག་ཚ་དང་སྒོ་ཁྱིམ་ནང་དུ་༼དགེ༽ ཞེས་བལྟ་བདེ་བར་བྱས་ཡོད།
༼ཐུབ༽ ཁོང་གིས། ཁྲི་སྲོང་ལྡེའུ་བཙན་སྐབས་སུ་རྒྱ་རྩིས་བོད་དུ་འགྱུར་བ་ཡོངས་གྲགས་ཀྱི་བཤད་སྲོལ་ཡོད་པ་མ་མཁྱེན་ནམ། ཞིབ་པར་མཁྱེན་འདོད་ན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《བཻ་དཀར་》དང་། དབོན་པོ་ཀརྨ་ངེས་ལེགས་ཀྱིས་མཛད་པའི་《ཉེར་མཁོ་བུམ་བཟང་》སོགས་ལ་གཟིགས་པར་ཞུ། རྒྱ་རྩིས་འཁྲུལ་པ་ཅན་བོད་དུ་བྱུང་ཚུལ་སྐོར། དབོན་པོ་ཀརྨ་ངེས་ལེགས་ཀྱིས་མཛད་པའི།《རྩིས་གཞུང་ཉེར་མཁོ་བུམ་བཟང་》དཔལ་སྤུངས་ཤིང་སྤར་མའི་ཤོག་ངོས་༤༧པར། “དོན་དུ་བོད་དུ་མེས་ཨོག་ཚོམ། །ཡན་ལ་འཁྲུལ་པ་མེད་མོད་ཀྱང་། །དེ་སྲས་ལ་བསུས་རྒྱ་མོ་བཟས། །སྲས་གྲོངས་མེས་དང་འདུས་པ་ལས། །སྲས་པོ་འཁྲུངས་པ་ཚེ་སྤོང་བཟས། །འཕྲོག་པའི་ཡི་མུག་ལ་བརྟེན་ནས། །ས་དཔྱད་ཉམས་བཅུག་རྩིས་ཀྱི་གཞི། །ལོ་སར་ཟླ་བ་གང་ཡིན་པ། །ང་ལ་མ་འདྲི་རྒྱལ་ལ་དྲིས། །ཞེས་པའི་མདོ་སྡེ་ཀོལ་བུ་ཆུང་། །བརྩམས་ནས་ཐམས་ཅད་འཕྱུགས་བཅུག་པས། །རྗེས་སུ་བུས་མ་ངོ་ཤེས་དུས། །ལེགས་པར་བཅོས་ཀྱང་འཕྲོ་ལུས་པའི། །རྗེས་འབྲང་ཧོར་ཟླ་བཅུ་གཉིས་པ། །སྟག་ཟླར་འདོད་པ་འདི་བྱུང་ཞིང་།” །ཞེས་སོགས་ཁྲི་སྲོང་སྐབས་སུ་རྒྱ་རྩིས་བྱུང་བ་མ་ཟད་རྫུན་བཅོས་བྱས་པའི་རྒྱ་རྩིས་ཀྱང་བྱུང་ཡོད་པ་རེད། ཅེས་ཟེར།
༼དགེ༽ ལན་དང་པོ། ཁྲི་སྲོང་ལྡེའུ་བཙན་སྐབས་རྒྱ་རྩིས་བོད་དུ་འགྱུར་བ་ཡོངས་གྲགས་ཀྱི་བཤད་སྲོལ་ཡོད་པ་མ་མཁྱེན་ནམ། ཞེས་པའི་དྲི་བ་དེ་ནི་རང་ཉིད་འགོག་བྱེད་དུ་སོང་འདུག་སྟེ།
ཁྱེད་ཀྱིས། ངན་པ་དགུ་འཛོམས་ཞེས་པ་དེ་ཏག་ཏག་རྒྱ་རྩིས་བོད་འགྱུར་གྱི་ཡིག་ཆའི་ནང་དུ་རྙེད་བྱུང་། དེ་ནི་སྔ་ཤོས་དུས་རབས་བཅུ་བདུན་པ་དང་། བཅོ་བརྒྱད་པའི་རྒྱ་རྩིས་བོད་འགྱུར་གྱི་རྩིས་ལུགས་ནང་མཐོང་རྒྱུ་ཡོད་པ་ཞིག་རེད། ཅེས་དམ་བཅས་པ་དང་འགལ་བ་ཡིན་ཏེ།
ངག་སྦྱོར་དུ་བཀོད་ན། ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་རྒྱ་རྩིས་བོད་འགྱུར་ཡོད་པ་ཙམ་གྱིས་སྐུ་ཉིད་ལ་ཅི་ཡང་མི་ཕན་པར་ཐལ། ཉིད་ཀྱིས། ངན་པ་དགུ་འཛོམས་ཞེས་པ་དེ་ཏག་ཏག་རྒྱ་རྩིས་བོད་འགྱུར་གྱི་ཡིག་ཆའི་ནང་དུ་རྙེད་བྱུང་། དེ་ནི་སྔ་ཤོས་དུས་རབས་བཅུ་བདུན་པ་དང་། བཅོ་བརྒྱད་པའི་རྒྱ་རྩིས་བོད་འགྱུར་གྱི་རྩིས་ལུགས་ནང་མཐོང་རྒྱུ་ཡོད་པ་ཞིག་རེད་ཅེས་སྨྲས་འདུག་པས་སོ།། རྟགས་ཁས།
འདོད་ན། ཁྲི་སྲོང་ལྡེའུ་བཙན་སྐབས་སུ་རྒྱ་རྩིས་བོད་དུ་འགྱུར་བ་ཡོངས་གྲགས་ཀྱི་བཤད་སྲོལ་ཡོད་པ་མ་མཁྱེན་ནམ་ཞེས་པའི་དྲི་བ་དེ་དོན་མེད་དུ་ཐལ་ལོ། །
མ་ཁྱབ་ཟེར་ན། ཉི་ནག་ཅེས་པ་དེ་ནི་སྔ་ཤོས་དུས་རབས་བཅུ་བདུན་པ་དང་། བཅོ་བརྒྱད་པའི་རྒྱ་རྩིས་བོད་འགྱུར་གྱི་རྩིས་ལུགས་ནང་མཐོང་རྒྱུ་ཡོད་པ་ཞིག་རེད་ཅེས་སྨྲས་པ་དེ་མི་འཐད་པར་ཐལ། ཁྲི་སྲོང་ལྡེའུ་བཙན་སྐབས་སུ་རྒྱ་རྩིས་བོད་དུ་འགྱུར་ཡོད་པ་དག་གི་ནང་དུ་མཐོང་རྒྱུ་ཡོད་དགོས་པ་གང་ཞིག ཁྲི་སྲོང་ལྡེའུ་བཙན་དུས་རབས་བརྒྱད་པའི་ནང་དུ་བྱོན་པ་ཡིན་པའི་ཕྱིར་རོ།། འཁོར་གསུམ་ལ་ལན་མེད་དོ།།
འདི་ཙམ་གྱིས་ཀྱང་ཁོང་གི་དམ་བཅའ་ཡོངས་རྫོགས་བརླགས་ཟིན་པས་རྒྱས་སྤྲོས་ཆེར་མ་བྱས་ཀྱང་ཆོག་མོད། ཅིས་ཀྱང་དགོས་ན་འདི་ལ་ལྟོས།
ལན་གཉིས་པ། ཡང་དབོན་པོ་ཀརྨ་ངེས་ལེགས་ཀྱིས་མཛད་པའི་རྩིས་གཞུང་ཉེར་མཁོ་བུམ་བཟང་ལས། ཁྲི་སྲོང་སྐབས་རྒྱ་བཟའི་བུ་ཕྲོག་པའི་ཡི་མུག་གིས་ས་དཔྱད་དང་རྩིས་རྫུན་མ་བཅོས་ཚུལ་བཤད་པའི་ལུང་དེ་ཡང་། ཁྱེད་རང་ཉིད་ལ་གནོད་བྱེད་དུ་སོང་ཡོད་དེ། ཉིད་ཀྱིས་བྲིས་པའི་བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་ལས།
རྒྱ་བཟའ་འདས་ལོ་ལ་ཡང་། དེབ་སྔོན་དང་། རྒྱ་ཡིག་སོགས་སུ་ལྕགས་སྦྲུལ་སྤྱི་ལོ་༧༤༡ ལོར་འདས་ཞེས་དང་། ཏུན་ཧོང་གི་ཡིག་རྙིང་ལས་ས་ཡོས་སྤྱི་ལོ་༧༣༩ ལོར་ཞེས་མི་འདྲ་བ་གཉིས་བྱུང་བ་ལས་ཕལ་ཆེར་རྗེས་མ་འདི་བདེན་ཆེར་སྙམ་སྟེ། ཞེས་དང་།
ཁྲི་སྲོང་ལྡེའུ་བཙན་རྒྱ་བཟའི་སྲས་ངོ་མ་ཡིན་ནམ་ཞེ་ན། དེ་ནི་འཐད་པར་མ་མཐོང་སྟེ། ཞེས་དང་། ཁྲི་སྲོང་ལྡེའུ་བཙན་གྱི་ལོ་ཚིགས་དངོས་ནི། ཆུ་རྟ་སྤྱི་ལོ་༧༤༢ ལོར་ཡབ་ཁྲི་ལྡེ་གཙུག་བརྟན་དང་། ཡུམ་སྣ་ནམ་བཟའ་གཉིས་ཀྱི་སྲས་སུ་འཁྲུངས་ཞེས་ཁྲི་སྲོང་རྒྱ་བཟའི་བུ་མིན་ཚུལ་བཤད་འདུག་པས་སོ། །
