སྔགས་འཆང་རྟ་མགྲིན་རྒྱལ་ལགས་ནི། རེབ་གོང་གི་གྲོང་གསེབ་ནས་བྱོན་པའི་མཁས་པ་ཞིག་ཡིན། ཁོང་ནི། “ངས་ཉིན་རེ་བཞིན་འབྲེལ་ཡོད་དཔེ་ཆ་མང་ཙམ་ཀློག་གིན་ཡོད་ལ། མཁས་པ་གྲགས་ཅན་སྐོར་ཞིག་གི་གསུང་ཁྲིད་སྒྲ་ཐག་ཏུ་ཕབ་ཡོད་པ་མང་ཙམ་ཉན་ནས་རང་ཉིད་ལ་ཤེས་བྱའི་ངར་ལྡུད་པ་དང་རིག་པའི་གོ་བགོ་བཞིན་ཡོད།” ཅེས་གསུང་མཁན་དེ་ཡིན། གཤམ་གྱི་ཡི་གེ་དག་ཏུ་ཁོང་གི་སྐོར་ཕྱིར་རྟོག་གིས་དྲན་ཐོར་བཀོད་ཡོད།
གཅིག ཁོང་གི་སྐོར་ཐོར་བཏུས།
རྒན་རྟ་མགྲིན་རྒྱལ་མཆོག་ནི། བོད་རབ་བྱུང་བཅུ་བདུན་པའི་ས་ཕག་ཟླ་ ༡༢ ཚེས་ ༡ དང་སྤྱི་ལོ་ 2019 ཟླ་ 1 ཚེས་ 6 ཉིན་སྐུ་གཤེགས། དགུང་གྲངས་ ༧༡ ལ་ཕེབས་ཡོད། དེ་ལྟར་ན། བོད་རབ་བྱུང་བཅུ་དྲུག་པའི་མེ་ཕག་ལོའི་ཟླ་ ༦ པའི་ནང་འཁྲུངས་འདུག་པ་དང་། སྤྱི་ལོ་ལྟར་ན་ 1947 ལོ་རེད། ཁོང་གི་ཕ་མིང་ལ་བན་ཏེ་རྒྱལ་དང་མ་མིང་ལ་མིང་མེད་ཞུ་ཞེས་རེབ་གོང་དང་འབྲེལ་བའི་ལོ་རྒྱུས་ཡིག་ཚགས་དག་ན་གསལ།
ཁོང་ནི། མཁས་དབང་གསེར་རིའི་ཕྲེང་བ་དང་། གྲུབ་སྔགས་མཐུ་ལྡན་མང་པོ་རིམ་ཅན་དུ་བྱོན་པའི་བྱིན་རླབས་འོད་དུ་འཁྱིལ་བ་རེབ་གོང་སྔགས་མང་གི་རིག་གནས་ཁོར་ཡུག་ནས་འཚར་ལོངས་བྱུང་བ་དང་། སྐད་ཆ་སྟབས་བདེ་ཞིག་གིས་བསྙད་ན། གྲོང་གསེབ་ནས་བྱོན་པའི་སྔགས་འཆང་མཁས་པའི་གྲས་སུ་གཏོགས་པ་ཞིག་ཡིན།
རེབ་གོང་གི་ལོ་རྒྱུས་བསྔོགས་པ་ཡིན་ན། གྲོང་གསེབ་ནས་མཁས་པར་གྱུར་པ་འདི་འདྲ་མང་པོ་བྱོན་མྱོང་བ་དང་། དེ་དག་གི་ཐུགས་རྗེ་ལས་ད་ལྟ་ནའང་སྔགས་པ་གཞོན་རབས་པ་མཁས་པའི་རྒྱལ་ཐབས་བདག་གིར་བྱེད་པ་མང་དུ་བྱོན་དང་འབྱོན་བཞིན་པ་མཇལ་དུ་ཡོད། ད་ནས་ཡར་དེད་པའི་ལོ་ངོ་བརྒྱ་སྐོར་གཅིག་གི་དབང་དུ་བྱས་ན། ཆུ་མའི་སྐལ་བཟང་རྒྱལ། གླིང་རྒྱའི་བླ་མ་ཚེ་རིང་། མྱང་རིན་ཆེན་བྱམས། ཆུ་མའི་གཡུང་དྲུང་ཚེ་བརྟན། རྒྱལ་བོ་སྒང་རྡོ་རྗེ་སྐྱབས། ཞོ་འཕོང་རྡོ་རྗེ་རྣམ་རྒྱལ། རྒྱལ་བོ་སྒང་བན་ཏེ་རྒྱལ། སོ་ནག་རིག་འཛིན་ལྷ་མོ་སྐྱབས། ད་ལྟ་ཞལ་བཞུགས་སྒ་རུའི་འཇམ་དབྱངས་བཀྲ་ཤིས། དགེ་ཆོས་སྐུ་ཚ་གཡུང་དྲུང་རྒྱལ་སོགས་གྲོང་གསེབ་ནས་བྱོན་པའི་མཁས་པ་མང་། ཡང་། རེབ་གོང་སྔགས་མང་གི་ལོ་རྒྱུས་སོགས་མཇལ་བ་ཡིན་ན། སྔགས་སྡེ་རེར་སྔགས་ཁང་རེ་དང་སྔགས་ཁང་རེ་ན་དཔེ་ཁྲིད་གནང་མཁན་སྔགས་པ་མཁས་པ་འགའ་རེ་བཞུགས་པའི་ཚོད་དུ་གདའ། གྲོང་གསེབ་ནས་མཁས་པ་འབྱུང་སྟངས་ཀྱི་མགོ་ཁུངས་ནི་འདི་འདྲ་རེད་འདུག
