དགེ་འདུན་བསྟན་འཛིན།
རྒན་མིའུ་ཐུང་ལགས་ནི་རྒྱལ་ས་ཀ་ཋ་མན་ཌུའི་བོད་ཀྱི་སློབ་གྲྭ་ག་གེ་མོའི་བོད་ཡིག་དགེ་རྒན་རྙིང་ཤོས་དང་དྲག་ཤོས་དེ་རེད། ཁོང་དགུང་ལོ་ཆེ་རུང་སྐུ་གཟུགས་ཆུང་བས་ན་མཚན་དེ་ལྟར་ཐོགས། ཁོང་གི་ཁ་ནས་བོད་ཀྱི་རིག་གཞུང་མ་གཏོགས་གླེང་རྒྱུ་མེད་ལ། སེམས་ལ་བོད་ཀྱི་རིག་གཞུང་མ་གཏོགས་བསམ་རྒྱུ་མེད། ཁོང་གིས་བོད་ཀྱི་འུར་ཐག་དང་མེ་ཆ། རྩམ་ཕོར། རྔ་ཕྱགས་སོགས་ཅ་ལག་རྙིང་བའི་རིགས་དང་། ས་སྣ་ཆུ་སྣ། ཤིང་སྣ་རྡོ་སྣ་ཚུན་ཆད་ཉར་ཚགས་དམ་པོ་བྱས་ཡོད། དེ་ནི་ཁོང་རང་ཉིད་བོད་ཀྱི་རིག་གཞུང་ལ་དུང་ཞེན་དང་གཅེས་སྤྲས་ཆེ་བའི་དན་རྟགས་འཁྲུལ་མེད་ཅིག་ཡིན་པར་ངོས་འཛིན་བྱེད་ཅིང་། དོན་ལའང་དེ་ལྟར་ཡིན་པ་སྨོས་མེད་རེད།
ཁོང་གིས་སློབ་མ་རྣམས་ལ་བསླབ་བྱ་གནང་སྐབས། ཁྱོད་ཚོས་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་སྙམ་ན། བོད་སྐད་གཙང་མ་བཤད་དགོས་པར་མ་ཟད། ངེས་པར་དུ་བོད་ཟས་རྩམ་པ་ཟ་དགོས་པ་དང་། བོད་ཆས་ཕྱུ་པ་གོན་དགོས་ཞེས་ཟེར།
གཟའ་པ་སངས་ནམ་ཡིན་ལ་ཁོང་གིས”བོད་ཀྱི་རིག་གཞུང་གི་སློབ་ཚན་”སྟེ་རྩམ་པ་རྫི་ཚུལ་དང་འུར་རྡོ་འཕེན་སྟངས་སོགས་སློབ་ཅིང་། རྩམ་པ་རྫི་ཚུལ་སློབ་སྐབས་སློབ་མ་ཚོས་མིག་ཧྲིག་གེར་ལྟ་རྒྱུ་ལས། རྣ་བས་ཉན་རྒྱུ་དང་ལག་པས་འབྲི་རྒྱུ་ཅི་ཡང་མེད་དེ། ཁོང་གིས་བོད་ཇ་ཁོག་ལྟིར་གང་དང་། རྩམ་པ་རྩམ་ཕོར་གང་། དཀར་ཡོལ་གཅིག་བཅས་འཁྱེར་འོངས་ནས་འཛིན་གྲྭའི་ནང་གི་དགེ་རྒན་གྱི་རྐུབ་སྟེགས་སྟེང་དུ་བདེ་བར་བཞུགས་རྗེས། ཁོག་ལྟིར་སྐྱོམ་སྐྱོམ་ལན་འགའ་བཏང་ནས་ཕོར་བའི་ནང་ལ་ཇ་ཏོག་ཙམ་བླུགས། རྩམ་ཕོར་ནང་ནས་རྩམ་པ་བླུགས་ཏེ་ལག་པ་གཡོན་པའི་སོར་མོ་ལྔས་ཕོར་བ་གཡོན་དུ་བསྐོར། ལག་གཡས་པའི་གོང་མཛུབ་ཀྱིས་རྩམ་པའི་མཐའ་ནས་བསྣོས། ཅུང་ཙམ་ནས་མཛུབ་མོ་ལྷག་མ་གསུམ་ཡང་གོང་མཛུབ་ཀྱི་ར་མདར་སྦྲན་ཏེ་ཕོར་བ་གཡོན་དང་རྩམ་པ་གཡས་སུ་བསྐོར་བས་པག་གོང་ཞིམ་མདོག་ཁ་བོ་ཞིག་ལས་སླ་བོ་བྱས་ནས་བརྫིས་ཚར། དེ་ནས་པག་གོང་བྱིའུ་སྒོང་ལྟ་བུ་རེ་བཅད་དེ་ཟ་བ་དང་ཆབས་ཅིག དཀར་ཡོལ་ནང་གི་ཇ་ཧུབ་རེ་འཐུང་བར་བྱེད།
ཁོང་ལ་ལོ་མང་པོར་སློབ་ཁྲིད་བྱས་པའི་ཉམས་མྱོང་ཡོད་པས་ན་དུས་ཚོད་ཅི་ཙམ་ཟིན་པ་བློ་ལ་ཁྲིགས་སེ་ཡོད་པས་ཏིང་ཏིང་བརྡུངས་པ་དང་ཁོང་གི་སློབ་ཚན་ཚར་བ་དུས་མཉམ་རེད། སྐབས་རེར་སློབ་མ་རྣམས་ཐང་སྟོང་དང་རི་མགོར་འཁྲིད་ནས་འུར་རྡོ་འཕེན་སྟངས་སློབ་ཅིང་། སུས་འུར་སྒྲ་དང་བཅས་ཏེ་རྒྱང་རིང་ལ་འཕེན་ཐུབ་ན་དེ་ལ་བསྔགས་བརྗོད་ཚད་མེད།
བར་སྐབས་ཤིག་ལ་ཁོང་ལ་གློ་བུར་ཐོག་རྒྱག་གི་བསམ་ཚུལ་གསར་བ་ཞིག་སྐྱེས། དེ་ནི་བོད་ཀྱི་རིག་གཞུང་ལ་ཞིབ་འཇུག་དང་དག་ཐེར་བྱ་རྒྱུ་དེ་རེད། གལ་ཏེ་དེ་ལྟར་བྱེད་ཐུབ་སོང་ན་མངའ་བདག་ཁྲི་རལ་སྐབས་སུ་བོད་ཡིག་ལ་སྐད་གསར་བཅད་ཀྱི་དག་ཐེར་མཛད་པའི་བྱ་བཞག་རླབས་ཆེན་དེའི་མཇུག་བསྐྱངས་པ་ཡིན་སྙམ།
ཁོང་གིས་ཉིན་འགར་ཉིན་མོའི་ཟས་དང་མཚན་མོའི་གཉིད་བཅག་ནས་འདང་ཡང་ཡང་བརྒྱབ། དེབ་ཡང་ཡང་བཀླགས། ཡིན་ནའང་རང་ལ་དགོས་པ་ཅི་ཡང་མ་རྙེད་པས་ཡི་མུག་སྐྱེས། དེ་ཙམ་ན་གློ་བུར་དུ་ཅི་ཞིག་ཡིད་ལ་འཁོར་བྱུང་། ཁོང་གིས་བསམ་བློ་ཡང་གཏོང་བསྐྱར་གཏོང་ལན་འགའ་བྱས་རྗེས། “རེད། དེ་ག་རང་རེད། ང་རང་ནོར་མི་སྲིད།” ཅེས་ཁེར་ལབ་ཅིག་བརྒྱབ། ད་ཆབ་བསང་བཏང་ནས་སྐྱིད་པོ་ཞིག་ཉལ་དགོས་སྙམ་ནས་ཕྱི་རོལ་ལ་བུད། ནམ་ལངས་ཟིན། ཁོས་ནམ་ལངས་ཟིན་པ་ད་གཟོད་ཤེས།
རྒན་མིའུ་ཐུང་ཏིང་ཏིང་མ་བརྡུངས་གོང་ནས་འཛིན་གྲྭར་ཕེབས་ནས་སློབ་མ་ཚོར་བསྒུགས་ནས་བཞུགས་འདུག ཁོང་གི་ཞལ་རས་ལས་མངོན་པ་ནི་སྤྲོ་སྣང་གི་འཛུམ་མདངས་འབའ་ཞིག་ཡིན་པ་ལས་ཉོབ་སྣང་གཏན་ནས་མེད་པས་མདང་མཚན་གང་བོར་གཉིད་མ་ཁུག་ཟེར་ན་སུ་ཡང་ཡིད་ཆེ་དཀའ།
