༼འདིའི་སྐོར་ལ་ཞིབ་འཇུག་ཅིག་ཞུ་འདོད་བྱུང་སྟབས། ཡིག་ཆ་འགའ་རག་པ་དེ་སྟེང་། གོ་ཐོས་དག་ཕྱོགས་བསྡུས་ཞུས་པ་ནི་གཤམ་གྱི་འདི་ཡིན། འདིའི་སྐོར་གྱི་གོ་ཐོས་དང་དཔྱད་ཡིག་ཁུངས་སྟོན་ཡོང་རེས་འདིར་བཀོད་པ་ཡིན།༽
རྒན་རྒྱའི་མཁར་ནང་ནི། དེང་གི་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་ནས་བྱང་ངོས་ཀི་ལོ་མི་ཊར་ ༣༥ ཡི་མཚམས་སུ་ཡོད། བྱང་ངོས་རེབ་གོང་དང་ཉེ་ཞིང་། ལྷོ་ངོས་བླ་བྲང་དང་ཉེ་བ་ཡིན། ལོ་རྒྱུས་རྣམས་སུ་གསལ་བ་ལྟར་ན། མཁར་ཤུལ་འདི་ནི་སྔོན་དུས་མི་ཉག་རྒྱལ་རྒོད་ཀྱིས་མདོ་སྨད་ཀྱི་ས་ཁུལ་མང་པོར་མཁར་རྫོང་ཁ་ཤས་བཏབས་པའི་ནང་གི་གཅིག་ཡིན་པར་གསལ་ཡོད་ལ། གནས་འདི་ནི་གནའ་སྔ་མོར་མདོ་སྨད་ལྷོ་བྱང་བར་གྱི་འགྲིམ་འགྲུལ་ས་ཚིགས་གལ་ཆེན་ཞིག་ཡིན། བོད་དང་མི་ཉག རྒྱ་ནག་བཅས་ཀྱི་དམག་དོན་ཐད་འབྲེལ་བ་གལ་ཆེན་ཡོད་པའི་ས་གནས་ཤིག་ཀྱང་ཡིན་པར་བཤད་ཡོད།
བོད་སྐད་དུ་རྒན་རྒྱའི་མཁར་ནང་ཞེས་འབོད་ཅིང་། རྒྱ་སྐད་དུ་༼八角城༽ཟུར་བརྒྱད་མཁར་ཞེས་འབོད་ཀྱི་ཡོད་པ་ནི། མཁར་ཤུལ་འདི་བཞིན་མཁར་གྱང་གི་རྩིག་སྣེ་ཕྱོགས་མཐར་བརྐྱངས་རིམ་དེ་རྒྱ་གྲམ་གྱི་གཟུགས་སུ་ཡོད་པར་ཟུར་སྣེ་བརྒྱད་ཡོད་པའི་ཆ་ནས་བཏགས་པ་ཞིག་ཡིན་པར་བཤད། དོན་དངོས་སུ་མཁར་འདིའི་དབྱིབས་ནི་བོད་ལུགས་ཀྱི་གཡུང་དྲུང་རི་མོའི་གཟུགས་སུ་ཡོད་པ་ཞིག་ཡིན་སྟབས། དེང་རབས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་གཡུང་དྲུང་མཁར་ཞེས་ཀྱང་འབོད་ཀྱི་ཡོད།
དེང་སྐབས་མཁར་འདིའི་རྩིག་གྱང་གི་ཕྱི་ལྗོངས་རྣམ་པ་ལྷག་ཡོད་པ་འདིའི་ནང་། གྲོང་སྡེའི་རྣམ་པ་ཞིག་གཞིས་ཆགས་ནས་ཡོད་པ་ནི། ལོ་ཉིས་བརྒྱའི་ལོ་རྒྱུས་ཡོད་པ་ཞིག་ཡིན། དེ་ཡང་ལོ་ 200 གོང་ལ་འདིར་གཞིས་ཆགས་པའི་བོད་རིགས་དང་། ལོ་ 100 གོང་ལ་ཉིང་ཞ་ནས་འདིར་ཡོང་བའི་རྒྱ་རིགས་བཅས་དེང་སྐབས་ཁྱིམ་ཚང་ 70 ཡོད་པར་ཁྱོན་མི་གྲངས་ 500 ཡས་མས་ཡོད་འདུག
ལོ་རྒྱུས་རྣམས་སུ་གསལ་བ་ལྟར་ན། མི་ཉག་ནི་བོད་ཀྱི་རུས་ཆེན་བཞིའི་ནང་གི་ལྡོང་གི་རིགས་སུ་གཏོགས་པར་བཤད་ཡོད། མི་ཉག་རྒྱལ་རབས་ཟེར་བ་ནི་། ཕྱི་ལོ་ ༡༠༣༩ ལོར་ལྡོང་རིགས་ཚོ་སྐོར་ཁག་ཅིག་དེང་སང་ཉིན་ཞཱ་ཟེར་བའི་ས་ཆར་གཞིས་ཆགས་ནས་ཞིས་ཞཱ་ཟེར་རྒྱལ་སྲིད་བཙུགས་པ་ནས་བྱུང་བ་ཡིན། དེའི་ཆབ་འབངས་ནི། བོད་དང་། རྒྱ་རིགས། ཧོར་སོག་གི་རིགས་བཅས་འདུས་པའི་རྣམ་པ་ཅན་ཞིག་ཡིན་འདུག ཡིན་ནའང་། ཆོས་འབྱུང་མཁསད་པའི་དགའ་སྟོན་ནང་། སྲོང་བཙན་སྒམ་པོའི་བཙུན་མོ་རུ་ཡོངས་བཟའ་རྒྱལ་མོ་བཙུན་དེ་མི་ཉག་རྒྱལ་པོའི་བུ་མོ་ཡིན་པར་གསལ་བའི་མི་ཉག་གི་རྒྱལ་པོ་ནི་བཙན་པོའི་སྐབས་ཀྱི་རྒྱལ་ཕྲན་ཞིག་ཡིན་པ་ལས། ཕྱིས་ཀྱི་མི་ཉག་རྒྱལ་རབས་དེ་མིན། ཕྱིས་ཀྱི་མི་ཉག་རྒྱལ་རབས་ནི་ཕྱི་ལོ་༡༠༣༨།༡༢༢༧ བར་བྱུང་བའི་རྒྱལ་རབས་ཤིག་ཡིན་པ་དང་། སྔ་མ་ནི་ཕྱི་ལོ་༦༡༧།༦༥༠ བར་གྱི་བྱུང་བ་ཞིག་ཆགས་ཡོད།