སྔགས་འཆང་ལྷ་མོ་སྐྱབས་ཀྱིས་བརྩམས་པ་<<དཔྱི་ས་བློ་གྲོས་རྒྱ་མཚོའི་རྣམ་ཐར།>>་དང་། སྔགས་འཆང་བན་ཏེ་རྒྱལ་གྱི་གསུང་རྩོམ་ཕྱོགས་བསྡེབས་<<རིག་འཛིན་དགྱེས་པའི་མཆོད་སྤྲིན་>>དུ་གསལ་འཁོད་ཁོང་གི་རང་རྣམ<<རང་གི་བྱུང་བ་ལྷུག་པར་བརྗོད་པ་སློབ་མའི་དད་གསོས་ཞེས་བྱ་བ>>སོགས་བཀླགས་ན། རེབ་གོང་གི་གྲོང་སྔགས་མཁས་པ་དག་གིས་ཇི་ལྟར་མཁས་པར་སློབ་སྟངས་ཞིབ་གསལ་དུ་མཇལ་ཐུབ་པ་ཞིག་འདུག ཚུལ་འདི་ཤེས་འདོད་དང་ཞིབ་ཀྱིས་འཇུག་པར་འདོད་པ་དག་གིས་དེ་དེར་མཇལ་བར་འཚལ།
རྒན་རྟ་མགྲིན་རྒྱལ་ལགས་ནི། རང་ལོ་བརྒྱད་པར་གྲོང་གསེབ་ཀྱི་སློབ་གྲྭར་ཞུགས་ཏེ་ཡི་གེ་འབྲི་ཀློག་སྦྱོང་མགོ་ཚུགས་པ་ཞིག་དང་། དེ་ནས་རང་ལོ་བཅུ་བཞི་པ་ལ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཡང་ཞུགས་ཙམ་གནང་འདུག་ཀྱང་། རྐྱེན་དུ་མའི་དབང་གིས་ལོ་གཅིག་མ་ཟིན་ཙམ་ལས་དེར་བཞུགས་མི་འདུག ཁོང་ནི་གྲོང་གསེབ་ཀྱི་སློབ་གཉེར་ཁོར་ཡུག་ནས་འཚར་ལོངས་བྱུང་བ་ཞིག་རེད། ཡིག་ཚགས་འགའ་ཞིག་ཏུ་གསལ་བ་གཞིར་བཞག་ན། རང་ལོ་བཅོ་བརྒྱད་སྟེང་ནས་གསོ་བ་རིག་པར་སློབ་གཉེར་མཛད་ཚུལ་གསལ་འདུག་པ་དང་། དེ་ཡང་། རེབ་གོང་སྐྱབས་མགོན་བདུན་པ་ཆེན་པོའི་སྐུའི་བླ་སྨན་དྲུང་ཡིག་རྒྱ་མཚོ་ཚང་དང་། ནོམ་ཆི་མཁན་པོའི་སློབ་མ་སྨན་པ་བློ་བཟང་འོད་ཟེར་ཚང་། དབྱིག་གཉེན་ཚང་། ཨ་ལགས་ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་ཚང་སོགས་ཀྱི་མདུན་ནས་གསོ་རིག་གཞུང་ལུགས་ལ་མཁས་པར་སྦྱངས་འདུག
དགུང་ལོ་ཉི་ཤུ་པ་ནས་རོང་པོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་ཕྱིས་ན་རེབ་གོང་སྐྱབས་མགོན་བརྒྱད་པ་ཆེན་པོའི་ཡོངས་འཛིན་དུ་བཞུགས་པ་ལྷ་སྡེ་དགེ་འདུན་བསྟན་འཛིན་དང་། ས་དཀྱིལ་ཨ་ཁུ་དཀོན་མཆོག་སོགས་ཀྱི་མདུན་ནས་བསྡུས་གཞུང་གིས་དབུ་བསླངས་འབྲེལ་དབུ་ཚད་སོགས་སློབ་གཉེར་གནང་འདུག དེ་ནི་རིག་གསར་གྱི་སྐབས་ཏེ་དཔེ་ཁྲིད་སོགས་གཏན་འགོག་གི་སྐབས་ཤིག་འཁེལ་ཡོད་ཀྱང་གསང་སྟབས་ཀྱིས་སྦྱངས་པ་མཛད་འདུག
བཤེས་གཉེན་ཆེན་པོ་འཇིགས་མེད་ཆོས་མཆོག་གི་མདུན་ནས་<<མངོན་པ>>་དང་། <<ཕར་ཕྱིན།>> <<སྤྱོད་འཇུག་ཆེན་མོ།>> <<ཡོན་ཏན་རིན་པོ་ཆེའི་མཛོད>>་སོགས་ལ་སྦྱངས། ཁྲོ་རུ་མཁན་པོ་ཚེ་རྣམ་གྱི་མདུན་ནས་<<དཀོན་མཆོག་རྗེས་དྲན་གྱི་མདོ་འགྲེལ།>> <<སྒྱུ་འཕྲུལ་གསང་བ་སྙིང་པོ།>> <<གསང་བདག་དགོངས་རྒྱན།>> <<མན་ངག་ལྟ་ཕྲེང་།>> <<གཡུ་ཐོག་སྙིང་ཐིག>> <<རྒྱུད་བཞི་ལས་བཤད་རྒྱུད་ཀྱི་རྩ་བཤད་>>སོགས་གསན། ས་སྐྱའི་མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན། ལྷ་རྗེ་བློ་གྲོས་སོགས་ལས་ཆོས་བཀའ་མང་པོ་ཞུས། ཨ་ལགས་གཏེར་སྟོན་འཇིགས་མེད་འོད་གསལ་ཁྱབ་བདག་ཀློང་ཡངས་ཞབས་ལས། <<རྡོ་རྗེ་ཕུར་བ་རྒྱུད་ལུགས>>་དང་། <<ཀློང་ཆེན་སྙིང་ཐིག་གི་བཀའ་དབང་>>ཆ་ཚང་དང་། <<ཀློང་ཆེན་མཛོད་བདུན།>> <<འཇིགས་མེད་གླིང་བའི་སྙིང་ཐིག་པོད་དགུ>> <<ཀུན་བཟང་བླ་མའི་ཞལ་ལུང་>> <<ངེས་ཤེས་རིན་པོ་ཆེའི་སྒྲོན་མེ>> <<གསང་བ་སྙིང་པོ་སྤྱི་དོན་རིན་ཆེན་མཛོད་ལྡེ།>>སོགས་གཞུང་ལུགས་དཔེ་ཁྲིད་དང་དབང་ལུང་མང་པོ་ཞུས། གྲུབ་དབང་ནམ་མཁའ་ཚང་གི་མདུན་ནས་<<རྡོ་རྗེ་ཕུར་བའི་རྒྱུད་ལུགས་ཀྱི་བཀའ་དབང་>>སོགས་དབང་ལུང་མང་པོ་ཞིག་ཞུས་འདུག་པ་བཅས་རེབ་གོང་དང་འབྲེལ་བའི་ཡིག་ཚགས་དག་ཏུ་གསལ་བ་ནས་བཏུས་བསྒྲིགས་ཞུས་པ་སྟེ་མདོར་ན། རིས་སུ་མ་ཆད་པའི་བླ་མ་དགེ་བའི་བཤེས་གཉེན་མང་པོ་ལས་ཐོས་པ་འཚོལ་བ་ལ་གཅིག་ཏུ་འབད་གནང་མཁན་ཞིག་རེད། ཁོང་ནི་གྲོང་གསེབ་ཀྱི་རིག་གནས་ཁོར་ཡུག་ཅིག་ནས་འཚར་ལོངས་དང་། དེ་བཞིན་སློབ་གྲྭ་ཞེས་དམིགས་ཡུལ་བྱེ་བྲག་པ་འབའ་ཞིག་གི་ཆེད་བསྒྲིགས་པའི་སློབ་དེབ་ཙམ་སྦྱངས་ནས་ཡོང་བ་དེ་འདྲ་མ་ཡིན་པར། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཚང་མར་སྦྱངས་པའི་མཁྱེན་ཡོན་ལྡན་མཁན་དུ་གཏོགས། དེ་བས་ན་གཞན་དྲིང་མི་འཇོག་པའི་མཁས་པ་ཞིག་ཡིན་ཞེས་ཁོང་གི་སློབ་མ་སློབ་བརྒྱུད་དང་བཅས་པས་གཅིག་ཏུ་གླེང་བཞིན་པ་འདི་དོན་ལ་གནས་པའང་ཡིན།
གཉིས། ལོ་ངོ་གསུམ་རིང་གཤིབ་པ།
རེབ་གོང་ན་རྨ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ་ཟེར་བ་ཞིག་ཡོད། དེ་ནི་སློབ་གྲྭ་རྒྱ་ཆེན་པོ་དེ་འདྲ་གང་ཡང་མ་རེད་དེ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་སློབ་གྲྭའི་བོད་སྨན་འཛིན་གྲྭ་ནི་རེབ་གོང་དུ་ཡོད་པའི་འཕྲོད་བསྟེན་སློབ་གྲྭ་དེར་ཚུགས་ཀྱི་འདུག སློབ་གྲྭ་ཨ་མ་དེ་ཟི་ལིང་དུ་ཡོད་པ་གང་ཞིག་ལ། འཛིན་གྲྭ་གཅིག་དེ་རེབ་གོང་ནས་ཚུགས་རྒྱུ་དེ་གང་འདྲ་བྱས་ནས་བྱུང་བ་སོགས་ལ་བསམ་བློ་བཏང་མ་མྱོང་སྟེ། ཕལ་ཆེར། རེབ་གོང་ན་དགེ་རྒན་ཆེད་མཁས་པ་མང་པོ་བཞུགས་པ་དེས་ཡིན་པ་འདྲ། དཔེར་ན། བོད་སྨན་འཛིན་གྲྭ་དེའི་དགེ་རྒན་གྱི་དཔུང་སྡེ་སྟེ། དགེ་རྒན་རྟ་མགྲིན་རྒྱལ། དགེ་རྒན་དབྱིན་གཉེན། དགེ་རྒན་གར་དབང་། དགེ་རྒན་བདུད་འདུལ་བཀྲ་ཤིས་སོགས་དགེ་རྒན་རྒན་རབས་པ་ཚང་མ་རེབ་གོང་གི་མཁས་པ་དེ་འདྲ་རྐྱང་རེད།
བོད་སྨན་འཛིན་གྲྭ་དེར་མཚོ་སྔོན་ཞིང་ཆེན་གྱི་རང་སྐྱོང་ཁུལ་དྲུག་དང་མཚོ་ཤར་ས་ཁུལ། ཡང་སྐབས་རེར་ནང་སོག་ནས་ཀྱང་སློབ་མ་ཡོང་གི་ཡོད་པ་དང་། དེ་ཡང་སྤྱི་བབ་ཀྱི་དབང་དུ་བྱས་ན། ལོ་རེར་དམའ་འབྲིང་སློབ་མཐར་ཕྱིན་མཁན་ལས་བོད་ཡིག་རྒྱུགས་འབྲས་རྩེར་སོན་དག་བསྡུ་ཡི་ཡོད་པ་ཞིག་རེད། དེར་བརྟེན། དཔེ་ངོས་ཀྱི་ཚིག་དོན་ཙམ་ལས་དེ་ལས་བརྒལ་བའི་སྤྲོས་བཤད་ཀྱི་ཤེས་ཡོན་མེད་པའི་སྐབས་དེའི་སྙན་ངག་དགེ་རྒན་འགའ་རེ་ལས་སློབ་མའི་ཤེས་ཡོན་གནས་ཚད་ལེགས་པ་དེ་འདྲ་ཡང་ཡོང་གི་ཡོད།