ཏིང་ཏིང་བརྡུངས་པ་ན་སློབ་མ་རྣམས་སློབ་ཁང་དུ་འབྱོར་ཞིང་། ཁོང་གིས་སྔ་ས་ནས་ནག་པང་སྟེང་དུ་ཡིག་གཟུགས་ཤིན་ཏུ་ལེགས་པོར་བྲིས་པའི་” སོས་སློབ་སྦྱོང་ཡག་པོ་བྱས་ན་སོ་ཡག་པོ་ཆགས་ཀྱི་རེད།” ཞེས་པ་དེ་ལ་མཛུབ་མོ་བཙུགས་ཏེ། “ཁྱོད་ཚོས་ཀློགས་དང་། གཟབ་གཟབ་བྱས་ནས་ཀློགས་དང་། སུས་འདིའི་དོན་གོ་ཐུབ།” ཅེས་འཛུམ་དང་བཅས་ཏེ་དྲིས།
སློབ་མ་ཚོས་ཅི་ཡང་མ་གོ་བ་འདྲ་སྟེ་སུས་ཀྱང་ལན་མ་བཏབ། ཚང་མ་ངོ་གདོང་ནག་རོག་གེར་གནས། “ཁྱོད་ཚོས་ཤེས་ཀྱི་མ་རེད།” རྒན་མིའུ་ཐུང་གིས་དེ་སྐད་ཟེར་བཞིན་སྐེ་ཆིངས་ཀྱི་མདུད་པ་ལ་ལག་པ་འཆང་ཙམ་དང་། དེའི་སྣེ་མོ་ནང་མ་འཐེན་ཙམ་བྱས་ཏེ། “ཁྱོད་ཚོས་ག་བར་ཤེས་ཀྱི་རེད། ཁྱོད་ཚོ་ཕར་ཞོག ཁོ་ཚོས་ཀྱང་ཤེས་ཀྱི་མ་རེད།” ཅེས་སྤོབས་ཉམས་དང་བཅས་ཏེ་སྨྲས། དེ་ནི་ཁོང་གི་ནམ་རྒྱུན་གྱི་བཤད་སྲོལ་ཞིག་སྟེ། ཁྱོད་ཚོ་ནི་སློབ་མ་ཚོ་དང་ཁོ་ཚོ་ནི་དགེ་རྒན་གཞན་དག་རེད།
“ངས་བོད་ཀྱི་རིག་གཞུང་ལ་ཞིབ་འཇུག་བྱས་ནས་གནད་དོན་འདི་གསར་བཏོད་བྱས་ཡོད། འདི་སྔོན་ཆད་སུས་ཀྱང་ཤེས་ཡོད་པ་མ་རེད།” ཁོང་གིས་མུ་མཐུད་ནས་”བོད་སྐད་ནང་སོ་སོ་ཞེས་སོ་གཉིས་ཡོད་པ་དེ་ཡི་གེ་མང་རོགས་རང་རེད། བྱས་ཙང་ང་། གཅིག་གཡུགས་ནས་གཅིག་རང་བཞག་ན་ལས་སླ་པོ་དང་སྟབས་བདེ་པོ་ཡོད་རེད།”
“རྒན་ལགས། སོ་སོ་ཞེས་སོ་གཉིས་མེད་ན། སོ་གཅིག་པོ་དེ་ཁའི་སོ་དང་ནོར་གྱི་མ་རེད་དམ།” སློབ་མ་ཞིག་ཡར་ལངས་ནས་དྲི་བ་དྲིས་བྱུང་།