དེ་བས། སྔར་ཉིད་ཀྱིས་ཁྲི་སྲོང་རྒྱ་བཟའི་བུ་མིན་པར་བཤད་པ་དང་། འདིར་ཁྲི་སྲོང་རྒྱ་བཟའི་བུ་ཡིན་པར་བཤད་པ་གཉིས་ནི་སུས་ཀྱང་མི་འཁྲོལ་བའི་ནང་འགལ་རི་འདྲ་བ་ཞིག་ཁས་བླངས་ཡོད་པ་མཁྱེན་པར་གྱིས་དང་།
གཟོད་རྒྱ་བཟའ་བཤེགས་ནས་ལོ་གཉིས་ཀྱི་རྗེས་སུ་འཁྲུངས་པའི་ཁྲི་སྲོང་ཁོང་རྒྱ་བཟས་གཤིན་ཡུལ་ནས་བསྐྱེད་དེ། མི་ཡུལ་འདིར་བརྫངས་པའི་དྭ་ཕྲུག་མ་མེད་ཅིག་ཡིན་པའམ། ཡང་ན་མ་ལས་མ་སྐྱེས་པའི་མངལ་སྐྱེས་ཀྱི་བུ་འཇོན་ཐང་ཅན་ཞིག་ཡིན་པར་ཁས་ལེན་དགོས་པ་གོར་མ་ཆག་གོ།
༼ཐུབ༽ ཡང་ཁོང་གིས། བོད་རྩིས་ནང་དུ་གཟའ་ཉི་མ་ནག་པོ་ཟེར་བ་ཞིག་མ་མཐོང་ཡང་། ཁྱོད་ཀྱིས་གསུང་པ་དེ་ཕལ་ཆེར་ཉི་ནག་ཡིན་པ་འདྲ། དེ་ལྟར་ན། དཔྱིད་ར་སྟག་ཟླའི་ཚེས་བདུན་ཉི་ནག་ཡིན་ཀྱང་དེ་ནི་རྒྱ་ནག་ནས་བསྒྱུར་བའི་རྩིས་རིག་ཡིན་པ་བོད་ཀྱི་རྩིས་དཔེ་ཐམས་ཅད་ནང་གསལ་པོར་གསུངས་ཡོད་པ་རེད། ཅེས་དང་། དེ་ལས་གོང་དུ་ཉིད་ཀྱིས་དྲངས་པའི་《བཻ་དཀར་》གྱི་ལུང་འདི་ནི་གནའ་དུས་རྒྱ་རྩིས་བོད་དུ་བསྒྱུར་བའི་ས་བདག་ཤོག་ཁྲའི་ལེའུ་ཡིན་ཏེ། ས་བདག་ཁ་ཤས་ཀྱི་མིང་རྒྱ་སྐད་རང་སོར་༼འཇོག་༽ཡོད་པ་དཔེར་ན། ཝང་གི་དང་། པི་ལིང་ལྟ་བུ་རྣམས་སོ། །དེའང་ཁྱོད་རང་གིས་ལུང་དྲངས་པའི་ལེ་ཚན་དེའི་ཤོག་ངོས་༢༠༤ལ་གཟིགས་དང་། “རྒྱ་ནག་སྐད་དུ་འབྲུག་རྗེ་ཟེར། །བོད་དུ་ནང་ལྷ་ཞེས་པ་ནི། ”ཞེས་དང་། ཡང་། ཤོག་ངོས་༡༩༧པའི་ངོས་སུ། “ཡང་ནི་གནམ་ཁྱི་ནག་པོ་འདིར། །རྒྱ་རྩིས་གསར་རྙིང་རྣམ་པ་གཉིས། །རྙིང་མ་ཟླ་བ་གང་ཤར་འཇུག །མདུན་ཟུར་ཁ་རུ་མགོ་བོ་ཡང་། །གསར་མ་དེ་ལས་ལྡོག་པ་སྟེ། ”༼ ཅེས་༽སོགས་རྒྱ་སྐད་ནས་བོད་ཡིག་ཏུ་བསྒྱུར་བའི་སྐོར་གསལ་པོར་གསུངས་ཡོད་པ་རེད། དེས་ན་ཁོ་བོས་ཀྱང་ཉི་མ་ནག་པོ་དང་། ངན་པ་དགུ་འཛོམས་ཟེར་བ་དེ་རྣམས་རྒྱ་ནག་ལུགས་ཡིན་༼པ་༽སྒྲུབ་བྱེད་ཁྱེད་ཀྱིས་དྲངས་པའི་ལུང་འདི་དག་ཡིན་ནོ། །ཐུགས་རྗེ་ཆེ། ཐུགས་བསམ་བཞེས་༼ཞིང་༽བཀའ་མོལ་གནང་ན་ལེགས་སོ།།ཞེས་ཟེར།
༼དགེ༽ གལ་ཏེ། བཻ་དཀར་ལས་རྒྱ་སྐད་ཀྱི་ས་བདག་འགའ་རེའི་མིང་དང་། རྒྱ་ནག་ནས་བསྒྱུར་བ་ཡིན་ཚུལ་དང་། གནའ་དུས་རྒྱ་རྩིས་བོད་དུ་བསྒྱུར་བའི་ས་བདག་ཤོག་ཁྲའི་ལེའུ་ཡིན་ཏེ། ཞེས་སྨྲ་བ་ནི་ཞིབ་ཆ་མེད་པའི་མ་ངེས་པའི་གཏམ་དུ་སྣང་བ་ཞིག་ཅི་ལ་མིན་ཏེ།
གཞན་དུ་ལེའུ་སོ་གཅིག་པའམ་ས་བདག་ཤོག་ཁྲའི་ལེའུ་དེའི་མཇུག་བྱང་ལས། མ་ཚང་བའི་རིགས་དང་ཐེ་ཚོམ་ཅན་རྣམས་གནམ་ས་སྣང་བརྒྱད་དང་། རྡོ་རྗེ་གཙུག་ལག་སོགས་རྒྱུད་སྡེ་ཁུངས་ཅན། ཞེས་མདོ་རྒྱུད་དུ་མ་ལས་བཏུས་པར་བཤད་པའི་མདོ་དང་རྒྱུད་སྡེ་དེ་དག་ཀྱང་རྒྱ་རྩིས་རྫུན་མ་རྐྱང་རྐྱང་ཡིན་པར་ཐལ་ལོ།། འདོད་མི་རིགས་ཏེ། དགེ་རྩེ་པཎྜི་ཏས།
དགོངས་འདུས་སྐར་མཛོད་རྡོར་གཙུག་རྒྱུད།།
ལ་སོགས་ཇི་སྙེད་པདྨའི་ལུགས།།
བཅོས་སླད་མེད་པའི་བཀའ་ཚད་མ།། ཞེས་གསུངས་པས་སོ།། སྤྱིར་ས་བདག་ཅེས་པ་ཙམ་དང་། ཉི་ནག་སོགས་ཡོད་པ་ཙམ་གྱིས་རྒྱ་ནག་ནས་འགྱུར་བ་ཡིན་ནོ་སྙམ་པ་དེ་ནི་མཁས་པར་མི་འོས་པའི་གཏམ་སྟེ། གལ་ཏེ། དེ་ལྟར་ཡིན་ན་མཁས་གྲུབ་གཉིས་ལྡན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་མཛད་པའི། ཤེས་བྱ་ཀུན་ཁྱབ་རྩ་བ་ལས།
མཆོག་གཉིས་གླིང་བརྒྱད་ནུས་ལྡན་རྣམས་ལ་སོགས།།
དུས་མཐུན་རིམ་བྱོན་སློབ་མར་བཅསཔ་ཡིས།།
དུས་མཐར་སྔགས་བསྟན་མི་ནུབ་རྒྱས་པར་མཛད། །ཅེས་པའི་ཐད་ཀྱི་འགྲེལ་པ་ལས། རིག་འཛིན་སྤྲུལ་པའི་སྐྱེས་མཆོག་ཉང་རལ་ཉི་མ་འོད་ཟེར། གུ་རུ་ཆོས་ཀྱི་དབང་ཕྱུག་སྟེ་གཏེར་སྟོན་མཆོག་གཉིས་སམ་གཏེར་ཁ་གོང་འོག་ཏུ་གྲགས་པ་དང་། ཞེས་བསྔགས་བརྗོད་གནང་སའི་ཡུལ། མངའ་བདག་ཉང་ཉི་མ་འོད་ཟེར ༼ཕྱི་ལོ ༡༡༢༤ ཤིང་འབྲུག་ལོར་འཁྲུངས།༽ ་གྱིས་གཞི་སྟོད་ཏི་སྒྲོའི་བྲག་ནས་བསེ་སྒྲོམ་སྨུག་པོའི་ནང་ནས་གཏེར་དུ་བཞེས་པའི་བརྟན་མ་བཅུ་གཉིས་ཀྱི་མདོས་ཆེན་ཆགས་མེད་རིན་པོ་ཆེས་བཀླག་ཆོག་ཏུ་བཀོད་པ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་ཆོག་ཁྲིགས་རིན་ཆེན་གཏེར་མཛོད་༼པི་པ་ལྡེབ ༧༢༠ ༽ ལས།
ཧཱུྃ༔ སུམ་ཅུ་རྩ་གསུམ་ཡང་སྟེང་ནས༔
ཤར་ཕྱོགས་འབྱུང་བ་ཤིང་གི་བདག༔
སྟག་ཡོས་ཟིན་དང་བཞི་ལྗང་དང་༔
གཟའ་ཆེན་ཕུར་བུ་ཤིང་གདོན་བསྐོར༔
སྡེ་བརྒྱད་ལྷ་ཡི་རྒྱལ་པོ་ཆེ༔
འཁོར་དུ་ལྷ་དམག་འབུམ་སྡེ་བཅས༔
ཡང་ཅིག་བདག་ལ་སྙན་གསོན་དང་༔
རྣལ་འབྱོར་བདག་དང་འཁོར་གཏོགས་པས༔
ཉི་མ་ནག་པོར་བསང་བྱས་དང་༔
ཁྱི་ནག་བསང་རྫས་འགོམ་པ་དང་༔
སྤུ་རྟགས་ཅན་གྱི་གཡག་བསད་དང་༔
ཞེས་སྤར་སྨེ་གཟའ་སྐར་སྡེ་བརྒྱད་ཉི་ནག་སོགས་གསལ་བོར་གསུངས་པས་ན། མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་གཞི་སྟོད་ཏི་སྒྲོའི་བྲག་ནས་བསེ་སྒྲོམ་སྨུག་པོའི་ནང་ནས་གཏེར་དུ་བཞེས་པའི་བརྟན་མ་བཅུ་གཉིས་ཀྱི་མདོས་ཆེན་ཡང་རྒྱ་ནག་ནས་བསྒྱུར་བ་ཡིན་པར་ཐལ་ལོ།། འདོད་ཟེར་ན་མི་འཐད་དེ། བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི་མདོས་ཆེན་དེ་རྒྱ་འགྱུར་ཡིན་པ་ལ་ཡིད་རྟོན་ཕེར་བའི་ཁུངས་དང་རྒྱུ་མཚན་གང་ཡང་རྙེད་དུ་མེད་པས་སོ། །
ཡང་འཇམ་མགོན་ཀོང་སྤྲུལ་གྱིས་ཆོག་ཁྲིགས་རིན་ཆེན་གཏེར་མཛོད་༼ཕི་པ་ལྡེབ ༡༣༩༽ ལས། གནམ་ཆོས་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་སྟེང་འབྱུང་ལྔའི་ལྷ་མོའི་དངོས་སུ་གསུངས་པའི་ལས་ཧུར་དྲག་མོའི་ཆོ་ག་ལས།
ལོ་ཟླའི་རྗེ་བློན་བཅུ་བདུན་གྱི༔
ཐད་ནས་དགྲ་ཀེག་ལངས་པ་བཟློག༔ ཅེས་དང་།
འདྲེ་ལྔ་གནས་པའི་ཕྱོགས་ཀེག་བཟློག༔
བདུད་གཅོད་གནས་པའི་ཕྱོགས༴ སོགས་དང་།
ཐེ་སེ་ཧལ་ཁྱི་ཙང་ཀུན་སོགས༔ ཞེས་དང་།
གཟའ་དང་ཁྲ་ཚ་ཟིན་ཕུང་སོགས༔
བྱི་ལིང་རྒྱུ་བའི་༴
སྒྲ་གཅན་འཕར་བ་༴
དམག་མི་གཤར་བའི་༴
ཧལ་ཁྱི་རོ་ཟན་གནས་ཕྱོགས༴
བ་དན་ཁྲ་བོ༴
ཙང་ཀུན་འཕྱེ་བོ་གནས༴ ཞེས་གསུངས་པ་དེ་རྣམས།
བཻ་དཀར་འབྱུང་རྩིས་ཀྱི་ས་བདག་ཤོག་ཁྲའི་ནང་བཤད་པའི་རྗེ་བློན་བཅུ་བདུན་སོགས་དང་། ཚེས་རྒྱུའི་ས་བདག་མང་ཙམ་འབྱུང་བས། ཁྱེད་ལྟར་ན། གནམ་ཆོས་མི་འགྱུར་རྡོ་རྗེ་ལ་རྒྱ་ནག་གི་འབྱུང་ལྔའི་ལྷ་མོའི་ཞལ་གཟིགས་ནས། རྒྱ་ནག་ཡུལ་གྱི་རྨོངས་དད་ཀྱི་ཆོ་ག་ཞིག་གསུངས་པར་སྒྲུབ་ཐུབ་བམ། ཡང་ན་གནམ་ཆོས་མི་འགྱུར་རྡོ་རྗེའི་རྫུན་བཟོའམ་གཏེར་རྫུན་ཡིན་ཞེས་སྨྲའམ་ཐུགས་བསམ་ལེགས་པོ་བཞེས་ཤིག
ཡང་དུས་རབས་བརྒྱད་པར་བྱོན་པའི་སློབ་དཔོན་ནམ་མཁའི་སྙིང་པོས་མཛད་པའི་སྡེ་བརྒྱད་མཆོད་པ་ལས།
ས་བདག་ཧལ་ཁྱི་ནག་པོ་དང་།།
ཀླུ་བདུད་གདོལ་བ་ནག་པོ་དང་།།
ས་ཡི་ལྷ་མོ་བརྟན་མ་དང་།། ཞེས་དང་།
འབྱུང་རྩིས་ཀྱི་གཏོ་མདོས་སོགས་སུ་གསལ་བའི་སྡེ་བརྒྱད་དང་། ས་བདག་རྣམས་ནི་བཻ་དཀར་གྱི་ལེའུ་སོ་གཅིག་པའི་ནང་གི་ས་བདག་རྣམས་དང་། མིང་དང་། མངོན་རྟོགས་སོགས་ཇི་བཞིན་དུ་འདུག་པ་དཔེར་ན། ས་བདག་གཏོ་ཕུག་དཀར་ནག་གི་རྒྱུད་ལས།
སྲིད་པའི་ཤིང་དགུ་ཟ་འོག་རི་དགུ་དང་།།
འདིར་བསོགས་མཆོད་པའི་ཡོ་བྱད་སྣ་ཚོགས་འདི།།
ས་བདག་ཀན་བུ་སྣང་སེལ་ཁྲབ་གྱོན་དང་།།
ཧོང་ཕན་སེར་པོ་ཐེ་ཁྱིམ་བཙུན་མོ་དང་།།
གཟུག་མཇུག་ཁྲ་བོ་བ་དན་སེར་པོ་དང་། ཞེས་སོགས་དང་།
ཡང་ཆགས་མེད་རིན་པོ་ཆེས་བསྒྲིགས་པའི་ཀོང་ཙེའི་གཏོ་འབུམ་ལས།
སྲིད་པ་ཡེ་སྨོན་རྒྱལ་པོ་དེས།།
ཀོང་ཙེ་རྒྱལ་པོ་སྤྱན་དྲངས་ནས།།
གཙུག་ལག་འཕྲུལ་གྱི་རྩིས་བྱས་ནས།། ཞེས་དང་། ཆགས་མེད་རིན་པོ་ཆེས་མཛད་པའི་མི་ཁ་བྲ་མདོས་ཀྱི་གྱོད་གཏོ་གྱེར་བ་ལས།
དེ་ནས་ཡེ་སྨོན་རྒྱལ་པོ་དེས།།
མོ་བཏབ་དེ་ནི་རྩིས་བྱས་ནས།།
ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དེས།།
ཡར་གསོལ་ལྷ་ལ་མཆོད་པར་ཕུལ།།
མར་སྦྱིན་འདྲེ་ལ་ཡས་རྫོངས་ནས།། ཞེས་པ་ལ་སོགས་པ་གཏོ་མདོས་རྣམས་ལས། ས་བདག་གི་རྣམ་གྲངས་ཤིན་ཏུ་མང་པོ་འབྱུང་བས། སྐུ་ཉིད་ལྟར་ན་མདོས་དེ་དག་ཀྱང་རྒྱ་འགྱུར་ཡིན་པར་ཐལ་བར་འགྱུར་བས། ད་ནི་སྲིད་པ་ཡེ་སྨོན་རྒྱལ་པོ་ཡང་རྒྱའི་མེས་པོ་ཞིག་ཡིན་པར་ཞལ་བཞེས་མཛད་རན་ལ་བསླེབས་ཡོད་ཚོད་འདུག་གོ །
