དགེ་འདུན་བསྟན་འཛིན།
ཉིན་ཞིག་ངས་འཕགས་ཤིང་གི་ཛམ་བྷ་ལའི་ཟ་ཁང་དུ་ཇ་འཐུང་བཞིན་ཡོད་པའི་སྐབས་སུ། ཧ་ཅང་མཐོང་མྱོང་ཡིན་པ་ལྟ་བུའི་མི་དར་ཡོལ་ཞིག་ངའི་གམ་དུ་འོངས་ནས། “ཁྱེད་་་་་་་་ཁྱེད་་་་་་་རང་རྡོ་་་་་་་་་་རྗེ་ཡིན་ནམ།” ཟེར།
“ཨངང་་ ཡིན། ང་ཡིན།” ཁོའི་གདོང་གི་རྣམ་འགྱུར་ལས་གཟབ་ནན་གྱི་ཉམས་ཤིག་མངོན་འདུག་པས། ང་ཅུང་ཟད་མི་བདེ་བ་ལྟ་བུ་བྱུང་ནས་དེ་སྐད་བརྗོད། ‘མི་འདི་སུ་རེད་དམ།’ ངའི་སེམས་ལ་དེ་ལྟར་དྲན་བཞིན་པའི་སྐབས་སུ། ཁོས་ཁོ་རང་ངོ་སྤྲོད་བྱས་བྱུང་། “ངའི་མིང་ལ་ཚེ་་་་་ཚེ་རིང་ཟེར། མི་ཚོས་ང་ལ་རྒན་་་་མི་་་་་་་་་་མིའུ་་་་་་་་ཐུང་ཞེས་འབོད་ཀྱི་རེད།”
“ཨ་ཙི་་་་་་” ང་ཧ་ལས་ཤིང་ཧོན་འཐོར་ནས་ངག་ནས་ཚིག་དེ་ཙམ་ལས་མ་ཐོན་པར་ལུས། རྒན་མིའུ་ཐུང་ཞེས་པའི་རྩོམ་དེ་ནི་ངས་ལོ་འགའི་གོང་དུ་བྲིས་པའི་བརྩམས་སྒྲུང་ཞིག་ཡིན། དངོས་གནས་རྒན་མིའུ་ཐུང་ཞེས་པ་ཞིག་ངའི་ཉེ་འཁོར་ན་ཡོད་པ་ཡིན་ནམ། ངས་བྲིས་པའི་བརྩམས་སྒྲུང་<<རྒན་མིའུ་ཐུང་>> ནང་གི་མི་སྣ་གཙོ་བོ་རྒན་མིའུ་ཐུང་ནི། ངའི་རྣམ་རྟོག་གི་པིར་གྱིས་གསར་བཞེངས་བྱས་པའི་སྣང་བརྙན་ཞིག་ཡིན་པ་མ་གཏོགས། དོན་དངོས་སུ་ང་ཚོའི་སྤྱི་ཚོགས་ནང་ན་ཡོད་པའི་མི་ཞིག་མིན། དེ་རིང་ཁོ་དངོས་སུ་ངའི་རྩ་ལ་འོངས་པ་འདི་རྨི་ལམ་ཡིན་ནམ་དངོས་གནས་ཡིན། “ཨ་ལེ། ཡ་ཡ། བཞུགས་བཞུགས།” དེའི་མོད་ལ་ངའི་སེམས་པ་ཅུང་ཟད་རྣལ་ལ་འབབ་ཐབས་བྱས་ཏེ། དེ་སྐད་སྨྲས།
ཁོ་ངའི་ཁ་གཏད་དུ་ཡོད་པའི་རྐུབ་སྟེགས་ཤིག་གི་སྒང་ལ་བསྡད་པ་དང་། དེའི་ཚེ་ཞབས་ཞུ་བ་སླེབས་པས་ཁོས་བོད་ཇ་མངགས། ངས་མངར་ཇ་བཏུང་ཚར་ལ་ཉེ་བས་སྒ་སྦྲང་སྐྱུར་འབྲས་ཀྱི་བཏུང་བ་ཞིག་མངགས། རྐང་བཙུགས་ནས་ང་བཙལ་ནས་འོངས་པའི་མི་ཞིག་ལ་དོན་དག་ཅིག་མེད་པ་ག་ལ་སྲིད། འོན་ཀྱང་། ཁོས་ང་ལ་ལྟ་ཙམ་དང་མཆུ་ཏོ་འགུལ་ཙམ་བྱེད་པ་ལས་ཅི་ཡང་བརྗོད་མ་བྱུང་། ཧ་ལམ་བཤད་རྒྱུ་ཞིག་ཡོད་ཀྱང་། བཤད་བདེ་བོ་མེད་པ་ལྟ་བུར་སྣང་། ད་བྱས་དུས་སྐད་ཆའི་མགོ་འཛུགས་རྒྱུ་དེ་ངའི་ལས་འགན་རེད་ཤག
“རྒན་ལགས། ཁྱེད་རང་དེ་རིང་་་་་་”