ང་ཚོས་རྒན་རྟ་མགྲིན་རྒྱལ་གཙོ་བོར་བྱས་པའི་དགེ་རྒན་དག་གི་མདུན་ནས་གསོ་རིག་རྒྱུད་བཞི་སྦྱངས། དེ་ནི་དུས་རབས་སྔ་མའི་ལོ་རབས་བརྒྱད་ཅུ་པའི་སྨད་དུ་འཁེལ་ཡོད། རྒན་རྟ་མགྲིན་རྒྱལ་ཐོག་མར་མཇལ་དུས་ཀྱི་མཐོང་སྣང་དང་སེམས་ཚོར་ནི་དངོས་སུ་མཇལ་ཞིང་འདྲིས་པ་དང་བསྡུར་ན་བར་ཐག་དོ་མི་མཉམ་པ་ཞིག་བྱུང་། དེ་ནི་འདི་ལྟ་སྟེ། དབུ་ལ་ཞྭ་མོ་སྨུག་ནག་ཅིག་གྱོིན་འདུག་པ་དེ་ནི་ཕར་བལྟས་ཚོད་ལ་ཁོང་གི་རལ་པ་བཏུམས་བྱེད་དང་། སློབ་གྲྭའི་ར་སྐོར་དུ་གཏོགས་པའི་དགེ་ལས་སློབ་ཕྲུག་སོགས་ཀྱི་མཐོང་སྣང་ལ་བདེ་བ་ཡོང་ཆེད་ཙམ་ཡིན་པ་འདྲ་ཡང་། དང་པོར་མཇལ་སྣང་ལ་ནི་གྲོང་གི་སྔགས་པ་ཞིག་གམ་གྲོང་གསེབ་ཀྱི་རྒད་པོ་ཞིག་སློབ་གྲྭའི་ནང་སླེབས་འདུག་སྙམ་པ་བྱུང་། རྡོ་ཤེལ་ཡིན་ནམ་ཆུ་ཤེལ་ཡིན་ཆ་མི་འཚལ་ཡང་། སྤྱན་ཤེལ་སྨུག་མདོག་ཅིག་མནབས་འདུག་པ་ནི་སྤྱན་ལ་སྲུང་སྐྱོབ་ཀྱི་ཆེད་ཡིན་འདྲ། དེ་ཡང་མཇལ་སྣང་དོད་པོ་ཞིག་མ་བྱུང་། མཚམས་རེར་བོད་ལྭ་ཁམ་ནག་ཅིག་མནབས་པ་དང་། མཚམས་རེར་སྨན་པའི་གོས་དཀར་པོ་དེ་འདྲ་ཞིག་བཞེས་ནས་སློབ་གྲྭའི་ནང་ཡར་མར་ལ་ཕེབས་པ་མཇལ་དུ་ཡོད། ཁོང་ཐོག་མར་མཇལ་དུས། ནམ་རྒྱུན་སློབ་གྲྭ་གཞན་དག་ན་བོད་ལྭ་གྱོན་ནས་ཕེབས་མཁན་གྱི་དགེ་རྒན་མཇལ་དཀོན་སྟབས། འདི་ནི་གནས་སྐབས་རིང་སློབ་ཁྲིད་བྱེད་པར་ཡོང་བ་ཞིག་ཡིན་རྒྱུ་རེད་སྙམ་པ་ལས། སློབ་གྲྭ་འདིའི་གཏན་འཇགས་དགེ་རྒན་ཞིག་ཡིན་སྣང་མ་བྱུང་།
ང་ཚོ་སློབ་གྲྭ་དེར་འཛོམས་ནས་ཉིན་ཤས་རྗེས་ཙམ་ལ། གཞི་ནས་འཛིན་གྲྭ་ཚུགས་སོང་། ད་ལྟ་བསམས་ན། དགེ་རྒན་དབྱིན་གཉེན་དང་། དགེ་རྒན་རྟ་མགྲིན་རྒྱལ། དགེ་རྒན་བདུད་འདུལ་བཀྲ་ཤིས། དགེ་རྒན་གར་དབང་སོགས་དགེ་རྒན་རྒན་རབས་པ་རྣམས་ཀྱིས་གྲུབ་པ་ལུས་སོགས་ལེའུ་གནད་འགག་ཅན་དེ་ཚོ་འཁྲིད་འདུག དགེ་རྒན་གཞོན་རབས་པ་ཚོས་གནད་འགག་དེ་ཙམ་མེད་པའི་ལེའུ་དེ་ཚོ་འཁྲིད་འདུག ཨ་ཁུ་རྟ་མགྲིན་རྒྱལ་གྱི་འཛིན་གྲྭའི་སྐབས་སུ་ཕལ་ཆེར་བོད་སྨན་འཛིན་གྲྭ་གཞན་པ་ལ་རྒྱ་ཡིག་དང་ཆབ་སྲིད། སྙན་ངག་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱེད་ཀྱིན་ཡོད་པ་འདྲ། གང་ལ་ཟེར་ན། ཁོང་གི་དཔེ་ཁྲིད་སྐབས་སུ་བོད་སྨན་འཛིན་གྲྭའི་དགེ་རྒན་ཕལ་མོ་ཆེ་བ་ཕེབས་ནས་སློབ་ཁྲིད་ལ་ཉན་གྱི་འདུག