༼ཐུབ༽ ཡང་ཁོང་གིས། རྒྱ་བླ་དང་། རྒྱ་སློབ་ཀྱིས་གང་བའི་གསེར་རྟའི་བླ་རུང་ནང་དུ། རྒྱ་ནག་ཞིང་རྩིས་རྙིང་པའི་ས་བདག་ཤོག་ཁྲ་ཡོད་པ་ཙམ་ཡང་མི་མཁྱེན་པ་ནི་ཧ་ཅང་ཡ་མཚན། འདི་དག་རྨོངས་དད་ཀྱི་ཁོངས་སུ་༼འབོར་༽ཟིན་སྟབས། རྒྱ་ནག་ཡོངས་ཁྱབ་ཀྱི་དཔེ་ཁང་ནང་དུ་བཙོང་རྒྱུ་མེད་ནའང་། རྒྱ་ནག་གྲོང་གི་སྲང་ལམ་ཁག་ཏུ་དངོས་འགྲེམས་མ་ཡིན་པའི་དཔེ་ཆའི་ཚོང་ར་ན་ག་ས་ག་ལ་རྙེད་ཐུབ་པ་མ་ཟད། ས་བདག་ཤོག་རིས་འགའ་ཞིག་ནི་༼པེ་ཏུའུ་༽(སྦྲགས་སྐད)དྲྭ་རྒྱ་ལས་ཀྱང་བཙལ་ཐུབ། དཔེར་ན།༼པར་རིས་འགའ་འདུག༽ དེ་ཙམ་དུ་མ་ཟད་ཁྱོད་རང་གི་ལུང་དྲངས་པའི་མ་དཔེ་《བཻ་དཀར་》ཤོག་ངོས་༢༤༣པའི་ངོས་སུ། བོད་ཡིག་ཏུ་བསྒྱུར་བའི་རྒྱ་རྩིས་གབ་རྩེ་བཅོ་ལྔའི་དཀར་ཆག་ནང་དུ་ས་བདག་ཤོག་ཁྲ་ཡོད་པར། “ལྔ་པ་ཁྲ་མོ་སྟོང་སྐོར་ནི། །འཕྲུལ་གྱི་མེ་ལོང་ཕྱི་ཤོག་ཁྲ། །མ་བུ་དང་ནི་བཅོ་ལྔ་བསྒྱུར།” ཞེས་གསུངས་པ་ལ་གཟིགས་རོགས། །ཅེས་ཟེར།
༼དགེ༽ དགོངས་འདུས་སྐར་མཛོད་དང་། རྡོ་རྗེ་གཙུག་ལག་གི་རྒྱུད་དང་། བཻ་དཀར་སོགས་ལས་བཤད་པའི་ས་བདག་རྣམས། རྒྱའི་རྨོངས་དད་ཀྱི་ལུགས་ཡིན་ཞེ་ན། དེ་ཇི་ལྟར་ཡིན་ཚུལ་དང་། དེ་ཇི་ལྟར་བོར་ལུགས་སོགས་ཁུངས་ལྡན་གྱི་ལོ་རྒྱུས་སྨྲ་རྒྱུ་ཡོད་དམ།
རྒྱ་ནག་གི་ཚད་ལྡན་དཔེ་ཁང་དུ་མེད་པ་དང་། སྲང་ལམ་ཁག་ཏུ་ཡོད་པས་ཤེས་སོ་ཟེར་ན། སྲང་ལམ་དུ་ཡོད་པའི་གཞུང་དེ་དག་གི་མིང་དང་། བརྗོད་བྱ། དེའི་ནང་དུ་གསལ་བའི་ཉི་ནག་སོགས་ས་བདག་རྣམས་རང་རེའི་གཞུང་དང་ཇི་ལྟར་མཐུན་ལུགས་ཚད་ལྡན་ཞིག་ཤོག་ཁྲ་དང་བསྟུན་ཏེ་ཤོད་དང་ཤེས་སོ།། གལ་ཏེ། སྤྱིར་ས་བདག་ཙམ་ལ་འདྲ་བ་དང་། བྱེ་བྲག་མིང་དང་རིགས་སོགས་ཐམས་ཅད་མི་འདྲ་ཡང་རེ་ཟུང་འདྲ་བའི་ཕྱིར་རོ་སྙམ་ན། དེ་ཙམ་ནི་རྒྱ་གར་དང་། བོད་གཞུང་སོགས་སུ་ཡོད་དེ་གོང་དུ་གཞུང་འགའ་ཞིག་དྲངས་ཟིན་ལ། གཞན་ཡང་། བཻ་དཀར་ལས།
གཞན་ཡང་བྱ་རྒྱུད་ལེགས་གྲུབ་དང་།།
རྡོར་ཕྲེང་གསང་བ་སྤྱི་རྒྱུད་སོགས།།
རྒྱུད་སྡེའི་ལྟོ་འཕྱེ་བརྟག་པའི་ཚུལ།། ཞེས་དང་།
སོག་ཟློག་པས།
རྭ་ལོའི་འཇིག་བྱེད་ཕྱག་མཚན་གྱི།།
ལས་ཚོགས་མདུང་ལ་བརྟེན་པ་ལ།།
གནམ་ཐེའུ་དཀར་པོ་ཞེས་བྱ་བ།།
རྒྱལ་འགོང་ཀུན་གྱི་སྣ་འདྲེན་པ།།
ཞེས་དང་ཕྱག་མཚན་བཅུ་གསུམ་པ།།
ཐོད་ཚལ་ལ་ནི་བརྟེན་པ་ལ།།
མ་མོའི་མ་དང་བདུད་ལ་དུ།།
བཙན་ལ་ཙ་དང་རྒྱལ་པོར་ར།།
ཀླུ་ལ་ན་དང་དམ་སྲིར་ཏྲི།།
གཤིན་རྗེར་ཡ་དང་ས་བདག་ས།། ཞེས་དང་།
དམུ་ནི་གྲིབ་གནོན་གདོན་ཡིན་ལ།།
འགོང་པོ་རྒྱལ་པོའི་བྱེ་བྲག་སྟེ།།
དབྱེ་ན་ས་བདག་སོ་སོར་ཡོད།།
ལྟོ་འཕྱེ་ཆེན་པོ་གཉན་ཡིན་ཏེ།།
རྣམ་སྲས་གཞུང་ལས་བཤད་པ་ཡི།།
བསེ་རག་སྲིས་རྐུན་ཐེའུ་རང་ཡིན།།
སྤྱིར་ན་ལྷ་སྲིན་སྡེ་བརྒྱད་པོ།།
རྣམ་ཤེས་ཚོགས་བརྒྱད་རང་མདངས་ཡིན།།
རྒྱ་བོད་གཉིས་སུ་མ་ཟད་པའི།།
ཡུལ་ཁམས་ཀུན་ཏུ་ཁྱད་པར་མེད།། ཅེས་སྡེ་བརྒྱད་དང་ལྟོ་འཕྱེ་དང་ས་བདག་རྣམས་སྨྲས་པའི་ཕྱིར་ན། ས་བདག་རྣམས་རྒྱ་གར་གྱི་ལུགས་ཡིན་ཞེས་བཤད་ན་ཅི་ཟེར། ཡང་བཻ་དཀར་ལས།
ལྔ་པ་ཁྲ་མོ་སྟོང་སྐོར་ནི།།
འཕྲུལ་གྱི་མེ་ལོང་ཕྱི་ཤོག་ཁྲ།།
མ་བུ་དང་ནི་བཅོ་ལྔ་བསྒྱུར།། ཞེས་པས་རྒྱའི་བསྒྱུར་བ་ཡིན་ནོ་ཟེར་ན། ལམ་སྲང་གི་དཔེ་ཚོགས་ནང་དུ་དེ་འདྲའི་གཞུང་ཡོད་དམ། མེད་ན་ཉིད་ཀྱིས་དྲངས་པའི་ལུང་དེ་འབྲེལ་མེད་དུ་འགྱུར་རོ། ། གལ་ཏེ། ལམ་སྲང་ན་མེད་ཀྱང་བརྒྱ་འདུའི་དྲྭ་ཐོག་ན་བཻ་དཀར་ནང་དུ་བཤད་པས་གཞུང་དེ་དག་དང་ས་བདག་རྣམས་ཡོད་དང་མེད་ཡོད་ན་ཇི་ལྟར་ཡོད་ཚུལ་རེ་རེ་ནས་སྟོན་དང་རབ་འབྱམས་པའི་མིང་སྟོང་པར་མི་འགྲོའོ།།
གཞན་ཡང་། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའི་ཐུའུ་བཀྭན་གྲུབ་མཐའ་ལས། དེར་མ་ཟད་བོད་དུ་དར་བའི་རྩིས་རྒྱུད་རྒྱ་ནས་བྱུང་བར་གྲགས་པ་འདི་དག་ཀྱང་རྒྱ་ཡུལ་དུ་མིང་ཙམ་ཡང་མི་འདུག་པས་བོད་ཞིག་གིས་བྱས་སམ་སྙམ་མོ།། ཞེས་གསུངས་པ་འདིས་ཀྱང་ཤ་གཟུག་ཟ་རྐྱང་བྱས་ན་མི་འགྲིག་པར་ར་སྤྲད་པ་མིན་ནམ།
༼ཐུབ༽ ཡང་ཁོང་གིས། དེ་ལ་ཁོ་བོས་ལན་དུ། འདི་ཁུངས་ལུང་མེད་པའི་ཧམ་བཤད་ལོང་ཤོར་དུ་སོང་བའི་གཏམ་སྟེ། དཔེར་ན། ཁྱོད་ཀྱིས་ཁྱི་ཤ་མ་ཟ། དེ་བོད་ཀྱི་བཟའ་བྱའི་ཟས་མ་ཡིན། ཞེས་སྨྲས་པའི་ལན་དུ། འོ་ན། གཡག་ཤ་དང་། ལུག་ཤ་དང་། ཕག་ཤ་དང་། ཇ་དང་། རྩམ་པ་དང་། མར་ལ་སོགས་ཁྱོད་ཀྱིས་མི་ཟ་བར་ཐལ། ཁྱོད་ཀྱིས་ཁྱི་ཤ་མི་ཟ་བའི་ཕྱིར། ཞེས་ཟེར་བ་དང་རྣམ་པ་ཀུན་ཏུ་མཚུངས་སོ། །འདི་ལྟ་བུ་རིགས་ལོག་ནི་མི་སེར་བརྙས་བཅོས་གོམས་པའི་ཧམ་བཤད་དང་། ཀླད་པར་རྩ་སྐྱོན་ཤོར་བའི་སྨྱོན་པ་མིན་པ་སུས་སྨྲ། ངན་པ་དགུ་འཛོམས་ལོ་ཐོའི་ནང་དུ་མ་བཀོད་ན། རྩིས་འབྲས་གཞན་དག་བཀོད་མི་རུང་པའི་རྒྱུ་མཚན་ཡང་དག་གང་ཡོད་ཞིབ་པར་སྨྲོས་ཤིག གསར་བཟོ་བྱས་ཚད་ཁུངས་མེད་ཡིན་ན། ཚན་རིག་གི་གྲུབ་འབྲས་ཐམས་ཅད་ཁུངས་མེད་ཡིན་པར་ཐལ། དེ་དག་གསར་བཟོ་ཡིན་པའི་ཕྱིར། ཟེར་ན་ལན་དུ་ཅི་སྨྲ། ཚན་རིག་གསར་པའི་འབྲས་བུ་མི་འདོད་ན། འོ་ན་ངན་པ་དགུ་འཛོམས་དེ་བླ་རུང་རིག་གནས་ཀྱི་རྒྱན་དུ་ལེགས་པར་ཉར་ཚགས་མཛོད་ཅིག ཅེས་ཟེར།