དེང་སང་གི་ཉིན་ཞཱ་རྒྱལ་སར་བྱས་པའི་མི་ཉག་རྒྱལ་རབས་འདི་ནི། ཕྱི་ལོའི་དུས་རབས་བཅུ་གཅིག་ནས་བཅུ་གསུམ་༡༠༣༨།༡༢༢༧བར་བྱུང་བའི་མི་ཉག་རྒྱལ་རབས་དྲུག་པ་མི་ཉག་རྒྱལ་རྒོད་དུ་གྲགས་པའི་རིང་ཕྱི་ལོ་ ༡༢༢༧ ལོར་ཧོར་ཇིང་གིར་གྱིས་རྒྱལ་སྲིད་འཕྲོགས་ཏེ་རྒྱལ་ཁབ་རྩ་ཐོར་དུ་ཕྱིན། ཧོར་གྱིས་མི་ཉག་བླངས་པའི་དགའ་སྟོན་གྱི་ཟླ་བ་ལ་ཧོར་ཟླར་གྲགས་པ་འདི་བྱུང་ཞིང༌། ད་ལྟའང་མདོ་སྨད་ཁུལ་དང་ཁམས་ཁུལ་མང་བོ་ཞིག་ན་ལི་ཐོ་རྩི་ལུགས་ཀྱང་འདི་དང་བསྟུན་ནས་ལོ་སར་གྱི་ཟླ་ཚེས་དབུས་གཙང་དུ་དར་བའི་རྩིས་ལུགས་དང་མི་མཐུན་པ་བྱུང་ཡོད།
གང་ལྟར། མི་ཉག་རྒྱལ་རྒོད་ཀྱི་རིང་ལ་མདོ་སྨད་ལྷོ་བྱང་གི་ཡུལ་དུ་བཙན་འཛུལ་དང་འཁྲུག་སློང་མང་བོ་བྱས་པའི་ངག་རྒྱུན་མང་ཞིང་། རྒན་གྱ། བསང་ཁོག་སོགས་བླ་བྲང་ཉེ་འཁོར་གྱི་རི་ལུང་དག་ན་མི་ཉག་རྒྱལ་རྒོད་སྐབས་ཀྱི་ཞིང་ས་ཡིན་པར་གྲགས་པའི་རྗེས་ཤུལ་མང་། དེ་བཞིན་ད་ལྟའི་རྒན་རྒྱའི་མཁར་ནང་དང་། གཞན་ཡང་། ཧོར་གཙང་དུང་རིའི་མདུན་ངོས་སུ་མཁར་ཤུལ་ཆེན་པོ་གཉིས་ཡོད་པ་དང་། རྒན་གྱའི་སུ་རུག་གི་རྒྱབ་ངོས་དང༌། རུ་ངན་གྱི་ཉེ་འགྲམ། བསང་ཁོག་བཅས་སུའང་མཁའ་ཤུལ་ཡོད་པ་འདི་དག་མི་ཉག་རྒྱལ་རྒོད་ཀྱི་མཁར་ཤུལ་ཡིན་པར་གྲགས། མཁར་འདི་དག་ནི་ཕྱི་ལོ་༡༠༣༨།༡༢༢༧གྱི་མི་ཉག་རྒྱལ་རབས་སྐབས་བྱུང་ཞིང་། དེ་ཡང་རྒྱལ་རབས་དྲུག་པ་མི་ཉག་རྒྱལ་རྒོད་སྐབས་བྱུང་བར་དཔག་ན། ཕྱི་ལོ་ ༡༡༢༧ ནས་ ༡༢༢༧ བར་བྱུང་བ་ཞིག་ཡིན་པར་ཚོད་དཔག་བྱས་ཆོག
ཡིན་སྲིད།
མི་ཉག་དང་ཙོང་ཁ་རྒྱལ་རྒྱུད་སོགས་ཀྱི་སྐོར་ཤེས་འདོད་ན། གཅན་མུ་ཏིག་ཟེར་བ་ཞིག་གིས་བསྒྱུར་བའི་
ཙོང་ཁའི་རྒྱལ་བོ་ཞེས་པ་དེར་ལྟོས། བོད་ཀྱི་དཔེ་མཛོད་ཁང་གི་གཏམ་ཚོགས་སུ་བཀོད་ཡོད་པ་མཐོང་སོང་།
རྒན་གྱའི་མཁར་ཆེན་པོ་འདི་མཐོང་ན་གོ་བཞི་ལོར་ང་རྒན་གྱའི་བྲག་དཀར་མཇལ་སྐབས་མཁར་ཆེན་པོ་འདིའི་དཀྱིལ་ན་གཞུང་ལམ་སྐྱ་ཐག་གེ་བ་ཡོད་པ་འདི་བརྒྱུད་ནས་འགྲོ་དགོས། ལམ་སྣེ་ཕ་གའི་རི་རྒྱུ་ལ་ཐུག་ཅིང་། རི་རྒྱུ་ལ་ཉག་ཤོ་ཡོད་ས་དེར་རྒན་གྱའི་བྲག་དཀར་ཞེས་པའི་གནས་རྩ་ཆེན་པོ་དེ་ཡོད། ངའི་གྲོགས་མོ་ཕྱི་གླིང་པ་ཞིག་གིས་རྒན་གྱའི་བྲག་དཀར་སྐོར་ལ་འབུམ་རམ་པའི་སློབ་གཉེར་གནང་མྱོང་། ད་དུང་རྩོམ་ཡིག་ཐོན་མི་འདུག
འོ་རེད། དབང་གི་དཔྱད་རྩོམ་ཐུང་ངུ་འདིར་ཐ་སྙད་ཅིག་ལ་དོ་གལ་བྱུང་། དེ་ནི་༼ཧོར་སོག་༽ཅེས་པ་འདི་རེད། ༼ཧོར་༽དང་༼སོག་༽ཟེར་བ་འདི་གཉིས་ལ་འགྲེལ་བཤད་རེ་གནང་རོགས།