“ཁྱེད་རང་གིས་་་་་་་་་་ངའི་སྐོར་ལ་་་་་་་་་་་་་་་་བྲིས་པའི་་་་་་་་་་་་་རྩོམ་དེ་་་་་” ངས་ཁ་གྲག་མ་ཐག་ཁོ་ཁ་གྲགས་བྱུང་། ཧ་ལམ་སྐད་ཆ་ཞིག་ཁོའི་སེམས་ནས་མིད་པ་བརྒྱུད་ནས་ལྕེ་རྩེ་ལ་སླེབས་གྲབས་ཡོད་དུས་ངའི་ཁ་ནས་ཚིག་ཐོན་པ་དང་། དེ་མ་ཐག་ཁོའི་སྐད་ཆ་དེ་ལྕེ་རྩེ་ལ་སླེབས་ཏེ་འགོག་མ་ནུས་པར་ཁ་ནས་ཐོན་པ་ལྟ་བུར་མངོན། ཡིན་ནའང་། དེ་མ་ཉིད་དུ་ཁོའི་སྐད་ཆ་འགགས་སོང་། དེས་ངའི་སེམས་ལ་འཚབ་སྣང་བསྐྱེད་ཅིང་། གདོང་པ་ཡང་ཅུང་ཟད་ཚ་བོར་གྱུར་པ་ཚོར། ཁོའི་སྐད་ཆ་དེ་མགོ་ཙམ་ལས་མ་ཐོན་རུང་། ཁོས་ཅི་ཞིག་བཤད་འདོད་པ་ངས་ཧ་ལམ་ཧ་གོ་སོང་། ངས་བྲིས་པའི་བརྩམས་སྒྲུང་དེ་དངོས་བྲིས་རེད་སྙམ་ནས་ང་ལ་རྙོག་དྲ་བཤད་དུ་འོངས་པ་རེད། མི་འགའ་ཞིག་གིས་བརྩམས་སྒྲུང་ཀློག་སྐབས། དེ་བརྩམས་སྒྲུང་ཡིན་པ་མ་ཤེས་པར་རྩོམ་པ་པོ་ལ་རྙོག་དྲ་བཤད་ཀྱི་ཡོད་པ་རེད། གལ་ཏེ། ཁོས། ཁྱོད་ཀྱིས་ང་ལ་དམའ་འབེབས་བྱས་འདུག་ཅེས་ཁ་མཆུ་བརྒྱབ་ན། ངས་ཅི་ཞིག་བྱ་དགོས་པ་ཡིན་ནམ། ངའི་ཡིད་ཀྱི་མཚོ་མོ་དོགས་པའི་རླབས་ཀྱིས་དྲག་ཏུ་བསྐྱམས་བྱུང་།
“དངོས་གནས་བྱས་ན་་་་་་་་་་་ངས་ཁྱེད་རང་ལ་སྔ་ས་ནས་་་་་་་་་ཐུགས་རྗེ་ཆེ་ཞུ་དགོས་ཡག་རེད་དེ། ་་་་་་་་” ཁོའི་སྐད་ཆ་སླར་ཡང་འགགས་སོང་། འོན་ཀྱང་། ངའི་བློ་བདེ་ལ་བབས་སོང་། ཁོ་ང་ལ་རྙོག་དྲ་བཤད་དུ་འོངས་པ་མིན་པ་གསལ་བོ་རེད། གལ་ཏེ། རྙོག་དྲ་བཤད་མཁན་ཡིན་ན། ཐུགས་རྗེ་ཆེ་ག་ལ་ཟེར། ད་གིན་གྱི་ཚོད་དཔག་ནོར་འདུག །ད་བྱས་ན་ཡང་སྙིང་ཁོས་ང་ལ་ག་རེ་བཤད་འདོད་པ་ཡིན་ནམ།
ངེད་གཉིས་ཕན་ཚུན་ངོ་ཤེས་མ་ཐག་ཡིན་པས། ཁོས་སྐད་ཆ་ལྷུགས་པོར་བཤད་བདེ་བོ་མེད་པ་འདྲ། དེ་བས་ངས་ཐབས་ཤེས་ཤིག་བཙལ། དེ་ནི་ཅི་བགྲོས་མོལ་བགྲོས་བྱེད་རྒྱུ་དེ་རེད། ངེད་གཉིས་ཀྱིས་ཇའི་བྲོ་བ་དང་སྐོར་ལམ་ནང་གི་མི་ཚོགས་དང་འདམ་ཉོག་སོགས་གླེང་། སྐབས་དེར་ང་ལ་ཚོར་སྣང་བྱུང་བ་ནི། ཁོའི་གདོང་པ་ལ་འཛུམ་ལང་རྒྱུ་ཇེ་མང་དུ་གྱུར་པ་དང་། ཁ་ནས་སྐད་ཆ་འགག་རྒྱུ་ཇེ་ཉུང་དུ་གྱུར་པ་དེ་རེད། དེར་བརྟེན། གླེང་མོལ་དངོས་གཞི་མགོ་འཛུགས་པ་ལ་ཐག་ཉེ་རུ་ཉེ་རུ་འགྲོ་བའི་སྣང་བ་བྱུང་། ངེད་གཉིས་ཀྱིས་ཆུ་ཚོད་ཕྱེད་ཀ་ཙམ་ལ་ཅི་འཕྲོས་མོལ་འཕྲོས་བྱས་རྗེས་ཁོ་ལོག་ཕྱིན་སོང་། ཡིན་ནའང་། ཁོ་ལ་དམིགས་བསལ་གྱི་སྐད་ཆ་འདི་ཟེར་བ་ཞིག་བཤད་རྒྱུ་མེད་པར་ང་ལ་ངོ་ཤེས་བཟོ་བའི་དོན་དུ་འོངས་པ་ཡིན