༼དགེ༽ བཻ་དཀར་ལེའུ་སོ་གཅིག་པའི་ནང་གི་ཉི་ནག་མ་གཏོགས་པའི་ས་བདག་གཞན་པ་རྣམས་ཆོས་ཅན། ལོ་ཐོའི་ནང་དུ་འགོད་མི་རིགས་པར་ཐལ། དེའི་ནང་གི་ས་བདག་རྣམས་རྒྱའི་རྩིས་རྙིང་པའི་ལུགས་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ཟེར་ན། ཉི་ནག་འགོད་མི་རིགས་ལ། ས་བདག་གཞན་པ་རྣམས་འགོད་རིགས་པའི་ཁྱད་པར་རྒྱུ་མཚན་དང་བཅས་ཏེ་སྨྲ་དགོས་པར་འགྱུར་ཏེ། མ་ཁྱབ་པ་དེའི་ཕྱིར། ཁྱབ་སྟེ། མགོན་པོ་ཀླུ་སྒྲུབ་ཀྱི་རྩོད་བཟློག་ལས།
མི་འདྲ་ཉིད་དེ་དེ་ཡིན་ན། །
ཁྱད་པར་གཏན་ཚིགས་བརྗོད་པར་གྱིས།། ཞེས་གསུངས་པའི་ཕྱིར་རོ།། ཁ་བ་གངས་ཅན་པའི་རྩིས་གཞུང་ནོར་བུའི་གན་མཛོད་ལ་སྣོན་འཕྲི་སྤོར་གཅོག་བྱེད་རྒྱུ་དེ་ནི། ཁྱེད་དང་ང་ལྟ་བུའི་རིག་གཞུང་ཉི་ཚེ་བ་ཙམ་ཞིག་བློ་ཡི་བཅུད་དུ་བརླམས་པའི་གང་ཟག་རེ་ཟུང་གི་ཐོབ་འོས་མིན་པས་བག་ཡོད་པར་བྱས་ན་ལེགས་པར་སེམས་སོ། །
དེ་བས་ཉིད་ཀྱི་རང་རྩོམ་ལ་རང་བདག་བརྒྱབ་སྟེ། བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་ཏུ། རང་གི་མི་རིགས་དང་རིག་གཞུང་ལ་གནོད་ཚབ་ཧ་ཅང་ཆེ་བ་མ་མང་ན་མི་ཉུང་བའི་ཚོད་དུ་སྣང་བ་དེ་རྣམས་སྣོན་འཕྲི་ཡང་དག་རེ་བྱེད་རྒྱུ་དེ་ནི། སྐུ་ཉིད་རྐྱང་པ་ལ་རག་ལས་ཡོད་པའི་འོས་འགན་ཉག་གཅིག་ཡིན་པས། དངོས་ཡོད་བོད་ཀྱི་ལོ་རྒྱུས་ལ་དུང་བ་མཚོ་ལྟར་ཟབ་པའི་སྤུན་ཟླ་རྣམས་ལ་དགོངས་དག་ཅིག་གི་དོད་དུ་སྣོན་འཕྲི་ཡང་དག་རེ་བྱེད་པར་རེ་བ་ལན་བརྒྱར་ཞུའོ། །
༼ཐུབ༽ ཡང་ཁོང་གིས། ཁྱེད་ཀྱིས་ཁུངས་སུ་དྲངས་པའི་《དགོངས་འདུས་སྐར་མཛོད་》ནི། སྤྲུལ་སྐུ་ཨོ་རྒྱན་གླིང་པས་རྒྱ་གར་དང་། རྒྱ་ནག བོན་ལུགས་རྣམས་༼ཉ་ཉུག་༽ཏུ་བསྲེས་ནས་བསྒྲིགས་ཤིང་གཏེར་མ་ཡིན་པར་བརྫུས་ཏེ། བོད་ཟླ་བཅུ་གཉིས་པ་དཔྱིད་ར་སྟག་ཟླ་འཛིན་པའི་དཔེ་ཆ་དེ། དུས་ཕྱིས་བོད་ཀྱི་ཡོངས་གྲགས་ཕུག་མཚུར་གཉིས་སུ་གྲགས་པ་གང་གིས་ཀྱང་དང་ལེན་མེད་པའི་རྩིས་དཔེ་ཞིག་རེད། སྤྲུལ་སྐུ་ཨོ་རྒྱན་གླིང་པ་ནི། རྒྱལ་བ་བཀའ་བརྒྱུད་པའི་མཁས་པ་ཆེན་པོ་འབྲི་གུང་དཔལ་འཛིན་གྱིས། 《ཆོས་དང་ཆོས་མ་ཡིན་པ་རྣམ་པར་དབྱེ་བ་ཞེས་བྱ་བ་བཞུགས་སོ།》 ཞེས་པ་ལས། ཆོས་རྒྱལ་རིན་ཆེན་གླིང་པ་དང༌། །སྤྲུལ་སྐུ་ཨོ་རྒྱན་གླིང་པ་དང༌། །ཚེ་བརྟན་རྒྱལ་མཚན་ལ་སོགས་པ། །རྫུན་གྱི་གཏེར་སྟོན་མང་པོར་བྱུང༌། །ཞེས་ཨོ་རྒྱན་གླིང་པ་གང་ཉིད་ཀྱང་གཏེར་སྟོན་རྫུན་མའི་གྲས་སུ་བཞག་ཡོད་པ་ཁྱེད་ཀྱིས་མ་མཁྱེན་ནམ། ཞེས་ཟེར།
༼དགེ༽ དགོངས་འདུས་སྐར་མཛོད་སྤྲུལ་སྐུ་ཨོ་རྒྱན་གླིང་པས་གཏེར་བྱོན་མིན་ཏེ། ཨོ་རྒྱན་སངས་རྒྱས་གླིང་པས་ཀོང་ཡུལ་སྤུ་རུ་ཕུག་མོ་ཆེ་ནས་གདན་དྲངས་པའི་གཏེར་ཆོས་ཚད་ལྡན་ཡིན་ཚུལ་མི་དབང་སངས་རྒྱས་རྒྱ་མཚོའི་བཻ་དཀར་གཡའ་སེལ་དང་། དགེ་རྩེ་པཎྜི་ཏའི་རྩིས་གཞུང་ཨུཏྤལ་སྔོན་པོའི་དོ་ཤལ་སོགས་ལས་གསལ་བས་སོ། །
ཉིད་ཀྱིས། སྤྲུལ་སྐུ་ཨོ་རྒྱན་གླིང་པས་རྒྱ་གར་དང་། རྒྱ་ནག བོན་ལུགས་རྣམས་ཉ་ཉུང་དུ་བསྲེས་ནས་བསྒྲིགས་ཤིང་གཏེར་མ་ཡིན་པར་བརྫུས་ཏེ། ཞེས་བཀའ་ལོག་དང་། དཔལ་འཛིན་གྱི་ལུང་གིས་གཏེར་རྫུན་ཡིན་པར་བཤད་པ་སོགས་ནི། ལྷ་སའི་ཁྱིས་བཟུང་ན་གཙང་པའི་ཁྱི་ལ་རྡོས་རྒྱག་པའི་དཔེ་ལས་མ་འདས། དེའི་ཚུལ་གསལ་བོར། སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱིས།
དེ་དག་རྫུན་པའི་རྫུན་ལུགས་ཅི།།
ཤེས་བྱེད་གཏན་ཚིགས་གང་ཞིག་ཡོད།། ཅེས་ཁུངས་མེད་ཀྱི་སྐུར་འདེབས་ཡིན་པར་གསུངས་པ་དང་། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསན་ཡིག་གངྒཱའི་ཆུ་རྒྱུན་གྱི་གླེགས་བམ་བཞི་པའི་ལྡེབ ༢༩༩ ལས། དབུ་རུ་དཔལ་འཛིན་སྔགས་རྒྱུད་རྙིང་མ་ཡིན་པར་རང་གི་སློབ་དཔོན་དང་འགྲས་པའི་ལན་དུ་དགག་པ་ཚིགས་བཅད་ལྷུག་སྤེལ་མ་བརྩམས་པ་ཞེ་སྡང་གི་ངན་སྨྲས་ལས་ལུང་རིག་རྣམ་དག་ཆེར་མི་འདུག་ཅིང་། ཞེས་གསུངས་པ་བཞིན་ཐུགས་མད་དོ།། གལ་ཏེ། དཔལ་འཛིན་གྱིས་བཤད་པ་ཙམ་གྱིས་དེ་ཡིན་འགྲོ་ན། དཔལ་འཛིན་ན་རེ།
གསང་སྔགས་གསར་མའི་ཁྲོད་ན་ཡང་།།
གསང་འདུས་གཉིས་མེད་རྣམ་རྒྱལ་ཆེ།།
རྡོ་རྗེ་འཇིགས་བྱེད་སམ་ལུགས་དང་།།
བདེ་མཆོག་ར་ལྀ་སུམ་ཅུ་གཉིས།།
དུས་འཁོར་ལྕེ་སྤྱང་གླུ་གར་དང་།།
ཀྱེ་རྡོར་སྐུ་གསུང་ཐུགས་གསང་མཛོད།།
ཕྱག་ན་རྡོ་རྗེ་མི་གཡོ་བ།།
རྡོ་རྗེ་ཕག་མོ་སེང་གདོང་མ།།
ཕྱག་རྒྱ་ཆེན་པོའི་རྒྱུད་འགའ་དང་།།
མགོན་པོ་དང་ནི་ལྷ་མོའི་རྒྱུད།།
བརྒྱ་དང་ལྔ་བཅུ་ལྷག་ལ་སོགས།།
རང་བཟོའི་རྫུན་རྒྱུད་དུ་མ་སྣང་།།
རྡོ་རྗེ་སྙིང་པོའི་སྨད་འགྲེལ་དང་།།
ལྷོ་པ་ཐམས་ཅད་མཁྱེན་པ་ཡིས།།
ནཱ་རོ་འགྲེལ་ཆེན་ཞེས་པའང་བྱས།། ཞེས་དང་།
ཡང་དཔལ་འཛིན་ན་རེ། འདི་ནས་རང་བྱུང་རྡོ་རྗེས་ཀྱང་རྫོགས་ཆེན་པ་རྣམས་ཀྱི་སེམས་བསྲུང་བའི་ཕྱིར་དུ་ཟོལ་གྱིས་ཁ་འཛིན་བྱས། ཞེས་སོགས་ཆོས་དང་གང་ཟག་རྫུན་པར་སྐུར་འདེབས་བྱས་ཡོད་ཚད་དོན་མཐུན་ཡིན་པར་ཞལ་བཞེས་དགོས་པར་འགྱུར་རོ།།
ཁྱེད་ལོ་རྒྱུས་རབ་འབྱམས་པ་ཞིག་ལ། ང་ལྟ་བུའི་ལོ་རྒྱུས་ཀྱི་ཐེམ་པ་བརྒལ་མ་མྱོང་བ་ཞིག་གིས་གསལ་བཤད་བྱེད་པ་མི་རིགས་ཀྱང་། མཁས་པས་འཆུགས་ན་འདོམ་གང་ཞེས་པའི་དཔེ་ལྟར། འདིར་ཉིད་ཀྱིས། ཨོ་རྒྱན་སངས་རྒྱས་གླིང་པ་དང་། སྤྲུལ་སྐུ་ཨོ་རྒྱན་གླིང་པ་གཉིས་གཅིག་ཡིན་པར་འཁྲུལ་འདུག་པས། ངོ་སྤྲོད་མདོར་བསྡུས་ཙམ་ཞུས་ན།
ཨོ་རྒྱན་སངས་རྒྱས་གླིང་པ་ནི། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་མཛད་པའི་ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་རིན་ཆེན་བཻཌཱུརྱའི་ཕྲེང་བ་ལས།༼རབ་བྱུང་དྲུག་པ། ལྕགས་འབྲུག་ཕྱི་ལོ་ ༡༣༤༠ སྐུ་འཁྲུངས༽དགོངས་འདུས་ཁོ་ན་ལའང་གཙོ་བོར་བཀའ་བབས་བརྒྱུད་པའི་ཆུ་བོ་ཆེན་པོ་ཉི་ཤུ་ཡོད་པར་གྲགས། གཏེར་ཆོས་གཞན་དང་གཞན་གྱི་ཆོས་བདག་རྩིས་ལས་འདས་པ་བཞུགས་ཤིང་།
ཀུན་གྱི་གཙོ་བོ་ནི། རྒྱལ་བའི་དབང་པོ་ཞྭ་ནག་ཅོད་པན་འཛིན་པ་བཞི་པ་ཀརྨ་རོལ་བའི་རྡོ་རྗེ་དང་། དེ་བཞིན་དུ་ཞྭ་དམར་བ་མཁའ་སྤྱོད་དབང་པོ། སྣེ་གདོང་གོང་མ་ཆེན་པོ། ས་སྐྱ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། གཡག་སྡེ་པཎ་ཆེན། ཇོ་སྟོན་མཁན་ཆེན་བསོད་ནམས་བཟང་པོ། འབྲི་གུང་ཆོས་ཀྱི་རྒྱལ་པོ་སོགས་མི་ཆེན་བླ་ཆེན་ཆེ་དགུ་བགྲང་བ་ལས་འདས་ཤིང་།
ཁྱད་པར་རྒྱ་ནག་ཏཱ་མིང་རྒྱལ་པོས། ཀརྨ་བ་དེ་བཞིན་གཤེགས་པ་གདན་དྲངས་པའི་ཚེ་ཞུ་ཡིག་ཏུ། ཨོ་རྒྱན་གྱི་གྲུབ་ཐོབ་པདྨ་འབྱུང་གནས་ཀྱི་གཏེར་ཆོས་དྲི་མ་མེད་པ་ཞིག་གདན་དྲོངས་ཤོག་ཞུས་པ་བཞིན། ༼རབ་བྱུང་བདུན་པ། ཕྱི་ལོ་༡༤༠༧མེ་ཕག༽ ཆོས་རྗེ་དེ་བཞིན་གཤེགས་པས། ཟབ་ཆོས་དགོངས་པ་འདུས་པ་དང་། ངོ་མཚར་མཐིང་གི་བུམ་པ། དམ་ཚིག་གསེར་གྱི་རྡོ་རྗེ་རྣམས་བསྣམས་ནས་བྱོན་ཏེ་རྒྱལ་པོ་ལ་ཕུལ་བས་རྒྱལ་པོ་ཐུགས་ཤིན་ཏུ་དགྱེས་ནས་སྒལ་ཚིང་གི་དམ་དང་། ན་བཟའ་ཁྱད་པར་ཅན་སོགས་ཕུལ་བར་གྲགས། ཞེས་ཨོ་རྒྱན་སངས་རྒྱས་གླིང་པའི་གཏེར་ཆོས་བླ་མ་དགོངས་འདུས་གཏེར་ཆོས་ཚད་ལྡན་ཡིན་པར་གསུངས་ཡོད་དོ།།
ཡང་དེ་ལས། སྤྲུལ་སྐུ་ཨོ་རྒྱན་གླིང་པ་ནི། ལྷ་སྲས་མཆོག་གྲུབ་རྒྱལ་པོའི་སྐྱེ་བ་བདུན་པ། གཡོ་རུ་གྲྭ་ནང་གི་ཡར་རྗེ་ཞེས་པར་ ༼རབ་བྱུང་ལྔ་པ། ཕྱི་ལོ་ ༡༣༢༣༽ ཆུ་མོ་ཕག་གི་ལོ་ལ་སྔགས་རྒྱུད་ཁྱད་པར་ཅན་དུ་སྐུ་འཁྲུངས། རྟེན་སྔགས་བཙུན། མཐུ་དང་སྨན་རྩིས་སོགས་ལ་མཁས་པར་སྦྱངས། དགུང་ལོ་ཉེར་གསུམ་པར་བསམ་ཡས་མཆོད་རྟེན་དམར་པོ་ནས་གཏེར་གྱི་ཁ་བྱང་བཞེས་ཏེ་ཡར་ལུང་ཤེལ་བྲག་གི་རྒྱབ་ཕྱོགས་བྲག་པདྨ་བརྩེགས་པའི་ཤེལ་ཕུག་ངོ་མཚར་ཅན།