“ཁྱོད་ཚོ་ནོར་གྱི་རེད། ཁྱོད་ཚོ་ཕར་ཞོག ཁོ་ཚོ་ཡང་ནོར་གྱི་རེད། ཁྱོད་ཚོ་དང་ཁོ་ཚོ་ལ་སོ་གཉིས་ཀྱིས་མ་ཚད། གསུམ་ཡོད་ན་ཡང་ནོར་གྱི་རེད།” དེ་མ་ཐག་ཁོང་གི་ཞལ་རས་ནག་རོག་གེར་གྱུར། ཁོང་གི་ཐུགས་ལ། རང་ཉིད་ཀྱིས་དཀའ་སྤྱད་འབད་འབུངས་བྱས་ནས་གསར་དུ་བསྒྲུབས་པའི་བྱ་བཞག་ལ་མ་མཐར་ཡང་རང་གི་སློབ་མ་ཚོས་དགའ་བསུ་བྱེད་ངེས་རེད་སྙམ། དེར་བརྟེན། དྲི་བ་དེ་ལྟ་བུ་ནི་ཁོང་གི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་སྨོས་ཅི་དགོས།
དེ་ལྟ་ནའང་རྒན་མིའུ་ཐུང་སེམས་ཤུགས་ཆག་མེད་དེ། ཁོང་གིས་མུ་མཐུད་ནས་ཞིབ་འཇུག་བྱས། རང་ལ་ཡོད་པ་དང་སློབ་གྲྭའི་དཔེ་མཛོད་ནས་གཡར་བའི་དཔེ་དེབ་རྣམས་ཟླ་བ་འགར་ཉིན་ཀློག་མཚན་ཀློག་བྱས། ཁོང་གཞི་ནས་དཀའ་གནད་ཅིག་ལ་ཐུག དེ་ནི་”སྲིད་ཇུས་”དང་”སྲིད་བྱུས་”རེད།
“མིང་གཅིག་དོན་གཅིག་ལ་དག་ཆ་མི་འདྲ་བ་འདི་ལྟ་བུ་ནི་ཏན་ཏན་ནོར་བ་རེད།” ཁོང་གིས་ཚིག་འདི་བསྐྱར་ཟློས་ཡང་ཟློས་བྱས། འོན་ཀྱང་། གང་ནོར་གང་དག་མ་ཤེས་པར་ཡུན་རིང་ལུས། བསམ་བློ་ཇི་ལྟར་བཏང་ཡང་ཐག་མ་ཆོད་པས། ཁོང་ཡི་མུག་སྐྱེས་ནས་མིག་ཆུ་ཤོར། བོད་ཀྱི་རིག་གཞུང་ལ་དངོས་གནས་ཉམས་ཆག་བྱུང་འདུག་ཨང་སྙམ། ཞིབ་འཇུག་ཇི་ལྟར་བྱས་ཀྱང་སྡོམ་ཚིག་འཇོག་མ་ཐུབ། དེར་བརྟེན། མཇུག་མཐར་བླ་མ་ཡག་པོ་ཞིག་ལ་ཞུ་རྒྱུ་བྱས།
རྒན་མིའུ་ཐུང་ནམ་མ་ལངས་གོང་ནས་ཕྱག་འཚལ་བླ་མའི་སྒོ་རྩར་སླེབས། བླ་མའི་དྲུང་དུ་པུས་མོ་བཙུགས་ཏེ་རང་གི་ལོ་རྒྱུས་དང་ཞིབ་འཇུག་གི་བརྒྱུད་རིམ། དེའི་ཁྲོད་ནས་བྱུང་བའི་དཀའ་ངལ་རྣམས་མིག་ཆུ་ཐ་ར་ར་བྱས་ནས་ཞུས། ཕྱག་འཚལ་བླ་མ་དབུ་འཐོམས་པ་འདྲ་སྟེ་ཡུད་ཙམ་ལ་གྲག་འགུལ་མེད་པར་བཞུགས་ཤིང་གློ་བུར་དུ་ཅི་ཞིག་དྲན་སོས་པ་ལྟར་མོ་རྡེལ་ཅོག་ཙེ་སྟེང་དུ་ཁྲོག་སེ་ལན་གསུམ་གཡུགས། དེ་ནས་འདི་ལྟར།
“དེ་གཉིས་ལ་ཁྱད་པར་མེད་ལེ་འདྲ།།
ཅི་བྱས་རུང་མོ་ནི་ཡག་མོ་གདའ།།
ཁྱོད་དོན་མེད་སེམས་སྡུག་མ་བྱེད་རོགས།།