ཧ་ཅང་གི་མཛེས་སྡུག་ཡིད་དུ་འོང་བའི་ཡུལ་ལྗོངས་ལོ་རྒྱུས་ལྡན་པ་ཞིག་བཀོད་འདུག་ན། ཀློག་འདོད་ཤིན་ཏུ་སྤྲོ་སོང་། ག་ལེར་བསམ་ཚུལ་རེ་ཡང་བརྗོད་འདོད་ཡོད།
རྒན་གྱའི་རྒན་མོ་ཆ་བོ། ལབ་རྩེ་རིག་ན་འགྲོ་ནི་མ་ཆ་བོ་ཟེར་བ་དེ་འདི་ཡིན་པ་འདྲ། བུ་མི་དཔའ་བའི་ཡུལ་ཞིག་ཡིན་ཚོད་ཡོད་ཐལ། ཡིན་ན་ཡང་། ས་དེ་སྐྱིད་པོ་སྐྱིད་པོ་ཞིག་ཡིན་ས་རེད་འདོད་ས་ཞིག་ཡོད་ཀི། ད་རུང་། ལོ་རྒྱས་དེ་ཡང་མང་པོ་ཞིག་ཡོད་ན་ལས་ཆོག་བསམ་བསམ་ཞིག་འདུག།
རྒན་གྱའི་སྐར་མ་དང་སུ་ཡིན་ཀོ། ད་མི་དྲན་གི། ཅིག་ཡོད་རྒྱོ་ད་ཡོད་རེད་ཨ།
གནའ་གྱའི་ཚེ་ལོ།
དྲ་གྲོགས་ཤིག་གིས་གོང་དུ་བཀོད་པའི་རྒན་གྱའི་མཁར་ནང་གི་དཔར་བཅས་པའི་ལོ་རྒྱུས་རགས་བསྡུས་ཤིག་ངོ་སྤྲོད་གནང་བར་ཤིན་ཏུ་སྤྲོ། ངས་ཡང་མཁར་འདིའི་སྐོར་ཤེས་འདོད་ཧ་ཅང་ཆེ་ཡང་དཔྱད་གཞིའི་ཡིག་རིགས་དང་གནའ་བོའི་ངག་རྒྱུན་སོགས་ཁུངས་བཙུན་ཚད་ཐུབ་ཀྱི་རྒྱུ་ཆ་གང་ཡང་ལག་སོན་མ་བྱུང་སྟབས་དེ་མུར་ལྷག་སོང་། བོད་ནང་ན་ཕལ་ཆེར་མཁར་འདི་ལ་རྒྱུས་མངའ་ཆེ་ཤས་ལོ་རྒྱུས་སྨྲ་བ་རྒན་དཀོན་མཆོག་ཚེ་བརྟན་ཡིན་བསམ་ཡོད། ཁོང་ནུབ་བྱང་མི་རིགས་སློབ་གྲ་ཆེན་མོའི་དགེ་རྒན་ཡིན་ཐོག་ལ་མཁར་འདིའི་ལོ་རྒྱུས་ཤིག་བྲིས་ཡོད་པ་ཐོས་མྱོང་མ་གཏོགས་མཐོང་མྱོང་མེད། རྒན་དཀོན་མཆོག་ཚེ་བརྟན་མཆོག་གི་འཁྲུངས་ཡུལ་འདི་ཡང་རེད། ཁོང་བོད་ཀྱི་རིག་གནས་ལ་མཁས་པ་ཞིག་ཡིན་པ་མ་ཟད་བོད་ཀྱི་ལོ་རྒྱུས་སྨྲ་བའི་ཆེད་ལས་མཁས་པ་ཞིག་ཀྱང་རེད། ད་དུས་ཚོད་མི་འདུག་རྗེས་ལ་མུ་མཐུད་དུ་བསམ་ཚུལ་སྤེལ་ངེས་ཡིན།
ངོ་སྤྲོད་གནང་མཁན་ལ་ཐུགས་རྗེ་ཆེ། ངོ་སྤྲོད་ལོ་རྒྱུས་འདི་བཞིན་རྒན་ཚེ་བརྟན་ལགས་ཀྱིས་ཀྱང་ཟིན་བྲིས་སུ་བཏབ་པ་ཞིག་མཐོང་མྱོང་། འོན་ཀྱང་སྐབས་དེར་དོ་སྣང་ཆེར་མ་བྱས་སྟབས་དྲན་ཡུལ་ན་གསལ་བོ་མི་འདུག གཞན་མཁས་དབང་དམུ་དགེ་བསམ་གཏན་ཚང་གི་སློབ་ཁྲིད་འཁོར་ཐག་ཅིག་གི་ནང་མཁར་འདི་བྱུང་ཚུལ་གསལ་བོ་ཞིག་གསུངས་ཡོད།
ཁྱད་པར་མཁར་ཤུལ་འདིར་ཆགས་པའི་གྲོང་སྡེ་ཆུང་ཆུང་འདིའི་ནང་ན་མིང་ལ་གཡུང་དྲུང་ཟེར་བའི་རྒད་པོ་ཞིག་ཡོད། ངས་ཁོ་དང་མཉམ་དུ་མཁར་རྙིང་འདིའི་སྐོར་ཁ་བརྡ་བྱས་མྱོང་། ཁོང་གིས་བརྗོད་ན། མི་ཉག་ཟེར་བ་ནི་བོད་ཀྱི་བརྡ་རྙིང་གི་སྐད་ཅིག་ཡིན། དོན་ལ་མི་ཡག་ཟེར་བ་དང་འདྲ། བོད་བཙན་པོའི་སྐབས་བྱང་སྣེ་མི་སེར་རྣམས་ལྟོས་བཅས་ཀྱིས་གཟུགས་བྱད་ཡག་པོ་ཡོད་སྟབས། མི་ཉག་གམ་མི་ཡག་ཅེས་བརྗོད་པ་རེད། དེ་མིན་རྒྱལ་ཕྲན་དང་ཡང་ན་རྒྱལ་རབས་གཞན་ཞིག་མ་རེད་ལ། བོད་ཀྱི་བཙན་པོའི་སྐབས་མཐའ་སྲུང་དམགས་མཁར་དང་། རྫོང་མཁར་བཙན་པོ་ཞིག་ཡིན་ཚུལ་དང་། གཞན་མཁར་ཤུལ་འདི་ནས་མི་རོ་སོགས་རྙེད་པའི་སྔས་མགོར་ལུག་མགོ་བཏགས་པའི་རྗེས་ཤུལ་ཡོད་པ་དང་། གཡུང་དྲུང་གི་གཟེར་མིག་སོགས་རྙེད་པའི་ལོ་རྒྱུས་ལ་བལྟས་ན། བོད་ལ་བོན་ཆོས་དར་བའི་སྐབས་ནས་ཡོད་པའི་རྫོང་མཁར་ཞིག་ཡིན་ཚུལ་འགྲེལ་བརྗོད་བྱས་བྱུང་། ད་དུང་རྒན་གྱའི་མཁར་ནང་གི་མདུན་ཕྱོགས་ན་བོན་དགོན་རྙིང་པ་ཞིག་ཀྱང་ད་ལྟ་མཇལ་རྒྱུ་ཡོད་པ་སོགས་མང་པོ་ཞིག་བརྗོད་མྱོང་བ་དྲན་གྱིན་འདུག
