བོན་རྒྱ་བསྟན་འཛིན་རབ་རྒྱས།
ལ་དྭགས་བློ་བཟང་འཇམ་དཔལ་གྱིས། “ བོད་ཀྱི་ཆོས་སྐད་ཀྱི་སྒྲ་དང་ཕྲད་དག་ལ་ཡང་མཐོང་རྩིས་མེད་པ་མཐོང་། དཔེར་ན། རྩོམ་ཡིག་འདི་འབྲི་བ་པོ། བོན་རྒྱ་བསྟན་འཛིན་གྱིས། མ་ལྡང་བའི་སྐྱོན་ལ། མ་འདང་བའི་སྐྱོན་དང་། འཛོམས་པར་མ་ཟད། འདུག་པར་མ་ཟད། མང་བར་མ་ཟད། ཅེས་པ་སོགས་ལ། འཛོམས་པ་མ་ཟད། འདུག་པ་མ་ཟད། མང་བ་མ་ཟད། ཅེས་སོགས་དང་། རིང་པོ་དང་ གང་པོ། སོགས་ལ། རིང་བོ་ གང་བོ། སོགས་དང་། གཅིག་པུ་ལ། གཅིག་པོ་དང་། རྐྱེན་གྱིས་ཞེས་པ་ལ། རྐྱེན་པས་དང་། གྱུར་པའི་ཞེས་པ་ལ་གྱུར་བའི་དང་། བཞི་པ་ལ། བཞི་བ། ནང་པ་ལ་ནང་བ་དང་། ལྔ་པ་ལ། ལྔ་བ། ཁུར་ལ་དོལ་ཞེས་ཆོས་སྐད་མིན་པར་ཁ་སྐད་དེ། ལུང་སྐད་ཀྱི་ཚིག་འདྲེས་པ་མང་ངོ་། །” ཞེས་བདག་གི་རྩོམ་ཡིག་《ཝཱ་ར་ཎ་སིར་བསྐྱོད་པའི་ཟིན་བྲིས་》ཀྱི་མཆན་དུ་སྤེལ་བ་ལ་དགའ་བསུ་དང་ལྷན་ཁོང་ལ་པ་བའི་ཐོབ་ཐང་གི་སྐོར་ནས་བསམ་ཚུལ་ཁ་ཤས་འབུལ་འདོད་བྱུང་། སྤྱིར་ན་འདི་དག་ནི་རྩོམ་འབྲི་བ་དག་ནོར་ས་འཁྲུལ་སའི་གཞི་ཁག་ཅིག་ཡིན་ལ། རང་རེའི་བརྡ་སྤྲོད་ཀྱི་གཞུང་ན་གསལ་ཁ་མེད་པའི་གནས་ཁ་ཤས་ཀྱང་ཡིན་པས། འདི་དག་གི་སྐོར་ནས་རྣམ་ཀུན་རང་གིས་རྩ་འཛིན་བྱེད་སྟངས་དང་སྦྱར་ནས་གསལ་བཤད་བྱ་རྒྱུ་ཡིན། རྒན་ལགས་ཀྱིས་འདི་དག་ཆོས་སྐད་མ་རེད་ལུང་སྐད་རེད་ཅེས་ཐག་གཅོད་ཀྱི་ཐ་ཚིག་བསྒྲགས་པ་ནི་མཁས་ཐལ་གྱི་ཆ་ཞིག་ལ་ངོས་འཛིན་ཞུ་གིན་ཡོད། དེ་ཡང་གནས་ལུགས་དང་རིགས་པའི་ངོས་ནས་དེ་ལྟར་ངོས་འཛིན་པ་ལས་སྡང་སེམས་སོགས་ཀྱི་ལྷད་གཏན་ནས་ཞུགས་མེད་ལ། རྒན་ལགས་དགུང་ན་ཇི་ཙམ་བགྲེས་ནའང་ད་དུང་དྲ་བར་ཞུགས་ནས་གཞོན་སྐྱེས་ཚོར་ལམ་སྟོན་དང་བགྲོ་གླེང་གནང་གིན་པར་རྣམ་ཀུན་ཡི་རངས་བྱུང་ཡོད།