་པ་ངས་ཧ་གོ་སོང་། ཁོ་ཕྱིན་པ་དང་། ང་གནས་དེར་རང་འཇགས་སུ་བསྡད་ནས་བསམ་གཞིག་བྱས། ཁོ་ཕྱིན་ཚར་མོད། ཁོའི་ལུས་ཀྱི་ཆ་བྱད་དང་གདོང་གི་རྣམ་འགྱུར་སོགས་ངའི་རྩ་རུ་བསྐྱུར་ནས་ཕྱིན་པ་དང་འདྲ། ངས་ཁོ་མཐོང་མ་མྱོང་རུང་། མཐོང་མྱོང་ཡོད་པ་ལྟ་བུ་བྱུང་བ་ནི་ངས་བྲིས་པའི་རྒན་མིའུ་ཐུང་དང་ཁོ་གཉིས་ཧ་ཅང་འདྲ་བའི་དབང་གིས་རེད། ཁོའི་གཟུགས་ཐུང་ལ། གཉའ་བའང་ཐུང་བས། རྒྱབ་ནས་བལྟས་ན་མ་ནེ་བྲང་ལ་འབྱར་མེད་འགྲོ་སྙམ་པ་འབྱུང་། ངའི་མིག་བཙུམས་པ་ན། ཁོའི་དམར་ལ་སྨུག་པའི་བཞིན་རས་དང་ཟུམ་ལ་ཁད་པའི་མིག་ཟུང་ནི་གློག་བརྙན་ཞིག་དང་འདྲ་བར་ངའི་ཡིད་ཀྱི་རས་གཞི་ངོས་སུ་གསལ་ལྷང་ངེར་གནས་འདུག །
རྒན་མིའུ་ཐུང་དང་ངེད་གཉིས་ངོ་ཤེས་པ་ནས་བཟུང་སྟེ་སྐབས་རེར་ཇ་ཁང་དུ་ཐུག་པ་དང་། མཚམས་རེར་སྐོར་བ་ལ་མཉམ་དུ་འགྲོ་བ་སོགས་བྱས། དེའི་བརྒྱུད་རིམ་ནང་དུ་ངས་ཁོ་ལ་རྒྱུས་ལོན་མང་ཙམ་བྱེད་ཐུབ་པ་བྱུང་བ་སྟེ། དཔེར་ན། སྔོན་ཆད་སློབ་གྲྭའི་དགེ་སློབ་རྣམས་ཀྱིས་ཁོ་ལ་རྒན་ཚེ་རིང་ཞེས་འབོད་ཀྱི་ཡོད་ཀྱང་། ངའི་བརྩམས་སྒྲུང་རྒན་མིའུ་ཐུང་ནང་གི་མི་སྣ་གཙོ་བོ་དང་ཁོ་རང་གཉིས་ཧ་ཅང་འདྲ་ཆེ་བའི་དབང་གིས་ད་ལྟ་ཁོ་ལ་རྒན་མིའུ་ཐུང་ཞེས་འབོད་ཀྱི་ཡོད་པ་དང་། ཁོ་ལ་དཀའ་ངལ་ཁག་ཅིག་འཕྲད་ཡོད་པ་སོགས་ཤེས་བྱུང་།
ཁོ་ཚོའི་སློབ་གྲྭར་བོད་དགེ་གསར་པ་ཞིག་སླེབས་ཤིང་། དེ་ནི་ས་ར་མཐོ་སློབ་ནས་ཐོན་པ་ཞིག་རེད་འདུག་པས་བོད་ཡིག་གི་ཆུ་ཚད་མཐོ་བར་བཤད་མ་དགོས། དེ་ནི་སློབ་གྲྭའི་ངོས་ནས་བཤད་ན་དོན་བྱ་བཟང་པོ་ཞིག་ཡིན་རུང་། སྟབས་མ་ལེགས་པར་རྒན་མིའུ་ཐུང་ལ་མཚོན་ན་བཀག་རྡོ་ཞིག་རེད་ཅེས་བཤད་ཆོག་པ་འདུག །དགེ་རྒན་དེ་སླེབས་རྗེས་དང་པོ་སློབ་ཕྲུག་ཚོས་ཁོང་གི་སྐད་དེ་བོད་སྐད་མ་རེད། ང་ཚོས་གོ་གི་མི་འདུག་ཅེས་གླེང་བས། རྒན་མིའུ་ཐུང་གིས་སྔར་བཞིན་སྤོབས་པ་ཆེན་པོའི་སྒོ་ནས་”བོད་ཀྱི་རིག་གཞུང་ལ་ཐོས་བསམ་སྒོམ་གསུམ་བྱེད་པའི་”བྱ་བ་ལ་འབད་པ་བྱེད་ཀྱིན་མཐོ་རིམ་དགེ་རྒན་གྱི་གོ་གནས་སྲ་ཐག་གེར་བཟུང་། ཡིན་ནའང་། ག་ལེ་ག་ལེར་སློབ་ཕྲུག་ཚོ་རྒན་ལགས་ཀྱི་ཨམ་སྐད་དང་དབུས་སྐད་འདྲེས་མའི་བོད་སྐད་ལ་བྱང་བར་གྱུར་པས། ཚང་མས་དགེ་རྒན་ཡག་པོ་ཞིག་རག་སོང་ཞེས་དགེ་རྒན་གསར