དེ་ཙམ་ལས་དོན་དངོས་ཉམས་ཞིབ་བྱས་མྱོང་མེད།
སྔར་བྱུང་ལོ་རྒྱུས་སུ་བོད་པ་རང་གིས་མཁར་འདི་ལ་ཇི་ལྟར་འབོད་ཀྱིན་ཡོད་མེད་ཤེས་གལ་ཆེ་བ་ཡིན།མཁར་གཡུང་དྲུང་པའི་མིང་དེ་སྤྱི་ལོ་༡༩༤༩ལོར་རྒྱ་དམར་བོད་དུ་མ་ཡོང་ཡར་སྔོན་གྱི་ཡིག་ཆ་ཁག་ཏུ་མཐོང་དཀོན་པ་ཞིག་ཡིན་མོད།ཡིག་ཐོག་ཏུ་གཏན་ནས་བཀོད་མྱོང་མེད་པའང་མ་ཡིན་པར།ཁོ་བོས་ལོ་མང་བོར་དོ་སྣང་བྱས་པའི་འཇུག་འབྲས་སུ།རེབ་གོང་ཤར་སྐལ་ལྡན་སྐུ་ཕྲེང་བདུན་པས་མཛད་པའི་ཀིརྟི་སྐུ་ཕྲིང་བཅུ་བའི་རྣམ་ཐར་དུ་།//ཚེས་གསུམ་ལ་མཁར་གཡུང་དྲུང་གི་རྟ་བསུ་//ཞེ་གསལ་སྟབས་རྒྱབ་རྟེན་གི་ཡིག་ཆ་འདི་རྙེད་པ་ཡིན།ཞེས་བོད་ཀྱི་གསར་སྐྱེས་ལོ་རྒྱུས་པ་གྲགས་ཅན་ཧོར་གཙང་འཇིགས་མེད་ཀྱི་མདོ་སྨད་ལོ་རྒྱུས་ཆེན་མོ་ལས་བཤུས།
གཡུང་དྲུང་གི་གཟེར་མིག་ཟེར་ན་ག་རེ་རེད།
གང་ལྟར་ད་ལྟའི་ཆ་ལ་དཔྱད་བརྗོད་པ་མང་ཤོས་ཀྱིས་རྒྱ་ནག་གི་སུང་བྱང་མ་དང་དུས་མཉམ་པ་།བོད་རྒྱལ་བཙན་པོའི་རྒྱལ་རྒྱུད་ཇོ་སྲས་སམ་ཙོང་ཁ་རྒྱལ་བོས་མདོ་སྨད་ལྷོ་བྱང་ལ་དབང་སྒྱུར་སྐབས།མཁར་གཡུང་དྲུང་འདི་དང་།རྒན་གྱའི་སུ་རུག་གི་གནའ་མཁར་སོགས་སུ་སྲིད་འཛིན་ལྟེ་གནས་བྱས་ཏེ།རྒྱ་ནག་སུང་ལ་མཐུན་ཕྱོགས་དང་།མི་ཉག་རགྱལ་ཁབ་ལ་ཁ་གཏད་བཅལ་བ་དེ་ཁྱབ་ཆེ་ཤོས་ཀྱི་འདོད་ཙུལ་ལྟ་བུར་སྣང་།མདོ་སྨད་ལོ་རྒྱུས་ཆེན་མོ་ལས།
གང་ལྟར་ད་ལྟའི་ཆ་ལ་དཔྱད་བརྗོད་པ་མང་ཤོས་ཀྱིས་རྒྱ་ནག་གི་སུང་བྱང་མ་དང་དུས་མཉམ་པ་།བོད་རྒྱལ་བཙན་པོའི་རྒྱལ་རྒྱུད་ཇོ་སྲས་སམ་ཙོང་ཁ་རྒྱལ་བོས་མདོ་སྨད་ལྷོ་བྱང་ལ་དབང་སྒྱུར་སྐབས།མཁར་གཡུང་དྲུང་འདི་དང་།རྒན་གྱའི་སུ་རུག་གི་གནའ་མཁར་སོགས་སུ་སྲིད་འཛིན་ལྟེ་གནས་བྱས་ཏེ།རྒྱ་ནག་སུང་ལ་མཐུན་ཕྱོགས་དང་།མི་ཉག་རྒྱལ་ཁབ་ལ་ཁ་གཏད་བཅལ་བ་དེ་ཁྱབ་ཆེ་ཤོས་ཀྱི་འདོད་ཚུལ་ལྟ་བུར་སྣང་།མདོ་སྨད་ལོ་རྒྱུས་ཆེན་མོ་ལས།
རྒན་གྱའི་མཁར་ནང་གི་དཔར་འདི་ཧ་ལས་པའི་ཡག་པོ་ཞིག་རྒྱབ་འདུག མཐོང་བ་ཙམ་གྱིས་སྤྲོ་སྣང་འཕེལ་བ་ཞིག་འདུག དཔར་བ་འདི་ཕལ་ཆེར་དཔར་རྒྱག་ཆེད་ལས་པ་ཞིག་ཡིན་པ་འདྲ་དེ་མ་གཏོགས་དཔར་འདི་འདྲ་རྒྱག་རྒྱུ་ལས་སླ་བོ་མ་རེད། དཔར་འདིས་ས་ཆ་འདི་དྲན་བཅུག་སོང་། དཔར་འདི་རྒྱག་ས་ཕལ་ཆེར་རྒན་གྱའི་ཙོག་བུའི་རྒྱབ་རིའི་སྒང་ཡིན་ས་རེད་བསམ་བསམ་ཞིག་འདུག