ཨོ་རྒྱན་ཆེན་པོས་བདུད་རྩི་སྨན་སྒྲུབ་གནང་བའི་གནས། ཞི་ཁྲོའི་ལྷ་ཚོགས་རང་བྱུང་དུ་བཞུགས་པའི་སྒོ་སྲུང་ཁྱབ་འཇུག་ཆེན་པོའི་དབུ་གོང་མ་རྣམས་ནས་བསྐྱེད་རིམ་བླ་མ་བསྟན་གཉིས་སྐོར་གསུམ་ཞི་དྲག ཐུགས་རྗེ་ཆེན་པོ་པདྨ་སྙིང་ཐིག རྫོགས་ཆེན་ཚེ་སྒྲུབ། ཨ་ཏི་སྤྱི་ཏི་ཡང་ཏི་ལ་སོགས་རྫོགས་པ་ཆེན་པོའི་སྐོར་ཏེ་བླ་རྫོགས་ཐུགས་གསུམ། རྩ་བའི་དབུ་གསུམ་གྱི་ནང་ནས་ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཆེན་མོ་ཆོས་ཚན་བརྒྱ་དང་སུམ་ཅུ་སོ་གཉིས། མགྲིན་པ་ནས་ཞི་ཁྲོ་བཀའ་འདུས། མཁའ་འགྲོ་ཁྲོས་ནག མགོན་པོ་མ་ནིང་གི་སྐོར། ཐུགས་ཀ་ནས་པདྨ་བཀའ་ཡི་ཐང་ཡིག་ཆེན་མོ། སྨད་སྦྲུལ་མཇུག་གི་ནང་ནས་ཡེ་ཤེས་མགོན་པོ་ལྷ་མང་གི་རྒྱུད་སྒྲུབ་ཐབས་ལས་ཚོགས། སྨན་དཔྱད། བསྟན་པ་སྲུང་བའི་གདམས་ཟབ། ཕྱག་དང་སྦྲུལ་མཇུག་ལྷག་མ་རྣམས་ནས་ཕན་གནོད་ཀྱི་ལས་ཐབས་དང་། བཟོ་རིག་པ་ཏྲ་སོགས་མཐའ་ཡས་པ་སྤྱན་དྲངས་པས་ཟབ་གཏེར་གྱི་མཛོད་ཆེན་པོ་བརྡོལ། ཞེས་སྤྲུལ་སྐུ་ཨོ་རྒྱན་གླིང་པ་དང་། ཨོ་རྒྱན་སངས་རྒྱས་གླིང་པ་གཉིས་སོ་སོར་གསུངས་ཡོད་པ་དང་། གཏེར་སྟོན་དང་གཏེར་ཆོས་ཚད་ལྡན་དུ་བསྟན་ཡོད་དོ།།
ཉིད་ཀྱིས་བྲིས་པའི་ཡིག་ནོར་རྣམས་ནི། ཐོག་མར་ལེགས་སྦྱར་སྐད་ཀྱི། ན་མོ་གུ་རུ་དྷརྨ་ཀ་རཱ་༼ར༽ཡེ། ཞེས་བཀོད་པ་ལ་སྐད་དོད་གཞན་རྣམས་མ་ནོར་མོད་ཀྱི། འབྱུང་གནས་ཀྱི་སྐད་དོད་ཀ་རཱ་ཞེས་པའི་རཱ་ལ་རིང་ཆ་ནོར་ཏེ། ཌུཀྲྀཉ྄་བྱེད་པ་ལའོ། །ཌུ་ཉ྄་གཉིས་ཀ་རྗེས་འབྲེལ་ཡིན་པས་དབྱི།
མི་བྱེད་པ་དང་། ལྷན་གཅིག་པ་དང་། ཕྱག་འཚལ་བ་དང་། བོར་བ་དང་། ལོགས་སུ་བཀར་བ་དང་། རྗེ་བོ་ལ་སོགས་པ་རྣམས་ཀྱིས་ཀྱང་ངོ་། །ཞེས་པས་རྣམ་དབྱེ་བཞི་པའི་གཅིག་ཚིག་ངེ་ཡི་རྐྱེན་བྱིན། ངེ་ལ་ཨཀ྄འོ། ཞེས་པས་ཨཀ྄་ཨཱ་ག་མའི་རྐྱེན་སྟེར། ཀ྄་ཡིག་རྗེས་འབྲེལ་ཡིན་པས་དབྱི།
ཀ་ལཱ་པའི་མདོ་ལས་གསུངས་པ་ལྟར། རིམ་པ་ལས་མ་འདས་པར་ཕྲི་བར་བྱའོ། །ཞེས་པས། ཀ་ལས་རྀ་ཕྲལ། ཀ྄་དབྱངས་མེད་དུ་སོང་། བྱིངས་ཀྱི་ཡོན་ཏན་ནོ།། ཞེས་པས། རྀ་ཨར྄་དུ་བསྒྱུར། ང་ཡིག་ནི་ཁྱད་པར་གྱི་དོན་ཡིན་པས་དབྱི། སྲོག་གི་ཡི་གེ་ཨེ་བཞག དབྱངས་ལ་ཨེ་ཨཡ྄འོ། ཞེས་པས། ཨེ་ཨཡ྄་རུ་བསྒྱུར། དབྱངས་མེད་པ་ཕ་རོལ་ཏུ་ཡང་དག་པར་སྦྱར་རོ།། ཞེས་པས། ཡ྄་སྲོག་མེད་ཨཀ྄འི་ཨ་དང་མཚམས་སྦྱར་བས། ཡ་གྲུབ།
དེ་བཞིན་ར྄་སྲོག་མེད་ཨེ་ཨཡ྄འི་ཨ་དང་མཚམས་སྦྱར་བས། ར་གྲུབ། ཀ྄་སྲོག་མེད་ཨར྄འི་དང་མཚམས་སྦྱར་བས། ཀ་གྲུབ། ཀ་ར་ཡ། ཞེས་པ་འདི་ལ་ཚིག་གྲོགས་སྦྱར་ན། དྷརྨ་ཀ་ར་ཡ། བོད་སྐད་དུ་བསྒྱུར་ན་ཆོས་ཀྱི་བྱེད་པོའམ། ཆོས་ཀྱི་འབྱུང་གནས་གང་ལ་བསྒྱུར་ཀྱང་རུང་ངོ་།། དེས་ན། ན་མོ་གུ་རུ་དྷརྨ་ཀ་ར་ཡ། འདི་ལྟར་བྲི་དགོས་སོ།།
འདིར་སྒོ་ཁྱིམ་ཅན་རྣམས་བཅོས་རྟགས་ཡིན་ནོ།།
ཉམས་༼ཉམ༽ཆུང་བོད་འབངས་མནར་བའི་ ལོང་༼ལང་༽ཤོར་དེས། །
རང་ཉིད་ཆེ་བར་ རློམམ་༼རློམས་༽པའི་བཀའ་བཀྱོན་འདི། །
ཧམ་ཚད་ཆེན་པོས་ གདིང་༼གདེང༽འཇོག་གནང་
ལོ་རྒྱུས་རིག་པའི་སློབ་གྲྭའི་སྒོ་ ཐོན་༼ཐེམ༽ཙམ་ཡང་བརྒལ་མ་མྱོང་བ་
བོན་ལུགས་རྣམས་ཉ་ ཉུག་ཏུ་༼ཉུང་དུ་༽བསྲེས་ནས་
རྒྱ་སྐད་རང་སོར་ འཇོག་༼བཞག་༽ཡོད་པ་དཔེར་ན
གསར་མ་དེ་ལས་ལྡོག་པ་སྟེ། ཅེས་༼ཞེས་༽སོགས་
རྒྱ་ནག་ལུགས་ཡིན་ པ་༼པའི་༽སྒྲུབ་བྱེད་ཁྱེད་ཀྱིས་དྲངས
ཐུགས་བསམ་བཞེས་ ཞིང་༼ཤིང་༽བཀའ་མོལ་གནང་
རྨོངས་དད་ཀྱི་ཁོངས་སུ་ འབོར་༼བོར་༽ཟིན་སྟབས།
པེ་ཏུའུ་ ༼བརྒྱ་འདུ།༽
དྲྭ་རྒྱ། ༼དྲྭ་དང་རྒྱ་དོན་དོན་གཅིག་པས་ཟློས་སྐྱོན་རེད།༽
རང་རེ་སྐྱ་སེར་ཁྱད་ པའི་༼པས་༽གུས་དར་ཡིན།
གཞན་ཡང་ཉིད་ཀྱིས། ས་ཕྱོགས་དང་། ཆོས་བརྒྱུད་སོགས་ལ་དམའ་འབེབས་དང་། ཟུར་ཟའི་ཚིག་མཚོན་དང་། འབྲེལ་མེད་ཀྱི་སྐྱོན་བརྗོད་སོགས་སྔོན་གྱི་དཔེ་མཚོན་དང་འདྲ་བ་མང་ཡང་། དེ་ནི་ང་ཚོ་བོད་གངས་ཅན་པའི་མ་འོངས་པའི་གཞོན་སྐྱེས་ཚོ་ལ་བག་ཆགས་ངན་པ་འཇོག་བྱེད་ཙམ་ལས་མེད་པས། རང་གཞན་ཀུན་གྱིས་ནམ་ཡང་ཕྱོགས་རིས་དང་། ཕྲག་དོག གྲུབ་མཐའི་ཆགས་སྡང་སོགས་འདི་དང་ཕྱི་མར་བདག་གཞན་ཕུང་ལ་སྦྱོར་བའི་ལས་དེ་དག་གཞར་ཡང་བྱེད་པར་མ་གྱུར་ཅིག ཅེས་སྨོན་ལམ་འདེབས་པ་ལགས་སོ།།
ཞེས་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གྲྭ་ཆེན་མོ་ནས་གངས་ལྗོངས་རྩིས་རིག་སྨྲ་བའི་གྲལ་མཐར་གནས་པ་དགེ་དཔལ་གྱིས་བོད་རབ་རྒྱན་ཤིང་རྟ་ལོའི་རྒྱལ་ཟླ་བའི་དཀར་ཕྱོགས་རྒྱལ་བ་གཉིས་པར་སྦྱར་བ་དགེའོ།། །།
མཁས་པའི་མཁས་རྩོད་རེད་དམ་ལྐུག་པའི་གླེན་རྩོད་རེད་།
རྒྱལ་རབས་ཤོག་སྙིགས་བསྔོགས་ནས་དཀྲུགས་དཀྲུགས་མང་པོ་མ་གཏོང་།
སྙིགས་དོར་བཅུད་ལེན་བྱས་ནས་གསར་བརྗེའི་ལམ་བཟང་སྤེལ་དགོས་།
གསར་བརྗེའི་ལམ་བཟང་བརྒྱུད་ནས་སྤྱི་ཚོགས་བདེ་སྐྱིད་བསྐྲུན་དགོས་།