ཁོང་གི་འཁྲིད་སྟངས་ནི། དང་པོར་ཁྲིད་གཞི་ལེའུ་གང་ཡིན་པ་དེའི་ས་བཅད་ནག་པང་སྟེང་ལ་བྲིས། དེ་ངེས་པ་རྙེད་པ་ཞིག་འགྲེལ་བཤད་བགྱིས། དེ་ནས་ད་གཟོད་གཞུང་དངོས་ལ་ཞུགས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པ། དང་པོ་མདོར་བསྟན་ལ་གཉིས། གཉིས་པ་རྒྱས་བཤད་ལ་བཞི་སོགས་སུ་རེ་རེ་ནས་གང་ནས་གང་བར་དུ་ཡིན་པ་སོགས་ཀྱི་མཚམས་དང་། དེ་བཞིན་ཚིག་རེ་རེ་དང་དོན་རེ་རེ་སྟེ་ཚིག་དོན་གཉིས་ཀ་ཞིབ་གསལ་རེ་འགྲེལ་བཤད་བྱེད། མཚམས་རེར། སློབ་མ་ཚོ་འཐོམ་པའི་རྣམ་པ་ལྟ་བུ་གཟིགས་པ་ཡིན་ན། དཔེ་འཇོག་གཞན་དང་གཞན་དུ་བརྗེ་བ་སོགས་ཀྱི་ཐབས་ཤེས་སྤྱད་ནས་ཤེས་རག་བར་དུ་འགྲེལ་བཤད་ཀྱི་ཐབས་ཤེས་སྣ་ཚོགས་ལ་འཇུག ལན་རེར། ཁྱེད་རང་ཚོས་ནང་དོན་རིག་པ་ཏོག་ཙམ་ཤེས་རྒྱུ་ན།་ཁྱེད་རང་ཚོའི་སེམས་ལ་རྣོ་ཞིག་འཇོག་རྒྱུ་འདུག་ཅེས་གསུང་གི་ཡོད།
ཉིན་ཞིག གནས་ལུགས་ནད་གཞི་བཤད་སྐབས་ཀྱི་རྒྱུད་ཚིག་ན། པགས་ལ་གྲམ་ཞིང་ཤ་ལ་རྒྱས་པ་དང༌།།རྩ་རུ་རྒྱུ་ཞིང་རུས་ལ་ཞེན་པ་དང༌།།དོན་ལ་འབབ་ཅིང་སྣོད་དུ་ལྷུང་བར་འགྱུར།། ཞེས་པ་ལས་འཕྲོས་ཏེ། སྙན་ངག་གི་ཉམས་དང་འགྱུར་བའི་སྐོར་གླེང་སོང་བ་དེ་སྐབས། སློབ་གྲོགས་མང་པོར་སྙན་ངག་ཀྱང་དཔེ་ངོས་ཀྱི་ཚིག་རིས་འདེད་པ་ཙམ་མ་ཡིན་པར་ཁོང་ལྟར་གཅིག་ལ་གཉིས་སུ་འགྲེལ་བཤད་དང་སྦྱར་ནས་འཁྲིད་མཁན་རེ་ཡོད་ན་ཅི་མ་རུང་སྙམ་པ་འཆར་བཅུག་སོང་། འདི་ནི་དཔེ་མཚོན་ཙམ་ཡིན། ཚིག་དོན་གྱི་འགྲེལ་རྒྱག་སྐབས། མིང་ཚིག་དང་བྱ་ཚིག་གི་དག་ཆའི་སྐོར། ཕྲད་དང་རྣམ་དབྱེ་གང་ཞིག་སྦྱར་བའི་གནད་འགག བཤད་རྒྱུད་དང་མན་ངག་རྒྱུད། ཕྱི་མ་རྒྱུད་བཅས་གང་ཞིག་གི་སྐབས་འབྲེལ་ལེའུ་འཁྲིད་ཀྱི་ཡོད་པ་དེ་དང་དེ་རྒྱུད་སྔ་མ་སྔ་མའི་ལེའུ་གང་དང་གང་དུ་འབྲེལ་ཡོད་པ་སྣོན་འདེབས་ཀྱི་ཚུལ་དུ་དང་འབྲེལ་སྦྱར་གྱིས་འཁྲིད་སྟངས་དེས། སྔ་མ་སྔ་མ་ཕྱི་མ་ཕྱི་མས་རྒྱས་པར་བཤད་ཀྱིན་པའི་བབ་ཅིག་རྟོགས་སུ་འཇུག་པ་ཞིག་བྱེད། ཁྲིད་སྟངས་དེས། ད་གཟོད་སློབ་མ་རེ་རེའི་སེམས་ངོར་རིག་གནས་དེའི་སྤྱི་སྒྲོམ་ཞིག་བསླངས་ཏེ། སྐབས་འབྲེལ་གནད་འགག་དག་གསོག་མཛོད་ལྟ་བུ་ཡོད་པར་བྱས་པ་ནི་ད་ལྟ་བསམས་ན། ཁྲིད་ལ་མཁས་པ་ཙམ་མ་རེད། ཕུགས་རྒྱང་རིང་པོའི་དམིགས་པ་ཞིག་དང་སྦྲེལ་ནས་དཔེ་ཁྲིད་གནངས་འདུག
ཁོང་གི་དཔེ་ཁྲིད་སྐབས་སུ་འཛིན་ཁང་ནང་ཆུ་ཡིས་འཆག་འཆག་བཏབས་ནས་ས་རྡུལ་སོགས་མི་ལངས་པ་བྱེད། སྒོ་སམ་གཙང་མར་ཕྱིས་ནས་ས་སྨྱུག་བཞེས་པ་དང་ཡི་གེ་འབྲི་བ་སོགས་སྟབས་གང་བདེར་བྱེད། བཤད་སྟེགས་སྟེང་གཙང་ཕྱིས་དང་། བཤད་སྟེགས་ཀྱི་ཉེ་སར་དྲི་ཞིམ་བདུག་སྤོས་སྦར་བ་སོགས་དགེ་རྒན་གཞན་ཚོ་ལས་ཁྱད་ཞུགས་པའི་རྣམ་པ་མངོན་གསལ་ཅན་མང་དུ་བྱེད། དེ་ནི་སློབ་གྲོགས་ཁག་ཅིག་གིས་དྭང་བླང་ལྟ་བུར་བྱེད་པ་ལས། སུ་གང་གིས་བཀོད་མངགས་ལྟར་བྱེད་པ་ཞིག་མིན།