ངས་དྲ་གྲོགས་ཚོར་ས་ཁུལ་འདི་ངོ་སྤྲོད་ཐུང་ངུ་ཞིག་བྱེད་དགོས། ས་ཆ་འདི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བྱང་རྒྱུད་ལ་ཆགས་པའི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་རྔམ་བརྗིད་ལྡན་པའི་སྤང་རིའི་ཡོངས་སུ་སྐོར་བའི་ཡུལ་ལྗོངས་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་རེད། རྟ་ནོར་ལུག་གསུམ་གྱིས་ཁེངས་པའི་འབྲོག་སྡེ་བཅུ་གཉིས་ཡོད་ལ། འབྲོག་སྡེ་ཕལ་ཆེར་བར་ཞིང་ས་ཡང་མི་ཉུང་བ་ཞིག་འདུག དཔར་ངོས་ནས་སེར་ཅིལ་ལེ་མཐོང་བ་དེ་སྐེ་ཙེ་མེ་ཏོག་རེད། ཞིང་ས་ཕལ་ཆེར་བར་ནས་དང་སྲན་མ་མང་ཤོས་སྐེ་ཙེ་འདེབས་བཞིན་འདུག དམིགས་བསལ་གྱི་མཁར་ནང་སྡེ་བ་འདི་ཞིང་ཁ་མང་བས་རོང་བ་འདྲ་ཞིག་ཡིན། དཔར་ངོས་ནས་མཐོང་བ་འདི་རྒན་གྱའི་སྨད་ཕྱོགས་རེད། དེ་ནས་མར་ལ་ཀེ་ལོ་མེ་དྲར་ལྔ་དྲུག་ཙམ་སོང་ན་ཤར་ཕྱོགས་ཧོར་གཙང་ལ་ཐུག་གི་འདུག རྒན་གྱའི་བྱང་རྒྱུད་ན་བོས་མདོ་དང་རྐང་ཚ་མགར་རྩེ་སོགས་རོང་འབྲོག་གཉིས་ཆ་འདུག རྒན་གྱའི་ནུབ་རྒྱུད་ན་བསང་ཁོག་དང་རྒྱོ་རུང་རྒྱལ་བོ་སོགས་འབྲོག་སྡེ་རྐྱང་རྐྱང་གིས་ཁེངས་པའི་རེབ་གོང་གི་འབྲོག་ཕྱོགས་རེད། མུ་མཐུད་དུ་ཡིན།
ད་དུང་ངས་ངོ་སྤྲོད་ཞིག་བྱེད་རྒན་གྱ་ན་མཁར་འདི་གཅིག་བུའི་ག་ལ་ཚད་སྐད་གྲགས་ཆེ་བའི་རྒན་གྱའི་བྲག་དཀར་གནས་རི་དང་ཨ་མདོ་ལྷ་ཁང་ཀྭ་མེད་རྩོག་བུའི་བོན་པོའི་དགོན་རྙིང་སོགས་ཡོད། ཉིས་སྟོང་བཅུའི་དབྱར་ཁ་ཞིག་ལ་ངས་ཕྱི་གླིང་བའི་ལྟ་སྐོར་ཚོགས་པ་ཞིག་ཁྲིད་དེ་རྒན་གྱའི་བྲག་དཀར་གནས་རི་ལ་གནས་མཇལ་དུ་ཕྱིན་སྐབས་ཞོར་ནས་ང་ཚོ་མཁར་ནང་འདི་ལ་སོང་བ་ཡིན། དཔར་ངོས་ནས་ཕར་ཁའི་བྲག་རི་མཐོ་བོ་ཞིག་མཐོང་བ་དེ་རྒན་གྱའི་བྲག་དཀར་གནས་རི་རེད། བྲག་དཀར་གནས་རིའི་འདབ་ནས་ང་ཚོ་རླངས་འཁོར་ཆུང་བ་ཞིག་གི་ནང་དུ་དུས་ཡུན་སྐར་མ་ཉི་ཤུ་ཡས་མས་ཤིག་གི་ནང་ལ་ང་ཚོ་མཁར་ནང་ལ་འབྱོར་སོང་། ཕྱི་གླིང་བ་ཚོས་མཁར་ཆེན་པོ་འདི་མཐོང་ནས་ཧང་སང་མདོག་གིས་ང་ལ་མཁར་འདིའི་སྐོར་སྐད་ཆ་དྲིས་བྱུང་། ང་ལ་མཁར་འདིའི་སྐོར་རྒྱུས་མངའ་ཅི་ཡང་མེད་སྟབས་བཤད་རྒྱུ་ཅི་ཡང་མ་རྙེད་པར་ས་ཁུལ་འདིའི་སྔོན་གྱི་རྒྱལ་བོ་ཞིག་གི་ཕོ་བྲང་རེད་ཅེས་སྐྱག་རྫུན་ཞིག་མི་བཤད་རང་བཤད་ཆགས་སོང་།
༼ཧོར་གྱིས་མི་ཉག་བླངས་པའི་དགའ་སྟོན་གྱི་ཟླ་བ་ལ་ཧོར་ཟླར་གྲགས་པ་འདི་བྱུང་ཞིང༌། ད་ལྟའང་མདོ་སྨད་ཁུལ་དང་ཁམས་ཁུལ་མང་བོ་ཞིག་ན་ལི་ཐོ་རྩི་ལུགས་ཀྱང་འདི་དང་བསྟུན་ནས་ལོ་སར་གྱི་ཟླ་ཚེས་དབུས་གཙང་དུ་དར་བའི་རྩིས་ལུགས་དང་མི་མཐུན་པ་བྱུང་ཡོད།༽་་་ཟེར། དེང་སང་ཧོར་ཟླ་༡ པའི་ཚེས་པ་༡ ལ་ལོ་གསར་བརྩི་བ་བོད་ཁམས་ཡོངས་ལ་གཅིག་མཚུངས་མ་རེད་པས། གོ་ཐོས་ལ་ཧོར་ཟླ་༡ པའི་ཚེས་པ་གཅིག་ལ་རྒྱལ་པོ་ལོ་གསར་དང་། ཚེས་པ་༢ ལ་བློན་པོ་ལོ་གསར། ཚེས་པ་༣་ལ་འབངས་ཀྱི་ལོ་གསར་ཟེར་བའི་ལོ་རྒྱུས་ཡོད་ཚུལ་ཞིག་ཐོས། དེ་ལྟར་ཡོད་པ་བདེན་ན་དེ་ཡང་ཧོར་ཇིང་གེར་གྱི་རྗེས་སུ་བྱུང་བ་རེད་པས།