ཡང་ཉོག་བཤད་སྐྱག་པ་ལས་ཀྱང་དྲི་མ་ཆེ་བ་ཞིག་སྤེལ་འདུག རྩོམ་ཡིག་འདིའི་ནང་ཕྱོགས་རིས་ཀྱི་དྲི་མ་དང་། གླེན་ལྐུག་གི་རུལ་ཐིག བླུན་པོའི་གཏམ་འཆལ་གྱིས་གང་བས་རྩིས་རིག་ལ་མྱོང་གོམས་ཅུང་ཟད་ཡོད་མཁན་ཞིག་གིས་བལྟས་ན་གཡས་སུ་ཡོ། གཡོན་དུ་གུག དཀྱིལ་ནས་ཆད་པའི་རྩོམ་ཡིག་ཅིག་ཏུ་མཐོང་།
རྒྱ་བོད་ཀྱི་རྩིས་ལ་ཡིད་ཆེས་མེད་ལ། དིང་སང་ཕན་ཐོགས་ཀྱང་མེད། རྗེས་ལུས་ཀླད་པ་ལྗང་ཁུའི་ཤེས་རིག་རེད།
རྒན་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་བོད་ཡིག་ཚིག་གཏེར་ཆེན་མོ་བསྒྲིགས་པའི་ནང་ལ་ནོར་བ་ཧ་ཅང་མང་རབས་ཟེར་ནས་རྩོམ་དེ་འདྲ་འདུག བསྡུར་ནས་བལྟས་པ་ཡིན། ངོ་མ་ནོར་བ་དེ་དག བདེན་པ་རེད་འདུག ཨ་ཁ་ཁ་བསམ་བྱུང་། བོད་ཡིག་ཚིག་གཏེར་ཡིག་ནོར་དང་དོན་ནོར་ཧ་ཅང་མང་པོ་ཅན་དེས་རྒན་ལགས་ཁོང་གི་རླུང་རྟ་རྒུད་བཅུག་སོང་།
ཡིག་ནོར་མང་སར་རླུང་རྟ་ཆགས་ཀྱི་ཡོད་ན། ངྷ་རམ་ས་ལ་ལས་ཡིག་ནོར་མང་ས་ཞིག་ལོ་རྒྱུས་ནང་བྱུང་ཡོད་ཀྱི་མ་རེད། གོང་དུ་དྲངས་པའི་ཡིག་ནོར་དེ་དག་མང་ཆེ་བ་བཏགས་ནོར་ཤོར་བ་རེད་འདོད། གང་ལྟར་རྒན་ལགས་ཀྱིས་བན་བོན་གཉིས་ཀྱི་འབྲེལ་བར་བསྲེས་སླད་མེད་པར་བརྗོད་པ་དེ་ནི་སྔར་གྱི་དོན་ནོར་ཡོ་བསྲང་གནང་བ་ཞིག་ཡིན་པས། ཡི་རངས་དང་གུས་བཀུར་ཞུ་མི་འོས་སམ།
མཁས་དབང་ཐུབ་བསྟན་ཕུན་ཚོགས་ལགས་ནི་དེང་རབས་བོད་ཀྱི་མཁས་དབང་ཞིག
ཡིན་པར་མ་ཟད་བོད་ཀྱི་ལོ་རྒྱུས་ལ་དྲང་ཚུགས་དང་ཕྱོགས་རིས་མེད་པར་ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པར་ཆ་བཞག་ནས་བཤད་པ་དེ་ལ་འགའ་ཞིག་གིས་འཕྲག་དོག་གིས་ཟུར་ཟ་བྱེད་པ་དེ་ནི་ཆོས་ལུགས་ཀྱི་ལྟ་བ་ཕྱོགས་ལྷུང་གི་བསམ་ཚུལ་ལས་མ་འདས།
དགེ་ཐུབ་བསྟན་ཕུན་ཚོགས་རྒྱལ་རབས་ལོ་རྒྱུས་སོགས་བོད་ཀྱི་རིག་གནས་གང་ས་ཅི་ཐད་ལ་ལྟ་རྒྱ་ཐོས་རྒྱ་ཅན་ཞིག་ཡིན་པ་སྨྲོས་མེད་རེད། ཡིན་ནའང་ཡིག་ནོར་མང་པོ་འབྲི་མཁན་ཞིག་ཡིན་མིན་ཁོང་གི་དགག་རྩོམ་སྔ་ཕྱི་གཉིས་ལ་ཞིབ་གཟིགས་གནང་ན་ཤེས། ཚིག་གཏེར་ཆེན་མོ་ཞིག་སྒྲིག་གི་ཡོད་ན་དེའི་ནང་ཡིག་ནོར་མང་པོ་ཡོང་རྒྱུ་ཡིན་པ་ཟུར་བལྟས་ལེབ་མཐོང་རེད། དེ་ལ་ཞུ་དག་གཏོང་མཁན་ཚོགས་ཆུང་དེ་འདྲ་མེད་ན་ཚར་རེད་འདོད།
རྩིས་རིག་ལ་མཁས་པ་ཡིན་ན་བོད་ཤོར་དུས་རྩིས་ནང་ག་རེ་བྱས་ནས་མ་གསལ་
བ་རེད་རྩིས་རིག་མཁས་པ་ཚོ་གཉིིད་ཤོར་བ་རེད་པས་ རྩིས་དང་རིག་གནས་ཟེར་
བ་དེ་མི་སྒེར་གྱི་བལྟོ་གོས་འཚོལ་བྱེད་རེད་་རྩིས་རིག་་ཤེས་ནས་ས་ལམ་གྱི་འབྲས་བུ་ཐོབ་པའི་ལོ་རྒྱུས་གོ་མ་མྱོང་རྩིས་་ལ་ཡིད་ཆེས་ཡོད་ན་རང་བཙན་དང་དབུ་
མ་གང་ལ་ཕྱིན་ན་བོད་དོན་འགྲུབ་ས་རེད་རྩིས་སྐོར་དང་ཧ་ཧ་ཧ་བགད་མོ་ཤོར་
སོང་
བོད་ཤོར་དུས་ཐུབ་བསྟན་ཕུན་ཚོགས་ལགས་དགུང་ལོ་ག་ཚོད་ཡིན་ནམ། དེ་དུས་ཁོང་རྩིས་རིག་ལ་མཁས་པ་ཆགས་ཟིན་ནམ། དེ་ལྟར་ན་བོད་ཤོར་དུས་སྔགས་པ་མཐུ་ཆེན་པ་རྣམས་ཀྱིས་རྒྱ་དམག་བཟློག་མ་ནུས་པ་ཡིན་ནམ། དགེ་བཤེས་ཆེན་མོས་ཐལ་བཟློག་འཕེན་མ་ནུས་སམ། གཞུང་པོད་ཆེན་ལྔ་ལ་མཁས་པས་རྒྱ་དམག་གིས་བོད་ཟ་རྒྱུ་ཡིན་པར་རྟགས་ལས་རྟོགས་མ་ནུས་སམ། དེ་ལྟར་ནུས་ཅིས་ཕྱིར་མ་བཟློག་པ་དང་ཐལ་བས་མ་འཕེན་པ་དང་རྩ་ཆེའི་རྒྱུ་ནོར་རྣམས་དང་པོ་ནས་ཅིའི་ཕྱིར་མ་སྦས་སམ་ཅིའི་ཕྱིར་དང་པོ་ནས་མ་བྲོས་སམ། རྒྱ་འོག་ཏུ་ཅིའི་ཕྱིར་ཤི་དགོས་ཐུག་བསམ། ཡང་ན་ནང་བསྟན་འདི་ཡང་དཀོར་ཟ་བྱེད་ཙམ་ཡིན་ནམ། ཧཧཧ་ཁྱབ་མཚུགས་ཀྱི་རིགས་པ་རེད་དྷ
དགེ་དཔལ་ལགས་ཀྱིས་དགག་ལན་རྒྱུ་མཚན་བཀོད་ནས་བྲིས་པ་དེར་མངོན་པར་བསྟོད་དོ།།
འདི་འདྲའི་རིག་གནས་བགྲོ་གླེང་ནི་ཡོད་ན་ཧ་ཅང་ལེགས། ལྷག་པར་དུ་བོད་ཕྱི་ནང་གཉིས་ན་ཁེ་ཕན་དང་སྙན་གྲགས་འབའ་ཞིག་གཉེར་ཞིང་། བོད་ཀྱི་རིག་གནས་མཁས་དབང་དང་སློབ་དཔོན་ཆེན་མོ་ལ་སོགས་པར་རློམ་པ་ཁ་ཅིག་གིས། དེང་རབས་ཚན་རིག་གམ་དེང་རབས་སློབ་གསོའི་ཕྱི་ཤུན་རེ་གྱོན་ཏེ་རང་མི་རིགས་ཀྱི་རིག་གནས་ལ་དམིགས་པ་ཅན་གྱི་བརྙས་བཤད་དང་ལོག་འགྲེལ་བྱེད་པས་ན། དེའི་རིགས་ལ་ངེས་པར་དུ་ལུང་རིགས་གཉིས་ཀྱིས་དགག་སྒྲུབ་གནད་དུ་འཁེལ་བ་བྱ་དགོས།
ཨེ་མ་ཧོས་འབོག་མ་ཡག་པོ་བླང་འདུག་།
ཐུབ་ཕུན་དང་དགེ་དཔལ་གཉིས་ལ་དགེ་རྒ།ན་ཡག་པོ་རག་འདུག་།
ཨེ་མ་ཧོ་ངོ་མཚར་ཆེ་ཁོང་གཉིས་ལ་རོགས་པ་གནང་་བར་ཐུགས་རྗེ་ཆེ་།