་པ་ལ་བསྔགས་བརྗོད་བྱེད་མགོ་ཚུགས། དེ་ནི་རྒན་མིའུ་ཐུང་ལ་མཚོན་ན་དགའ་འོས་པ་ཞིག་མིན་ཏེ། ཁོས་སློབ་གྲྭ་འདི་ལ་བྱས་རྗེས་རླབས་ཆེན་བཞག་ཡོད་ཀྱང་། སློབ་ཕྲུག་ཚོས་བསྔགས་བརྗོད་དེ་འདྲ་བྱས་མྱོང་མེད་ལ། བོད་དགེ་གསར་པ་དེ་སླེབས་ནས་ལོ་ཤས་ལས་མ་འགོར་བས་ཁོ་ལ་དེ་འདྲའི་བསྔགས་བརྗོད་བྱེད་པ་ནི་འོས་ཤིང་འཚམས་པ་ཞིག་མ་རེད་སྙམ། ཡིན་ན་ཡང་། ཁོས་དགེ་རྒན་གསར་པ་དེའི་སློབ་ཁྲིད་ལ་ལྐོག་ཉན་ཐེངས་ཁ་ཤས་བྱས་མྱོང་བ་དང་། དེ་དག་གི་སྐབས་སུ་དགེ་རྒན་གསར་པ་དེས་རྒན་མིའུ་ཐུང་ཁོ་རང་གིས་འགྲེལ་བརྗོད་ཡིད་ཚིམས་པ་ཞིག་བྱེད་མ་ཤེས་པའི་ཐ་སྙད་མང་པོ་ཞིག་ལ་འགྲེལ་བཤད་ལས་སླ་པོ་བྱས་ནས་བརྒྱབ་བྱུང་། དཔེར་ན། འཛིན་གྲྭ་དྲུག་པའི་སློབ་ཕྲུག་ཅིག་གིས། བདག་ཅག་གི་སྟོན་པ་ཟེར་བའི་སྐབས་སུ་བདག་ཅག་ཟེེར་ན་ག་རེ་རེད་ཅེས་དྲིས་པའི་དུས་སུ། བདག་ཅག་ཟེར་ན་ང་ཚོ་ཞེས་པའི་དོན་ཡིན་པ་དང་། དེ་ནི་འདོད་རྒྱལ་གྱི་མིང་ཡིན་པས་སྒྲ་བཤད་མེད་ཟེར་བ་ན། སློབ་ཕྲུག་དེས་ཡིད་ཚིམས་པའི་སྒོ་ནས་རྒན་ལགས་ཐུགས་རྗེ་ཆེ་ཟེར་ནས་ལོག་སོང་། སྔོན་ཆད་སློབ་ཕྲུག་ཅིག་གིས་དྲི་བ་དེ་ཁོ་ལ་དྲིས་མྱོང་ལ། དེའི་སྐབས་སུ་རྒན་མིའུ་ཐུང་གིས། བདག་ལ་ཅག་པས་ན་བདག་ཅག་ཅེས་འགྲེལ་བཤད་བྱས་པས་སློབ་ཕྲུག་ཚོས་མགོ་མ་འཚོས་པར་གདོང་ལ་སྐྱུར་དྲི་ཁ་བའི་ཉམས་ཤིག་བསྟན་པ་དང་། སློབ་ཕྲུག་གཞན་ཞིག་གིས། འོ་སྐོལ་གྱི་སྟོན་པ་དང་བདག་ཅག་གི་སྟོན་པ་གཅིག་པ་རེད་དམ། འོ་སྐོལ་ཟེེར་ན་ག་རེ་རེད་ཅེས་དྲིས་པར། རྒན་མིའུ་ཐུང་གིས། “དེ་ཡང་མི་ཤེས་སམ།” ཁོས་སྐེ་ཆིངས་ཀྱི་མདུད་པ་ལ་ལག་པས་རེག་ཙམ་བྱས་པ་དང་། ཨུམ་ཞེས་མགྲིན་པ་བསངས་ནས། “བདག་ཅག་གི་སྟོན་པས་ལོ་དྲུག་ལ་དཀའ་བ་སྤྱོད་པའི་སྐབས་སུ། བུ་མོ་ཞིག་གིས་འོ་མ་བསྐོལ་ནས་ཕུལ་བ་སོང་ཙང་། བདག་ཅག་གི་སྟོན་པ་ལ་འོ་སྐོལ་གྱི་སྟོན་པ་ཡང་ཟེར་གྱི་རེད།” ཅེས་ལན་བཏབ། ཡིན་ནའང་། དགེ་རྒན་གསར་པ་དེས་འོ་སྐོལ་ཞེས་པ་ནི་ང་ཚོ་ཞེས་པའི་བརྡ་རྙིང་རེད་ཟེར་བ་ཐོས་པས། རྒན་མིའུ་ཐུང་གིས་དང་པོ་ཧུམ་ཞེས་ཁྲེལ་དགོད་བྱས་ན་ཡང་། ཀོ་པན་དགོན་པའི་དགེ་བཤེས་ཤིག་ལ་དྲིས་པའི་ཚེ་དགེ་བཤེས་དེས་ཀྱང་དེ་ག་རང་རེད་གསུངས་པས། ཁོས་བཤད་པ་དེ་ནོར་བ་ཡིན་པར་ཤེས་ནས་རང་ཉིད་སོ་སོ་ལའང་ངོ་གནོང་བཞིན་འདུག །