རྒན་རྟ་མགྲིན་རྒྱལ་གྱིས་སྒོ་སམ་སྟེང་དབུ་མེད་འབྲུ་ཚའི་ཡིག་གཟུགས་ཧ་ཅང་ཁམས་གཙང་དེ་འདྲ་ཞིག་འབྲི་ཡི་ཡོད། དེ་ནི་ཕལ་ཆེར་རེབ་གོང་གི་སྔགས་པ་ཚོས་ཆེད་དུ་སྤྱོད་པའི་ཡིག་གཟུགས་ཤིག་ཡིན་པ་འདྲ། དགེ་རྒན་གཞན་པ་ཚོས་ ཡིག་གཟུགས་དེ་འདྲ་འབྲི་ཤེས་ཀྱི་མི་འདུག
འཛིན་གྲྭའི་དགེ་རྒན་དང་སློབ་སྟོན་པ། སློབ་སྤྱི་སོགས་ཀྱིས་སྒྲིག་གཞི་སོགས་ནན་བཤད་བརྒྱ་ཚར་བྱེད་པ་ལས། དགེ་རྒན་རྟ་མགྲིན་རྒྱལ་གྱིས་ལམ་སྟོན་དང་གོ་བསྐོན་ཐེངས་གཅིག་བྱས་པ་སློབ་མ་ཚོས་གང་ནུས་ཀྱིས་སྒྲུབ་པ་ལ་འབད་པ་ཞིག་ཡོད། དེ་ནི་ཁོང་གིས་སློབ་མ་ཚོར་གཅར་རྡུང་སོགས་བྱས་པ་ལས་བྱུང་བ་མ་རེད། ཁོང་གི་ཡོན་ཏན་གྱི་གཟི་བརྗིད་ཀྱིས་དྲངས་པ་ཞིག་རེད།
ཉིན་ཞིག་ང་ཚོས་སློབ་གྲྭའི་འཛིན་སྐྱོང་གིས་རྒྱ་བོད་ཀྱི་སློབ་མར་ཁྱད་པར་བཏོད་ཀྱི་འདུག དེ་འགྲིག་གི་མི་འདུག་ཅེས་སློབ་གྲྭ་ནས་ཁུལ་མི་དམངས་སྲིད་གཞུང་བར་སྐད་འབོད་ལ་ཕྱིན་པ་དང་། དེ་རྗེས་ཉི་མ་འགའི་རིང་སློབ་མཚམས་བཞག་ཅིང་སློབ་གྲྭའི་ཟ་ཁང་ནས་ཟ་མ་མ་ཟོས་པར་ངོ་རྒོལ་བྱས། སྐབས་དེར་ང་ཚོས། ཕ་ཡུལ་རེབ་གོང་རང་ནས་ཡིན་པའི་སློབ་མ་ཚོས་ཉི་མ་རྟག་པར་རེབ་གོང་གི་བག་ལེབ་བམ་གོ་རེ་ཟེར་བ་དེ་འདྲ་ཆེ་ཆུང་མང་པོ་འཁྱེར་ཡོང་བ་དེ་ཟོས་ནས་བསྡད། ཕལ་ཆེར་ཉིན་དེ་ཚོར་རེབ་གོང་རང་ནས་ཡིན་པའི་སློབ་མ་ཚོ་བྲེལ་བ་ཆེན་པོ་ཆགས་ཡོད་ཚོད་ཡིན། རྗེས་ལ་ཤེས་དུས། དགེ་རྒན་རྟ་མགྲིན་རྒྱལ་དང་བདུད་འདུལ་བཀྲ་ཤིས་གཉིས་ཀྱིས་རེབ་གོང་ནས་ཡིན་པ་ཚོས་བཟའ་བྱའི་འགན་ཁུར་དགོས་པར་མངགས་བྱ་བྱས་ཡོད་སྐད།
ད་ནི་སྤྲོས་བཤད་བསྐྱུངས་ཏེ་མཇུག་བསྡུ་བར་ཞུགས་ན། རྒན་རྟ་མགྲིན་རྒྱལ་གྱིས་དཔེ་ཁྲིད་གནང་སྟངས་ནི། དཔེ་ངོས་ཀྱི་ཚིག་ཙམ་ལས་བརྒལ་མི་ཐུབ་པའི་རིགས་ལས་འདས་པ་ཞིག་སྟེ། སྐབས་འབྲེལ་གྱི་འཁྲིད་གཞི་དེ་ནང་དོན་རིག་པ་དང་། བཟོ་ཡི་རིག་པ། ལོ་རྒྱུས་རིག་པ། སྙན་ངག་རིག་པས་མཚོན་པའི་རིག་གནས་གང་ཞིག་དང་འབྲེལ་བ་དེ་དང་དེའི་གཏིང་བསྔོགས་ནས་འགྲེལ་བཤད་གནང་མཁན་ཞིག་ཡིན་པ་དང་། དེ་ཚུལ་ནི་དགེ་རྒན་གཞན་དང་གཞན། ཡང་ན། དགེ་རྒན་གཞོན་སྐྱེས་དེ་ཚོས་གནང་ཐུབ་ཀྱི་མེད་པ་ཡིན་སྟབས། རང་བཞིན་གྱིས་རྒན་རྟ་མགྲིན་རྒྱལ་ལགས་ལ་གུས་བརྩི་ཆེ་བ་དང་དགེ་རྒན་གཞན་དང་། ལྷག་དོན་དགེ་རྒན་གཞོན་སྐྱེས་ཚོར་ནི་རྒན་རྟ་མགྲིན་རྒྱལ་ལ་གུས་བརྩིིའི་བབ་དེའི་བརྒྱ་ཆ་ཉུང་ཤོས་ཤིག་ལས་ཐོབ་ཀྱི་མེད། དགེ་རྒན་གཞོན་སྐྱེས་ཚོས་ཀྱང་སློབ་མ་ཚོར་ཤ་ཚ་ཚ་དང་སྙིང་ཉེ་ཉེ་གནང་གི་མེད་པ་ག་ལ་ཡིན་ཏེ། ཡོན་ཏན་གྱི་ཁྱད་ཞུགས་པ་དེས་གུས་བརྩི་དེ་ཡང་རང་བཞིན་གྱིས་ཁྱད་པར་ཅན་ཞིག་ཡོང་གི་ཡོད།