དྭ་གྲོགས་རྣམས་ཀྱིས་བགྲོ་གླེང་རིན་ཐང་དང་བྲལ་བ་གནང་གི་འདུག་པས་མུ་འཐུད་ནས་གསུང་རོགས་གནང་། ང་བོན་པོ་ཡིན་ཟེར་མཁན་ཚོས་ཀྱང་གོ་མ་མྱོང་བའི་སྔ་རབས་བོན་འབྲེལ་ལོ་རྒྱུས་མང་པོ་ཞིག་དེང་སང་ག་ལེར་ཐོན་ཡོང་གི་འདུག་པར་དགའ་བསུ་ཆེན་པོ་ཡོད། །
དྲྭ་གྲོགས་རླུང་ལགས་ཀྱིས་༼ཁྱད་པར་མཁར་ཤུལ་འདིར་ཆགས་པའི་གྲོང་སྡེ་ཆུང་ཆུང་འདིའི་ནང་ན་མིང་ལ་གཡུང་དྲུང་ཟེར་བའི་རྒད་པོ་ཞིག་ཡོད། ངས་ཁོ་དང་མཉམ་དུ་མཁར་རྙིང་འདིའི་སྐོར་ཁ་བརྡ་བྱས་མྱོང་༽ གསུངས་འདུག་པས་ཁྱེད་ཀྱིས་རྒད་པོ་གཡུང་དྲུང་དང་ཁ་བརྡ་བྱས་པའི་ལོ་ཟླ་དེ་ཁ་གསལ་གསུང་རོགས་གནང་། ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཕན་པ་ཆེན་པོ་ཡོང་ས་རེད། གཡུང་དྲུང་གི་གཟེར་མིག་ཅེས་པ་ནི་་་བོན་པོའི་མདོ་གཟེར་མིག་ཡིན་པར་སེམས། དཔེ་ཆ་འདི་དྲང་རྗེ་བཙུན་པ་གསེར་མིག་ཞུ་བས་བསམ་ཡས་ཁྲི་དང་དུར་ཁྲོད་ནས་གཏེར་ནས་བཞེས་པར་གསལ། ཁྲི་དང་དུར་ཁྲོད་ཀྱི་སྐོར་ཤར་རྫའི་ལེགས་བཤད་མཛོད་ནང་ཁོང་གི་དགོངས་ཚུལ་ཡང་གསུངས་ཡོད། །
དྲྭ་གྲོགས་ཞུས་ཆེན་པ་ལགས་ཀྱིས། རྒན་གྱའི་བྲག་དཀར་གནས་རི་དང་ཨ་མདོ་ལྷ་ཁང་ཀྭ་མེད་རྩོག་བུའི་བོན་པོའི་དགོན་རྙིང་སོགས་ཡོད། གསུངས་འདུག་པས་རྩོག་བུའི་བོན་པོའི་དགོན་རྙིང་གི་སྐོར་ནས་ཁྱེད་རང་གི་གང་མཐོང་བ་དེ་ཏོག་ཙམ་གསུངས་ན་འགྲིག་གམ་ཉན་འདོད་ཤིན་དུ་ཆེ། ཚང་མ་ལ་བཀའ་དྲིན་ཆེ་ཞུ།
སྟོན་མཆོག་གཤེན་རབ་མི་བོ་ཞང་ཞུང་གི་ཡུལ་སྐོར་ལ་ཕེབས་པའི་ལོ་རྒྱུས་ལས་་་མཁར་་་གྱི་སྐོར་ལ་མང་པོ་ཞིག་གསལ་འདུག་པས་དཔྱད་གཞིར་ཕན་ནམ་སྙམ་ནས་འདིར་དྲངས།
གཡུང་དྲུང་བོན་གྱི་བཀའ་འགྱུར་སྔགས་སྡེ་པོད་གྲངས་༡༦༧ཤོག་གྲངས་༩༢ལས
༼དང་པོ་ཞང་ཞུང་ཡུལ་དུ་བབ་པས། བསྟན་པ་ཞང་ཞུང་ལ་སྔ་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ཞང་ཞུང་བོན་གྱིས་རྒྱལ་པོར་ཐོགས་པ་ཡང་དེར་བསྲིད་དེ་ལ། མས་གཤེགས་པ་ཁྲི་འདུལ་སྣང་རྩེ་དང་། ཁྲི་གང་གཡུ་རྩེ་དང་། ཡེ་གད་སྟག་རྩེ་དང་། ཁྲི་དང་ཁྲོམ་སྟག་རྩེ་དང་། ཞང་ཞུང་བར་པའི་ཡུལ་དུ་བྱོན། དེ་ལས་མར་གཤེགས་པ། ཞང་ཞུང་སྒོ་པའི་ཡུལ། གཡུང་དྲུང་མུ་ལེའི་དབུས། སྟ་སྒོ་ཤེལ་གྱི་གང་ར། མ་ཕང་གཡུ་མཚོའི་ཁུག་པ། བཀྲ་ཤིས་བྱིན་དུ་ཆགས་པའི་སར། ཁྱུང་ལུང་སྤྲུལ་པའི་མཁར་ཅིག་བརྩིགས། མཐའ་བརྒྱད་མཁར་ཕྲན་བཅོ་བརྒྱད་བརྩིགས། ཡང་འདུལ་གསས་མཁར་སུམ་བརྒྱ་དྲུག་ཅུ་བརྩིགས། གཞི་འདུལ་མཆོད་རྟེན་སྟོང་དང་རྩ་བརྒྱད་བརྩིགས་ནས་ས་མནན་ནོ། ཤེ་ལེ་དབལ་རྩེ། འོད་གསལ་གཡུ་རྩེ། གསང་མེར་ལྷ་རྩེ། ཉི་འོད་ཤེལ་རྩེ། རྒྱལ་བ་བསེ་མཁར། ཡ་གད་སྟག་མཁར། ཧབ་སོ་ལྒ་མཁར། སྐྱུག་མོ་ལན་མཁར། ལོ་ཏོག་འགྱུར་མཁར། དྲག་ཚན་འབྲམ་མཁར། གུ་རི་གནམ་མཁར། གཡུང་དྲུང་ཡོད་མཁར། ཁ་རག་ཁྱུང་མཁར། དཔལ་བརྩན་སེང་མཁར། ཆེ་བརྩན་དྲེགས་མཁར། མཐོ་བརྩེགས་རྒོད་མཁར། མ་མ་དྲེད་མཁར། ཡར་མོ་བཞད་མཁར། མཁར་ཕྲན་བཅོ་བརྒྱད་ལ། སྡེ་ཆེན་བཅོ་བརྒྱད་གནས། བོན་ཆེན་བཅོ་བརྒྱད་བཞུགས། གསས་ཆེན་བཅོ་བརྒྱད་གསོལ། དེའི་དཀྱིལ་ཤད་དུ། ཁྱུང་ལུང་དངུལ་མཁར་བརྩིགས། རྨེང་བཞི་གསེར་ལ་བྱས། ལོག་བཞི་དངུལ་ལ་བྱས། སྒོ་སྐྱེས་པ་ལྕགས་ལ་བྱས། སྒོ་བཞི་དུང་ལ་བྱས། ཟུར་བཞི་མཆོང་ལ་བྱས། ཁ་བད་ཟངས་ལ་བྱས། རྩེ་མོ་གནམ་རིམ་བཅུ་གསུམ་དུ་བྱུང་། བུ་ཡུག་རྟག་པར་འཁོར། འབྲུག་ཏོང་སྔོན་པོ་ཉལ། བྱ་ཁྱུང་རྩིབས་སུ་ལྡིང་། མཁར་མིག་བརྒྱ་དང་རྩ་བརྒྱད་ཡོད། སུམ་ཆ་ཡན་ཆད་ལྷའི་བཟུངས། གཡའ་བྲག་གངས་གསུམ་བྷར། འོད་ཟེར་ཐོག་གསུམ་འཕྲོ། ལྷ་དྲག་གེ་ཁོད་གནས། སུམ་ཆ་གཤེན་གྱིས་བཟུང་། འབྲོག་མོ་ཐིལ་གསུམ་མཆིས། རྟ་ལུག་གནག་གསུམ་འཕྱོ། རྔ་གཤང་དུང་གསུམ་སྒྲོགས། བསྭོ་དབལ་བོན་གསུམ་འབོད། ཞང་ཞུང་གྱེར་རྒྱུང་གནས། སུམ་ཆ་མན་ཆད་ཀླུས་བཟུངས། གཡུ་མཚོ་ཀྱི་ལི་ལི། གཡུ་བུན་ཁྲིགས་སེ་ཁྲིག ཆུ་སྲིན་དུང་གསུམ་ངར། ཀླུ་ཕྲུག་གྱུར་གསུམ་རྩེ། མི་མགོན་དཀར་པོ་གནས། དེ་རུ་ཞབས་ཕེབས་ནས། ཞང་ཞུང་བོན་ལ་འཕྲུལ་ངག་བོན་བཤད་ན།༽ སོགས་གསལ་འདུག།
འདིར་དག་ཆ་དེང་སང་དང་མ་མཐུན་པ་འགའ་སྣང་བས་མཁྱེན་པར་འཚལ། །
་་་་ རྔ་གཤང་དུང་གསུམ་སྒྲོགས། ་་་ཞེས་པ་འདིས། བོད་ཀྱི་རྒྱ་གླིང་གི་རྩོམ་དེ་དྲན་དུ་བཅུགས་སོང་།
གོང་གི་ངའི་མཆན་དེའི་མུ་མཐུད་པ་ཡིན། ཁ་སང་ང་ལས་ཁུངས་ན་ཡོད་པས་དུས་ཚོད་མེད་སྟབས་མཆན་འབྲི་འཕྲོ་བྱས་བཞག་པ་ཡིན། དེ་ནས་ང་ཚོ་རྒན་གྱའི་མཁར་ནང་ལ་འཁྱུག་ཙམ་ལྟ་སྐོར་བྱས་རྗེས་རྒན་གྱའི་མཁར་ནང་གི་མདུན་རིའི་ཕག་ན་རྩོག་བུའི་སྡེ་བ་ཟེར་བའི་འབྲོག་སྡེ་ཆེན་པོ་ཞིག་འདུག མཁར་ནང་དང་རྩོག་བུའི་གཉིས་ཀྱི་བར་ཐག་ཧ་ཅང་ཉེ་ནའང་ཕར་ལྟོས་ན་རྩོག་བུའི་སྡེ་བ་མཐོང་གི་མི་འདུག མཁར་ནང་སྡེ་བའི་འདབས་དང་རྩོག་བུའི་གཉིས་ཀྱི་བར་ན་གཙང་བོ་ཞིག་ཀྱང་བཞུར་གྱིན་འདུག གོང་གི་དཔར་རྒྱག་སའི་ཕྱོགས་དེ་ན་རྩོག་བུའི་སྡེ་བ་ཡོད་པ་རེད། རྩོག་བུའི་སྡེ་བའི་རྒྱབ་རི་རེད་ཟེར་ནས་རི་རྒན་བང་ཆེ་ཞིང་མཐོ་ལ་རྔམ་བརྗིད་ལྡན་པ་ཞིག་འདུག ཕལ་ཆེར་དཔར་རྒྱག་ས་ཡང་ཕྱོགས་དེ་མིན་འགྲོ་བསམ་སོང་། ང་ཚོ་མཁར་ནང་ནས་རླངས་འཁོར་ནང་ལ་བསྡད་དེ་ལམ་མི་བདེ་བའི་ལམ་ཁ་ཀྱག་ཀྱོག་ཞིག་དེད་ནས་དུས་ཡུན་ཆུ་ཚོད་ཕྱེད་ཁ་ཞིག་གི་ནང་ལ་རྩོག་བུའི་སྡེ་བའི་འདབས་ལ་བསླེབས་དུས་མཐོང་བ་ཙམ་གྱིས་ཡིད་ལ་དགའ་བ་འཕེལ་བའི་དགོན་པ་ཆེན་པོ་ཞིག་འདུག