རྒན་མིའུ་ཐུང་སློབ་གྲྭ་དེ་ལ་དགའ་ཞེན་ཤིན་ཏུ་ཆེ་སྟེ། དེ་ནི་ཁོ་རང་གི་ཁྱིམ་གཞིས་དང་མཚུངས་པར་སེམས་ནས་ནམ་ཡང་ཡལ་བར་འདོར་མི་ཐུབ། ཡིན་ན་ཡང་། དཀའ་ངལ་གཞན་ཞིག་གིས་ཀྱང་ཁོ་རང་སློབ་གྲྭ་དེ་དང་རྒྱང་ཁད་ཇེ་རིང་དུ་གཏོང་གི་འདུག །
ཉིན་ཞིག་གི་ཞོགས་པ། རྒན་མིའུ་ཐུང་གིས་རང་གི་ཇ་ཕོར་བུའི་ལག་ལ་བཞག་སྟེ། འདིའི་ནང་ལ་ཆུ་ཁོལ་ཏོག་ཙམ་བླུགས་ཞེས་མངགས།
“པ་ལགས། ཆུ་ག་ཚད་སྡོམ་ག” བུས་ཁོའི་ཇ་ཕོར་ནང་ལ་ཆུ་ཁོལ་ཅི་ཙམ་སྣོན་དགོས་པ་མ་ཤེས་པར་པ་ལགས་ལ་དྲིས།
“ཆུ་སྡོམ་ཟེར་ན་ག་རེ་རེད།” རྒན་མིའུ་ཐུང་རྦད་དེ་ཁོང་ཁྲོ་ལངས་ནས། “ཆུ་གསབ། ཨང་ཀི་སྡོམ། ཆུ་གསབ། ཨང་ཀི་སྡོམ།” ཞེས་མ་ཎི་བགྲང་བགྲང་བྱས།
ཁོ་རང་བོད་ཡིག་དགེ་རྒན་ཡིན་པས་སོ་སོའི་བུ་ཡིས་བོད་སྐད་ལེགས་པར་མི་ཤེས་པ་ནི་ངོ་ཚ་ཁ་སྐྱེངས་ཀྱི་གནས་ལས་མ་འདས་སྙམ་བཞིན་ཡོད་པས། ཁོའི་བུའི་བོད་སྐད་དེས་རྒྱུན་དུ་ཁོ་ལ་ཁོང་ཁྲོ་སློང་གི་ཡོད། རྒན་མིའུ་ཐུང་ནང་མི་དང་བཅས་པ་བོད་པའི་སློབ་གྲྭ་ཞིག་གི་ནང་ལ་བསྡད་ཡོད་པར་བརྟེན། ཁོའི་བུས་བོད་སྐད་གཙང་སང་ངེ་བ་ཞིག་ཆུ་བཞུར་བཞུར་བྱས་ནས་བཤད་དགོས་པ་ཡིན་མོད། འོན་ཀྱང་། བུས་བོད་སྐད་ཤོད་པའི་སྐབས་སུ། འོ་མའི་ནང་ལ་ཆུ་སྡོམ་ཟེར་བ་དང་། རྐང་འཁོར་གྱི་འཁོར་ལོའི་ནང་ལ་རླུང་བླུག་ཟེར་བ། ཕ་གིར་ཤིང་སྡོང་རྒྱགས་པ་ཞིག་འདུག་ཟེར་བ་སོགས་བོད་སྐད་ཡ་མ་ཟུང་བཤད་པར་ལོབ་པ་དེ་ནི་རྒན་མིའུ་ཐུང་གི་སྙིང་ལ་ན་ཟུག་སློང་བྱེད་རང་རེད།
སློབ་གྲྭ་དེ་ནི་བོད་པའི་སློབ་གྲྭ་ཡིན་ཏེ། ༡༩༨༠ གྱ་གྲངས་ནང་བོད་མི་ཤེས་འཇོན་ཅན་སྐོར་ཞིག་གིས་བཙུགས་པ་རེད་ལ། དེ་དུས་སློབ་ཕྲུག་ཚང་མ་བོད་ཕྲུག་ཡིན་པས་མིང་དོན་མཚུངས་པའི་བོད་པའི་སློབ་གྲྭ་ཡིན། སྟབས་ཉེས་པ་ཞིག་ལ། (ཡང་ན་སྟབས་ལེགས་པ་ཞིག་ལ།) རྒྱ་བལ་གྱི་བོད་མི་རྣམས་”ནུབ་ཕྱོགས་བདེ་བ་ཅན་”ལ་ཆུ་བཞུར་བ་ལྟར་ཆས་པས། ད་ལྟ་སློབ་གྲྭ་འདིའི་སློབ་ཕྲུག་སུམ་ཆའི་གཅིག་མ་གཏོགས་བོད་རིགས་མིན། དེ་བས། སློབ་ཕྲུག་ཚོ་ཕར་ཞོག །དགེ་རྒན་རྣམས་ཀྱང་སོ་སོས་མ་ཚོར་བའི་ངང་ནས་”བོད་སྐད་དབང་པོ་སྐྱོན་ཅན་”རྒྱག་པར་གོམས་ཡོད། དཔེར་ན། ཉིན་ཞིག་རྒན་མིའུ་ཐུང་གིས་ངས་ཇ་ཕོར་པ་དོ་བཏུངས་ཚར་ཟེར་རྒྱུའི་ཚབ་ལ། ངས་ཇ་ཕོར་པ་གཉིས་བཏུངས་ཚར་ཞེས་ཁ་ནས་ཤོར་བས་ཁོ་རང་ངོ་ཚ་ནས་གདོང་པ་དམར་པོར་གྱུར་པ་ལྟ་བུ་རེད།