མདོར་ན། སྐབས་དེར་མཚོན་ན། རྒན་དབྱིག་གཉེན་ཚང་ཕུད་དེ་མིན་དགེ་སློབ་ཚང་མ་ཨ་ཁུ་རྟ་མགྲིན་རྒྱལ་གྱི་དཔེ་ཁྲིད་ལ་ཕེབས་ཀྱི་ཡོད་སྟབས། སྐད་ཆ་སྐོར་ལོགས་ཤིག་གིས་བཤད་ན། སྐབས་དེའི་བོད་སྨན་འཛིན་གྲྭའི་ཁ་ལོ་བ་ལྟེ་བ་ནི་ཨ་ཁུ་རྟ་མགྲིན་རྒྱལ་ལགས་རེད། རྗེས་ལ་ཟི་ལིང་དུ་ཕེབས་ནས། གསོ་རིག་སློབ་གླིང་གི་དགེ་རྒན་གནང་བའི་རིང་དེར། གསོ་རིག་གཞུང་ལུགས་གཙོ་ཁྲིད་དང་ཆབས་ཅིག འཇུ་མི་ཕམ་རིན་པོ་ཆེའི་གསུང་<<མཁས་འཇུག>> ཀརྨ་རང་བྱུང་རྡོ་རྗེ་རིན་པོ་ཆེའི་གསུང་ <<ཟབ་མོ་ནང་གི་དོན།>> སོགས་ལས་གནད་འགག་རིགས་བསྡུས་ཏེ་དཔེ་ཁྲིད་རྒྱ་ཆེ་གནངས་པ་སོགས་ཀྱི་སྐོར་གོ་ཐོས་མང་པོ་ཡོད་དེ། དེ་ཚུལ་ནི་དེ་དེར་རྒྱུས་ལྡན་ཁོང་གི་སློབ་མ་མཁས་པ་རྣམ་པས་གསལ་འབྲི་གནང་འོས་སུ་ཆེ་ཞིང་འབྲི་ངེས་སུ་བསམ་སྟེ། འདིར་ནི་འབྲི་བའི་འབད་པ་བསྟེན་མ་དགོས་པ་ཞུས་ཡོད།
གསུམ། བྱས་པ་རྗེས་འབྲེལ་གྱི་སྐོར།
སྤྱི་ལོ་ 1983 ལོར་མཚོ་སྔོན་འཕྲོད་བསྟེན་སློབ་གྲྭའི་བོད་སྨད་འཛིན་གྲྭའི་དགེ་རྒན་དུ་ཕེབས་ནས་རྨ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭར་བཞུགས་པའི་ལོ་ངོ་དེ་དག་གི་རིང་དང་། དེ་ནས་སྤྱི་ལོ་ 1998 ལོར་མཚོ་སྔོན་གསོ་རིག་སློབ་གླིང་གི་དགེ་རྒན་དུ་ཕེབས་པའི་སྔ་རྗེས་སུ། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་པོ་ནས་ཕེབས་པའི་སློབ་མའི་ཚོགས་ཏེ། འབྲིང་རིམ་སྨན་པ། རབ་འབྱམས་ཞིབ་འཇུག་སློབ་མ། སྨན་པ་འབུམ་རམས་པ་སོགས་སློབ་གནས་མི་འདྲ་བ་མང་པོར་<<རྒྱུད་བཞི་>>དང་<<འགྲེལ་པ་འབུམ་ནག>>གིས་ཐོག་དྲངས་པའི་གསོ་རིག་གཞུང་ལུགས་དང་འགྲེལ་པ་རྙིང་གྲས་རིགས་དང་། <<མཁས་འཇུག་>>གིས་མཚོན་པའི་ནང་དོན་རིག་པ་སོགས་ཀྱི་དཔེ་ཁྲིད་རྒྱ་ཆེར་གནང་སྟེ། ཕོ་མོ་དབྱེར་མེད། རྒན་གཞོན་ཁྱད་མེད། སྐྱ་སེར་རིས་མེད་ཀྱི་སློབ་ཚོགས་སྟོང་ཕྲག་བརྒལ་བ་བསྐྱེད་བསྲིང་གནང་ཡོད།
དེ་དག་གི་སྐོར་སྐད་ཆ་སྟབས་བདེ་ཞིག་གིས་ཞུས་ན། མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་ཙམ་མ་རེད། མདོ་དབུས་ཁམས་གསུམ་དང་། རྒྱལ་ཕྱི་ནང་གང་སར་ཁོང་གི་སློབ་མ་ཚོས་གསོ་རིག་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་དང་གནང་བཞིན་པ་ཞིག་ཆགས་ཡོད་ཅེས་སྨྲས་ནའང་ཧམ་བཤད་དུ་མི་འགྲོ་བའི་ཚོད་ཆགས་ཡོད།