ད་ལོངས་ལ་ཕྱི་ལ་འགྲོ་རོགས་བྱོས།།
ང་དད་ལྡན་མང་པོས་སྒུག་ནས་ཡོད།།”
རྒན་མིའུ་ཐུང་འདྲ་འབག་བཞིན་དུ་གཡོ་འགུལ་མེད་པར་ཕྱག་འཚལ་བླ་མའི་ཞལ་ལ་ཧྲིག་གེར་བལྟས་འདུག བླ་མས་ཕྱག་གིས་ཕྱིར་རྒྱུགས་ཤིག་པའི་བརྡ་བསྟན་པ་ན་རྒན་ལགས་ད་གཟོད་ཡར་ལངས་ནས་ཕྱག་གསུམ་འཚལ། བལྟས་ཚོད་ལ་ད་གིན་ཕྱག་འཚལ་རྒྱུ་བརྗེད་ནས་ད་ལྟ་འཚལ་བ་འདྲ་བར་སྣང་ཡང་། དོན་ལ་ཕྱག་འཚལ་བླ་མས་མོའི་ཁ་དམར་ཚིགས་སུ་བཅད་དེ་གསུངས་པས་རྒན་ལགས་སེམས་ཁོང་ནས་དད་པ་སྐྱེས་པས་རེད།
རྒན་མིའུ་ཐུང་ལགས་ཇ་ཁང་ཞིག་ལ་འཛུལ་ནས་ཞོགས་ཇ་འཐུངས། མིག་གིས་ཕོར་བ་ལ་ལྟ་བཞིན་སེམས་ལ་ཕྱག་འཚལ་བླ་མ་དྲན། ད་བར་དུ་ཁོང་བླ་མ་ཡག་པོ་ཞིག་ཡིན་སྙམ་པ་ལས་འདི་འདྲའི་མཁས་པ་ཞིག་ཡིན་པ་ཧ་མ་གོ་བ་ལ་འགྱོད་པ་གཏིང་ནས་སྐྱེས། བློ་ཕམ་པ་ཞིག་ལ་ཕྱག་འཚལ་བླ་མའི་ཁམས་སྐད་དམ་དྲགས་པའི་དབང་གིས་ཞལ་ནས་གསུངས་པ་དེ་ཚིགས་བཅད་ཅིག་ཡིན་པ་ཤེས་པ་ལས། ཚིག་འབྲུ་རེ་རེ་བཞིན་མ་གོ་བ་དེ་རེད། “གང་ལྟར་དེ་རིང་ཁོང་ལ་བསྟོད་པ་ཞིག་རྩོམ་དགོས།” ཁོང་གིས་འདི་ལྟར་དྲན་ཞིང་ལྟོ་ཕད་ལས་སྙུག་ཤོག་བླངས་ནས་འབྲི་བར་བརྩམས། བྲིས་བསུབས་ཡང་ཡང་བྱས་ནས་ཤོག་གྲངས་གཉིས་གསུམ་ཞིག་ལོང་རྗེས། ད་གཟོད་གཙང་བཤུས་བྱས་པ་ནི།
“ཕྱག་ཕུལ་བླ་མ་རུ་སྟོད་པའི་འབྲི་རྩོམ།
ཕྱག་ཕུལ་བླ་མ་ཞུ་བས་བླ་མ་ཁོང་།
བླ་མ་འདྲ་འདྲ་ནང་ནས་འདྲ་མིན་ཡིན།
བླ་མ་ཚང་མ་ཁོང་རང་འདྲ་ཡིན་ན།
བོད་མི་ཚང་མས་སྡུག་པོ་མྱོང་དགོས་མེད།”
ཁོང་གིས་ཤུབ་བུར་ལན་འགའ་བཀླགས་རྗེས་གདོང་ལ་འཛུམ་ཞིག་ལངས་པ་ནི་ཡིད་ཚིམ་པའི་རྟགས་ཡིན་པར་གདོན་མི་ཟ། འོན་ཀྱང་། རྩ་བའི་རྩ་དོན་འགྲུབ་མེད་པས་ཡིད་ལ་བྲེལ་བ་ལངས། དེ་མ་ཐག་བཅོ་བརྒྱད་ཁྲི་ཆེན་ཡིད་ལ་འཁོར་བས་རྐུབ་སྟེགས་སྟེང་ནས་ཏགས་སེ་ལངས།