སེམས་ཁམས་བདེ་བོ་མེད་པའི་ཉིན་མོ་དེར་རྒན་མིའུ་ཐུང་ལ་ཁོང་ཁྲོ་སློང་བའི་རྐྱེན་ཐོལ་པ་ཞིག་བྱུང་བ་སྟེ། ཁོ་འཛིན་གྲྭའི་ནང་དུ་སླེབས་རྗེས།
རྒྱ་མཚོའི་གོས་ཅན་ས་ལ་ཟགས་ཅིང་ཟགས། །
གངས་རི་ལྷུན་པོ་གནམ་ལ་མཐོ་ཞིང་མཐོ། །
ང་ཚོ་བོད་པ་གངས་རི་ལྷུན་པོ་བཞིན། །
འཛམ་གླིང་འདི་ཡི་སྒང་ལ་ཡག་ཤོས་ཡིན། །ཞེས་མདང་དགོང་བསམ་བློ་ཡུན་རིང་བཏང་ནས་བྲིས་པའི་རྩོམ་དེ་དཀར་པང་སྒང་ལ་ཚོན་སྨྱུག་དམར་སྔོ་ནག་གསུམ་གྱིས་ཡིག་གཟུགས་ལེགས་པར་བྲིས་ཤིང་། ཁ་སློབ་ཕྲུག་ཚོའི་ཕྱོགས་ལ་འཁོར་ནས། སུ་ཡང་རུང་བ་ཞིག་ཡར་ལངས་ནས་འགྲེལ་བཤད་བྱོས་ཤིག་ཟེར། སློབ་ཕྲུག་སུས་ཀྱང་ཡར་ལངས་ནས་འགྲེལ་བཤད་མ་བྱས་པས། རྒན་ལགས་ཀྱི་སེམས་པ་ནི་ཆབ་རོམ་གྱི་སྒང་ལ་ཁ་བ་བབས་པ་ལྟར་འཁྱག་སིབ་སིབ་ནས་གྲང་ཤུར་ཤུར་དུ་གྱུར། ཁོས་དངན་པ་རིང་མོ་ཞིག་ནར་ནར་དུ་ཕྱུང་བ་དང་། སེམས་ཅུང་ཟད་གཡེང་བར་བྱ་བའི་ཆེད་དུ་སྒེ་ཁུང་བརྒྱུད་ནས་ཕྱི་རོལ་ཏུ་ལྟ་ཙམ་བྱེད་སྐབས། རྒན་ལགས་ཀྱི་ཆུང་མ་ལྷག་སྒྲོན་གྱིས་དགེ་རྒན་གསར་པ་དེ་དང་མཉམ་དུ་སྐད་ཆ་ཤོད་ཀྱིན་ཡོད་པ་མཐོང་། ལྷག་སྒྲོན་སློབ་གྲྭའི་དཔེ་མཛོད་དོ་དམ་པ་ཡིན་པས་དགེ་རྒན་དང་སློབ་ཕྲུག་མང་པོར་སྐད་ཆ་མ་བཤད་རང་བཤད་ཡིན་པ་ཁོས་ཤེས་ཀྱི་ཡོད་ཀྱང་། ལྷག་སྒྲོན་འཛུམ་དམུལ་དམུལ་བྱེད་པའི་རྣམ་འགྱུར་དེས་ཁོའི་སྙིང་ལ་ཚ་བེ་རེ་ན་ཟུག་བསླངས། “ལྟས་ངན་ཁོ་ལ་དེ་འདྲའི་དགའ་མདོག་མདོག་བྱེད་དོན་གང་ཡིན།” རྒན་མིའུ་ཐུང་གི་སེམས་ལ་དེ་ལྟར་དྲན་པའི་མོད་ལ། ལུས་ཀྱི་ཁྲག་ཐམས་ཅད་སྟོད་ལ་འཚང་ཞིང་སྣང་སྲིད་ཐམས་ཅད་དགྲ་རུ་ཤར་བས། མདུན་གྱི་སློབ་ཕྲུག་རྣམས་ནི་ཁ་གདངས་ཤིང་མཆེ་བ་གཙིགས་པའི་གདོན་འདྲེ་གདུག་པ་ཅན་ཤ་སྟག་ཏུ་མཐོང་བ་དང་། ཁོ་ཚོ་རེ་རེ་བཞིན་ཐལ་བའི་རྡུལ་དུ་བརླག་འདོད་སྐྱེས། སློབ་མ་རེ་རེའི་གདོང་ལ་མཛུབ་མོ་བཙུགས་ནས་འགྲེལ་བཤད་བྱོས་ཞེས་བཙན་སྐུལ་བྱས་པར་མ་ཟད། འགྲེལ་བཤད་རྒྱག་མི་ཤེས་པའམ། རྒྱག་མི་འདོད་པ་རྣམས་ལ་འགྲམ་ལྕག་ཚ་ཐག་ཆོད་རེ་གཞུས། ཁ་ཤས་ལ་གཉིས་རེ་གསུམ་རེ་ཡང་གཞུས། གནས་ཚུལ་དེ་གསར་འགྱུར་ཚ་བོ་ཚ་བོ་ཞིག་ཏུ་གྱུར་ནས་སློབ་གྲྭ་ནང་ལ་ཡོངས་སུ་ཁྱབ། དགེ་རྒན་གྱིས་སློབ་ཕྲུག་རྣམས་ལ་ལེབ་རྡུང་བྱས་པ་འདི་ལྟ་བུ་ནི་སློབ་གྲྭའི་ལོ་རྒྱུས་ནང་ལ་བྱུང་མྱོང་མེད་ཅེས་གླེང་། སློབ་སྤྱིས་ལས་བྱེད་ཡོངས་ལ་བརྡ་བརྒྱབ་སྟེ་ཉིན་དེའི་དགོང་མོ་རྒན་མིའུ་ཐུང་གི་གནད་དོན་སྐོར་ལ་ཚོགས་འདུ་བསྐོང་གི་ཡིན་ཟེར།
རྒན་མིའུ་ཐུང་རང་ཤག་གི་འབོལ་སྟེགས་རྙིང་པ་དེའི་སྒང་ལ་བསྡད་ནས་རྐང་པ་ཅོག་ཙེའི་སྟེང་ལ་བསྣོལ་ནས་བཞག །ལག་པ་གཉིས་བསྣོལ་ནས་གཉའ་བ་སྐྱོར། མིག་གཉིས་ཀླད་ལ་བསྐོར་ནས་བསྡད་ཡོད་པ་དང་། སྡོད་སྟངས་དེས་ཆུང་མ་ལྷག་སྒྲོན་ལ་སེམས་ངལ་ལྷག་མ་ཞིག་བྱིན། མོ་སྨྱུག་མའི་རྐུབ་སྟེགས་ཆུང་ངུ་མུ་ར་ཞེས་གྲགས་པ་ཞིག་གི་སྒང་ལ་ཧ་ཅང་མངོན་ཆུང་ངང་བསྡད་ཡོད་ཅིང་། ལག་པ་གཉིས་ཀྱིས་ཁྱོ་བོའི་རྐང་པ་ལ་རེག་ལ་ཁད་རེ་བྱེད། དེ་ནས་ལག་པ་གཉིས་ཀྱིས་མུ་ར་སྐྱོར་ནས་འབོལ་ཁྲིའི་ཉེ་སར་བཏུད་དེ་སྐར་མ་འགའ་ཤས་ལ་ཁུ་སིམ་མེར་བསྡད་པ་དང་། དེ་ནས་”གལ་སྲིད་་” མོས་མཆིལ་མ་རྡོག་པོ་ཞིག་མིད་པ་དང་སླར་ཡང་། “གལ་སྲིད། ཕྱི་ལ་དོན་དགོས་བྱུང་ན་་་་་” མོའི་ཁ་ནས་སྐད་ཆ་དེའི་མཇུག་མ་ཐོན་པར་ལྷག
“ངའི་གོ་གནས་་་་་་ ང་མཐོ་རིམ་དགེ་རྒན་ནས་དམའ་རིམ་དགེ་རྒན་ལ་མ་ཟགས་ན། གཞན་ག་རེ་བྱུང་ན་བྱུང་།” སྐད་ཆ་འདི་རྒན་མིའུ་ཐུང་གི་ལྕེ་རྩེ་ལ་སླེབས་རུང་། ཁོས་མཆུ་ཏོ་དམ་དུ་བསྡམས་ཏེ་ཡུད་ཙམ་ལ་བསྡད་པ་དང་། དེ་ནས་མཆིལ་མ་དང་ལྷན་དུ་ཕྱིར་མིད། “ག་རེ་བྱུང་ན་བྱུང་་་་་” ཁོ་བླ་འཁྱམས་པ་ལྟར་བབ་ཅོལ་དུ་སྨྲས་པས་ཆུང་མའི་ཁ་ནས་ངུ་སྐད་ཤོར་སོང་། “ག་རེ་་་་། ག་རེ་བྱུང་ན་བྱུང་ཟེར་ཨེ།” ཆུང་མའི་མིག་མཐར་མཆི་མ་འཁོར་འདུག །མོས་མུ་མཐུད་ནས”ཕྱི་ལ་བསྡད་དགོས་བྱུང་ན་ཁང་གླ་གཅིག་པུ་སྟོང་ཕྲག་ཉི་ཤུ་སུམ་ཅུ་འགྲོ་གི་རེད། མི་གཅིག་གི་གླ་ཆས་ཁང་གླ་ཡང་འདང་གི་མ་རེད།” ཟེར། རྒན་མིའུ་ཐུང་ཡང་འགྱོད་པ་དྲག་པོས་ནོན་ཡོད་པ་འདྲ། ཁོའི་སེམས་པ་རྣལ་ལ་མ་བབས་པ་ལྟར། “ཕྱི་ལ་མ་བལྟས་ན་ཏག་ཏག་ཡིན”ཞེས་སླར་ཡང་བབ་ཅོལ་དུ་སྨྲས། ཁོའི་མིག་གིས་ད་དུང་གནམ་ལ་བལྟས་འདུག །”ག་རེ་ཟེར་གྱི་ཡོད།” ཆུང་མ་རྦད་དེ་འཐོམས་སོང་། ཆུང་མས་བསྐྱར་འདྲི་ཡང་འདྲི་བྱས་པར་བརྟེན། རྒན་མིའུ་ཐུང་གིས་སྔ་དྲོའི་གནས་ཚུལ་དྲང་པོར་མ་བཤད་རང་བཤད་ཆགས། ཆུང་མས་གནས་ཚུལ་ཞིབ་ཚགས་གོ་རྗེས་དངན་པ་རིང་མོ་ཞིག་འཐེན་པ་དང་། དེ་ནས་”ཁྱོད་རང་ང་ལ་ཡིད་ཆེས་གཏན་ནས་མེད་པ་དེ་འདྲ་་་་་་་་་” ཟེར་བཞིན་མགོ་བོ་གཡས་གཡོན་དུ་གཡུག་གིན་ཡོད་པ་ནི་ཁྱོ་བོ་ལ་རྦད་དེ་ཡིད་ཆད་པ་དང་འདྲ། རྒན་མིའུ་ཐུང་གིས་རྐང་པ་ཅོག་ཙེ་སྟེང་ནས་མར་ཕབ། ལག་པ་གཉིས་ཀྱིས་མིག་གཙོ་བོར་བྱས་པའི་གདོང་པ་ལ་ཕུར་ཕུར་ཞིག་བྱས། དེ་ནི་སེམས་པ་ཅུང་ཟད་ལྷོད་ལ་བབས་པའི་རྟགས་སུ་མངོན།
དེ་ཙམ་ན་ཁོ་གཉིས་ཀྱི་བུ་འཛིན་གྲྭ་གྲོལ་ནས་ལོག་འོངས། བུ་སྒོའི་ནང་ལ་འཛུལ་མ་ཐག”ཨ་མ། ཨ་མ། སྡུག་ཅག་མི་དེ་ཚོས་སྡུག་ཅག་སྐད་ཆ་ལབ་ཀྱི་འདུག”ཟེར་བ་གོ་བས། རྒན་ལགས་སླར་ཡང་ཁྲོས་ནས་”ལྟས་ཕྲུག་ཁྱོད། སྡུག་ཅག་མི་ལབ་དགོས་རེད་དམ། མི་སྡུག་ཅག་ལབ་དགོས་རེད།”ཅེས་བུ་ལ་མིག་ལོག་གིས་ལྟ་བཞིན་གཤེ་གཤེ་བཏང་། “ངའི་བུ་ལ་ལྟས་ཕྲུག་ལབ་ཆོག་མི་ཡོང་།” ད་ནི་ལྷག་སྒྲོན་ཡང་ཁྲོས་སོང་། “ངའི་བུ་བོད་ཡིག་ལ་ཁྱོད་རང་ནང་བཞིན་མཁས་པ་མིན་ན་ཡང་། ལོ་རྟག་པར་བོད་ཡིག་ཨང་དང་པོ་ལོན་གྱི་ཡོད།” མོས་དེ་སྐད་བརྗོད་དེ་བུ་འཁྲིད་ནས་སྒོ་ཁྲོགས་སེ་འཐེན་ནས་ཕྱི་ལ་ཕྱིན་སོང་།
བུས་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཨང་དང་པོ་ལེན་གྱི་ཡོད་པ་དང་། སློབ་ཚན་ཚང་མའི་ནང་ནས་ཨང་མཐོ་ཤོས་བོད་ཡིག་ཡིན་པས། མི་ཚོས་ཁོ་དང་ཁོའི་བུ་གཉིས་ལ་བསྔགས་བརྗོད་བྱེད་ཀྱི་ཡོད། དེ་ནི་བསྙོན་དུ་མེད་པའི་བདེན་པ་རེད། ཁོས་དེ་རིང་བུ་དང་ཆུང་མ་གཉིས་ལ་རྣམ་འགྱུར་ཆེས་མ་རུངས་པ་བསྟན་པ་ལ་འགྱོད་པ་དྲག་པོ་སྐྱེས། ཁོ་འབོལ་སྟེགས་སྒང་ལ་སྔར་བཞིན་བསྡད་ཅིང་འདས་དོན་སྣ་ཚོགས་ཡིད་ལ་བྱེད་བཞིན། ཁ་ནས་གདངས་དམའ་བའི་གཞས་འདི་འདྲ་ཞིག་གཏོང་བཞིན་མཆིས།
རྣ་ཅོག་སྔོན་ལ་སྐྱེས་སོང་།། རྭ་ཅོ་རྗེས་ལ་སྐྱེས་སོང་།། རྣ་ལས་རྭ་ཅོ་རིང་བ།། ཤ་བ་ཐུགས་བསམ་བཞེས་དང་།།
ཁོའི་མིག་མདུན་གྱི་དངོས་པོ་རྣམས་རབ་རིབ་ཏུ་གྱུར་པ་དང་། ཆུ་ཐིགས་གྲང་མོ་རེ་མིག་ཟུར་ནས་རྣ་ཅོག་ནང་ལ་བབས་པ་ན་ཁོས་ད་གཟོད་རང་ཉིད་ངུ་བཞིན་པ་ཚོར།
རྒན་མིའུ་ཐུང་ཚན་པ་དང་པོའི་དྲ་ཐག https://www.khabdha.org/?p=64698