ང་ཚོས་རླངས་འཁོར་སྡེ་འདབས་ནས་བཞག་སྟེ་རྐང་ཐང་ལ་སྐར་མ་ལྔ་དྲུག་ནང་དགོན་པའི་སྒོ་ཆེན་མདུན་ལ་བསླེབས་སོང་། གནམ་གཤིས་དྭངས་ལ་མཁའ་དབུགས་གཙང་བའི་ཉི་མ་དེར་ཧ་ཅང་སྤྲོ་གནང་ལྡན་པ་ཞིག་རེད། ཕྱིའི་ལྕགས་རི་དང་ནང་གི་བཀོད་པ་ཕུན་སུམ་ཚོགས་ལ་ལྷ་ཁང་འདུ་ཁང་བདུན་བརྒྱད་ཞིག་ལས་གྲུབ་པའི་བོན་པོའི་དགོན་པ་རྙིང་བ་ཞིག་རེད། ང་ཚོ་དགོན་པའི་ནང་ལ་ལྟ་སྐོར་བྱས་དུས་གྲ་ཕྲུག་རེ་གཉིས་ཤིག་ང་ཚོའི་ཉེ་འཁྲིས་སུ་བསླེབས་པ་དང་སྐད་ཆ་དྲིས་ན་བྲོས་འགྲོ་གི་འདུག གྲ་བ་སྐོར་ཞིག་གིས་ལྷ་ཁང་ཞིག་གི་མདུན་ན་གཙང་བཟོའི་ལས་ཀར་བྲེལ་བཞིན་འདུག ལྟས་ཚོད་ལ་དགོན་པའི་འཛུགས་བསྐྲུན་ཡག་ལ་ཆ་རྐྱེན་བཟང་མདོག་ཁ་བོ་འདུག དཀོན་གཉེར་ཞིག་ལ་ངས་སྐད་ཆ་དྲིས་པ་ཡིན་དགོན་པ་འདི་ལ་གྲ་བ་ག་ཚོད་ཡོད་ཅེས་པའི་དྲིས་དུས་གྲ་བ་སུམ་ཅུ་ཡས་མས་ཡོད་ཟེར། ཆོས་འཆད་གཉེར་དང་བསླབ་པ་སློབ་གཉེར་གྱི་ཕྱོགས་ནས་སྔོན་ཆད་ཧ་ཅང་གི་དཀའ་ཁག་དང་ཉམས་ཆག་ཕྱིན་ཡོད་པ་རེད་ད་དེང་སང་ཨ་མདོ་རྔ་བའི་བོན་པོའི་སྣང་ཞུགས་དགོན་པའི་དགེ་རྒན་རེ་གདན་འདྲེན་ཞུས་ཏེ་ཆོས་འཆད་གཉེར་གྱི་ཕྱོགས་ལ་འབད་བརྩོན་བྱས་ཏེ་ཡར་རྒྱས་འགྲོ་བཞིན་ཡོད་ཟེར། དགོན་པའི་ནང་གི་སྐུ་གསུང་ཐུགས་རྟེན་དང་གཙང་སྦྲ་ནི་ཧ་ཅང་ཡག་པོ་མཐོང་སོང་། ཡིན་ནའང་ཁྱད་མཚར་བ་ཞིག་ལ་སྒོ་ཆེན་ནང་གི་རི་མོ་དེ་ཚོ་རྒྱའི་རི་མོ་བ་ཞིག་གིས་བྲིས་པ་ལྟ་བུའི་རྒྱ་ནག་གི་རི་མོའི་ཁྱད་ཆོས་བྲིས་པ་དེ་མཐོང་སྣང་ལ་བདེ་བོ་ཁྱོན་ནས་མི་འདུག བོན་པོའི་དགོན་པ་འདིའི་མཐའ་ན་ཁྱིམ་ཚང་བརྒྱ་ལྷག་ལས་གྲུབ་པའི་འབྲོག་སྡེ་ཆེན་པོ་ཞིག་འདུག བོན་དགོན་འདི་ལ་ལྷ་སྡེ་འདི་གཅིག་བུ་ལས་མི་འདུག་པས་ས་ཆ་འདིའི་བོན་པོ་ཚོར་ཁེར་རྐྱང་རྣམ་པ་ཞིག་མཐོང་གི་འདུག བླ་བྲང་གི་རྫོང་གཅིག་བུའི་འོག་ན་བོན་པོ་དང་བོན་པོའི་དགོན་པ་ཕ་ཆེར་འདི་གཅིག་བུ་ཡིན་སྙམ། ད་དུང་དགོན་པ་འདིར་ཕྱི་རྒྱལ་ནས་ལྟ་སྐོར་བ་མང་བོ་ཡོང་བ་དང་ཕྱི་རྒྱལ་ནས་སྦྱིན་བདག་ཡང་ཡོད་ཟེར། རྒྱལ་ཁབ་ཕྱི་ནང་ནས་བོན་པོའི་ཞིབ་འཇུག་པ་མང་བོ་ཞིག་ཀྱང་མཚམས་མི་ཆད་པར་འདིར་ཡོང་གི་འདུག་ཟེར། ངོ་སྤྲོད་དེ་ཙམ་བྱས། གང་ལྟར་ས་ཁུལ་འདིའི་བོན་པོ་ནི་བོད་ཀྱི་གདོད་མའི་ལོ་རྒྱུས་ལ་ཕྱིར་སྔོག་བྱ་ཐུབ་ན་གདོད་མ་ནས་ཟམ་མ་ཆད་པར་ཡོད་པའི་བོད་རང་གི་གདོད་མའི་བོན་ཆོས་རྒྱུན་མཐུད་ནས་ཡོང་བ་ཞིག་མཐོང་གི་འདུག །
་
ཞུས་ཆེན་པ་ལགས་ནས་ལེགས་པར་གསུངས་བར་བཀའ་དྲིན་ཆེ་ཞུ། ད་དུང་མུ་མཐུད་ནས་གསུང་རོགས་གནང་།
གཅན བཟོད་རྒྱ་ལགས། རྒན་གྱའི་བྲག་དཀར་སྐོར་ཀྱི་འབུམ་རམས་པའི་དཔྱད་རྩོམ་དེ་ད་སྐབས་དྲ་ངོས་ནས་བལྟ་ཐུབ་བམ། ཡིག་ཟམtbtsjk@163.comལ་འབྲེལ་བ་གནང་རྒྱུ་མཁྱེན་མཁྱེན།