འཕགས་པ་ཤིང་ཀུན་ནས་མཆོད་རྟེན་ལ་འགྲོ་བའི་མོ་ཊར་སྒུག་སྐབས། གློ་བུར་དུ་འདི་ལྟར་བསམས། བྱ་བཞག་རླབས་ཆེན་སྒྲུབ་པ་ལ་དཀའ་ལས་རྒྱག་དགོས་པས། མོ་ཊར་བསྡད་དེ་འགྲོ་བ་ལས་གོམ་བགྲོད་བྱས་ན་རླབས་ཆེ་བའི་ཁར་གཟི་བརྗིད་ཀྱང་ཆེ་སྙམ་ནས་གཞུང་ལམ་དེད་ནས་རྐང་ཐང་ལ་སོང་། རླངས་འཁོར་གྱི་དུ་བ་དང་ལམ་ཁའི་ས་རྡུལ། ནམ་དུས་ཀྱི་སྨུག་པ་བཅས་ཀྱི་ཁྲོད་ནས་རྒན་མིའུ་ཐུང་གསལ་བ་ནས་རབ་རིབ་དང་། རབ་རིབ་ནས་མི་སྣང་བར་གྱུར།
ས་སྲོད་ཙམ་ལ་ཁོང་སློབ་གྲྭར་ལོག་འོངས། གོམ་སྟབས་ཤིན་ཏུ་དལ་ཞིང་གདོང་ལ་ཐལ་མདོག་ཤར། རྩེད་ཐང་དུ་རྩེ་བཞིན་པའི་བྱིས་པ་ཚོར་གདོང་གཏད་ནས་ཕྱིན། དེ་དག་དང་ལྷན་ཅིག་ཏུ་རྩེད་མོ་རྩེ། ངོ་མ་བྱིས་པ་ཞིག་དང་མཚུངས།།
༼དགེ་འདུན་བསྟན་འཛིན་གྱི་ངོ་དེབ་ནས་དྲངས།༽
ཡག་པོ་ཞིག་བྲིས་འདུག ཕྱག་འཚལ་བླ་མ་དེ་ངོ་ཤེས་ཀྱི་ཡོད།
རྒན་མིའུ་ཐང་ཞུ་བ་འདི་བལ་ཡུལ་སྣེ་ལེན་ཁང་གི་སྒོ་འགྲམ་ནས་མཐོང་མྱོང་བ་འདྲ། ཁོང་ཨེ་ཡིན་ན། པར་གཅིག་ཡོད་ན་ཏག་ཏག་ཡིན། ཁོང་ཡིན་ན་གཟུགས་པོ་ཧ་ཅང་གི་ཐུང་ཐུང་རེད།
རྩོམ་ཡིག་འདི། རྒན་མིའུ་ཐུང་ལ་དམའ་འབེབ་རེད་དམ། བསྟོད་ར་བཏང་བ་རེད། ཕལ་ཆེར་དམའ་འབེབས་ཡིན་ཤས་ཆེ། ཁོང་བོད་ཡིག་དགེ་རྒན་རྙིང་ཤོས་ཤིག་གིས་སོ་སོ་དང་། སོ་གཉིས་ནོར་ས་ཡོད་པ་མ་གོ ད་དུང་སྲིད་བྱུས་དང་། སྲིད་ཇུས་གཉིས་དོན་གཅིག་ཡིན་པ་ཡང་མ་ཤེས། དེའི་དོན་དུ་དཀའ་ལས་ཚད་མེད་རྒྱབ།
འདི་ནི་དགེ་རྒན་ཞིག་ལ་དམའ་འབེབས་བྱས་པ་མིན་མོད། དགེ་རྒན་འགའ་ཞིག་གི་བོད་ཡིག་གི་ཆུ་ཚད་བརྗོད་པ་ཡིན། ངོ་མ་ཡིན། དགེ་རྒན་འགའ་ཞིག་ནི་བྱེད་འབྲེལ་གྱི་ཁྱད་ཙམ་ལའང་རྨོངས་པས། རྩོམ་ཡིག་འབྲི་མི་ཤེས་ལ། གཞན་གྱིས་བྲིས་པའི་དོན་ཡང་མི་གོ ཡིད་སྐྱོ་བ་ཞིག་ནི་ཁོ་ཚོས་རང་ཉིད་ཀྱིས་མི་ཤེས་པ་ངོས་མི་ཟིན།