དེ་ཙམ་མ་རེད། ཁོང་གིས་རེབ་གོང་གི་དགོན་ལ་ཁ་དགོན་པ་སོགས་ནས་<<ཀུན་བཟང་བླ་མའི་ཞལ་ལུང་>>དང་། <<སྤྱོད་འཇུག་ཆེན་མོ་>> <<རིག་འཛིན་བསྙེན་ཡིག>> <<རྒྱུད་བླ་མ།>> <<སུམ་རྟགས་དག་གསུམ>> སོགས་ཀྱི་དཔེ་ཁྲིད་མང་པོ་གནང་སྟེ། དགོན་སྡེའི་གྲྭ་བཙུན་དང་གྲོང་གསེབ་ཀྱི་སྔགས་པ་དང་སྔགས་མ་ཤེས་ཡོན་ཅན་མང་པོ་སྐྱེད་བསྲིང་གནང་ཡོད་པའི་ཆ་ནས། སློབ་གྲྭའི་ཁོར་ཡུག་ཙམ་མ་ཡིན་པར་དགོན་པ་དང་གྲོང་ནའང་སློབ་མའི་ཚོགས་ཧ་ཅང་མང་པོ་ཡོད།
ཁོང་ནི་འཆད་པ་དང་རྩོད་པ། རྩོམ་པ་གསུམ་གྱིས་བསྡུས་པའི་མཁས་པའི་བྱ་བ་ལ་མངའ་བརྙེས་པ་ཞིག་ཡིན། ཁོང་གི་བརྩམས་ཆོས་དག་མཇལ་བ་ཡིན་ན། དགག་བཞག་སྤོང་གསུམ་གནང་སྟངས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཞུགས་ཡོད་པ་ཞིག་ཡིན། དེ་ཚུལ་ནི་ཁོང་གི་བརྩམས་ཆོས་དག་མཇལ་ན་ངོ་འཕྲོད་པར་ཡོད་པས། འདིར་རེ་རེ་ནས་ཞུ་བའི་ངལ་བ་བསྟེན་མེད།
ཁོང་གིས་རང་ཉིད་ཀྱིས་བོད་ཀྱི་གསོ་བ་རིག་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ལས་དོན་སྒྲུབ་པར་ཕྱོགས་བསྡོམས་ཤིག་གནང་འདུག དེ་ནི་འདི་ལྟ་སྟེ། “ད་ལྟ་ངས་བོད་ཀྱི་གསོ་རིག་ལས་དོན་ལ་ལག་རྗེས་ཉུང་ཙམ་འཇོག་ཐུབ་སོང་སྙམ་ནས་དགའ་བཞིན་ཡོད།”ཅེས་གསུང་འདུག
བརྩམས་ཆོས་སྐོར་ལ་མཚོན་ན། རྒྱུད་བཞིའི་འགྲེལ་པ་གྲགས་ཅན་<<སྐྱེམས་པ་ཚེ་དབང་གི་རྒྱུད་འགྲེལ>>་དག་སྒྲིག་དང་། མཚོ་སྔོན་གསོ་རིག་སློབ་གླིང་གི་<<བོད་སྨན་སློབ་དེབ>>་རིགས་རྩོམ་སྒྲིག་གིས་མཚོན་དག་སྒྲིག་དང་རྩོམ་སྒྲིག་གི་ཕྱག་ལས་མང་པོ་གནང་ཡོད་པ་དང་། དེ་དག་ལས་སློབ་དེབ་རིགས་གཅིག་སྟེ། <<ཚ་བ་གསོ་བ>> <<ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག>> སོགས་རིགས་གཅིག་ནི་གསར་རྩོམ་གྱི་རྣམ་པས་མཛད་ཡོད། གཞན་ཁོང་ལ། <<རྒྱུད་བཞིའི་བསྡུས་དོན།>> <<གདོན་ནད་ཀྱི་དཀའ་གནད>> <<སེམས་སེམས་བྱུང་སྐོར་གླེང་བ།>> <<བོད་ལུགས་གསོ་རིག་ལས་འཕྲོས་པའི་དོགས་གནས་འགའ་ལ་དཔྱད་པ>> སོགས་བརྩམས་ཆོས་མང་པོ་བཞུགས་ལགས་པ་བཅས་རེ་ཞིག་འདི་ཙམ་ལ་ཞུ་མཚམས་འཇོག་གི་ཡིན།
ཚིག་གི་ཕྲེང་བ་འདི་བཞིན་དམ་པ་ཁོང་གི་སློབ་མར་གཏོགས་པ་ཀུན་གྱི་གྲལ་མཐའི་ཡི་གེ་བ་གཡུ་ཐོག་རིག་འཛིན་པདྨ་རང་གྲོལ་བདག་གིས་རྗེས་སུ་དྲན་པའི་སེམས་ཁམས་ཙམ་ཡི་གེའི་རི་མོར་བགྱིས་པ་འདིར། ཞུ་ཉེས་སུ་གྱུར་རིགས་ཡོད་ངེས་པ་དག་ཤེས་ནས་སྨྲ་བ་རྣམས་ཀྱི་མདུན་སར་མཐོལ་བཤགས་སྔ་འབུལ་ཞུའོ།། །། སྤྱི་ལོ་ 2019 ཟླ་ 1 ཚེས་ 8 ལའོ།།
འདི་ལྟ་བུ་ཚད་ལྡན་ཅན་ལ་ངས་དུས་དུས་རྟག་ཏུ་གུས་ཞབས་དང་སྨོན་བཟང་ཡོད།།🙏🙏🙏🙏
རླུང་འཕྲིན་གསར་འགྱུར་བརྒྱུད་ལམ་ནང་ལ་མ་ཐོན་པ་ནི། རྗེས་ལུས་ཀྱི་རྟགས་མཚན་ཞིག་ལས་མ་འདས་སོ།།
ལོ་གསར་བ་ཐོན་ལ་ཉེ་བའི་བཀྲ་ཤིས་བདེ་ལེགས་ཞུ