དང་པོ་ལྡང་དང་འདང་ཞེས་པ་ནི་རྒན་ལགས་ཀྱིས་ཁ་བརྡ་དྲ་དེབ་ནང་དུ་ལན་མང་གསལ་བཤད་བྱས་ཡོད་ནའང་། ངས་ནི། དེ་ནི་མིང་ཚིག་གི་འཕེལ་རིམ་ལས་ལུང་སྐད་ཆིག་རྐྱང་བ་ཞིག་ལ་གཞར་ཡང་ཁས་ལེན་གྱིན་མེད། ཚང་མ་བོད་ཀྱི་བརྡ་སྤྲོད་ཀྱི་ལམ་ནས་ཇི་བཞིན་འབྲི་ཐུབ་ཅིང་གོ་ཐུབ་པ་ཤ་སྟག་ཡིན་པས་དེ་དག་ཡིག་སྐད་དུ་སྨྲ་བ་ལས་ལུང་སྐད་ཙམ་དུ་ཟད་པའི་རིགས་པ་ཅི་ཡང་མེད་སྙམ། ཡང་གཅིག་བཤད་ན། མིང་ཚིག་ཆིག་རྐྱང་བ་ཞིག་ཆོས་སྐད་རེད་ཟེར་ན་དེའང་གཏན་ནས་ཁས་མི་ལེན། རྒན་ལགས་ཀྱིས་ཆོས་སྐད་ཅེས་བརྗོད་འདུག་པ་འདི། བསྟན་བཅོས་ཀྱི་སྐད་དང་ཡིག་སྐད་དུ་བརྗོད་ཀྱི་ཡོད་ན་ནི། དེར་ནི་གོ་རྒྱུ་ཞིག་འདུག་སྟེ། དེ་སྟོན་གྱི་མེད་པ་འདྲ། དེས་ན། དཔེར་ན། བུམ་པ། ཀ་བ་སོགས་ཀྱི་བརྡ་སྐད་ཀྱང་ཡིག་སྐད་དུ་འོས་པ་ལས་ཆོས་སྐད་དུ་བསྙད་སྟངས་མེད། བུམ་པ་ཀ་བ་སོགས་ཆོས་སྐད་ཡིན་ན་ཐ་སྙད་དེ་ལས་རྣམ་མཁྱེན་དང་། མཐོང་ལམ། སྟོང་ཉིད་ལྟ་བུའི་བརྗོད་ཚིག་ལྟར་ཆོས་ཀྱི་བརྡ་ཞིག་སྟོན་དགོས་མོད། དེ་ནི་གཞར་ཡང་སྟོན་མི་ཐུབ་པས་དེ་དག་ཆོས་སྐད་ཡིན་ཞེས་པ་ལ་གད་མོ་ཤོར་སོང་། དེ་ལས་ཀྱང་ལྡང་ཞེས་པ་འདང་གི་དོན་ལ་འཇུག་པ་ནི་བརྡ་གསར་རྙིང་གི་འགྱུར་བ་དང་མིང་ཚིག་གི་འཕེལ་རིམ་ཞིག་ཡིན་པ་ལས་ཡིག་ནོར་ཞིག་ཡིན་པར་ངོས་འཛིན་གྱིན་མེད། ངག ངགས དངགས སྔགས བསྔགས་ཞེས་པ་དང་། ནག། ནགས། གནག སྣག ཞེས་པ་ལྟར་ལྡེངས། ལྡེང་། ལྡང་། འདང་། ཞེས་པ་རྣམས་ཀྱང་མིང་ཚིག་གི་འཕེལ་རིམ་ཞིག་རེད་སྙམ། ཡིན་ནའང་། སྔ་མ་གཉིས་ནི་བརྗོད་བྱའི་ཟབ་ཚད་ཀྱི་ཆ་ནས་འཕེལ་བ་དང་། ཕྱི་མ་ནི་བརྗོད་པ་སྟབས་བདེ་བའི་སྒོ་ནས་འཕེལ་བ་རེད་སྙམ། དཔེར་ན། དེབ་ཐེར་སྔོན་པོ་ལས། འོ་ན། ངའི་ཡོ་བྱད་ཀྱིས་༼ལྡེངས་པ༽་ཡོད་པས་གསུམ་ཀ་སྤྱན་དྲང་ངོ་ཞེས་པ་ལྟར་ལྡེངས་འདིའང་འདང་གི་དོན་ལ་འཇུག་པ་ཡིན་པས། སྐུ་ཉིད་ནས་འདང་གི་དོན་ལ་གནའ་སྐད་ངོ་མ་ཞིག་འབྲི་བསམས་ན་༼ལྡེངས༽་འདི་འབྲི་དགོས་པར་བསྐུལ་ན་འོས་པ་ལས་༼ལྡང༽་འདི་འབྲི་དགོས་པར་བསྐུལ་བ་ལ་རིགས་པ་དམིགས་བསལ་བ་གང་ཡང་མ་མཐོང་། ཡང་གསོ་བ་རིག་པའི་གཞུང་རྣམས་སུ། རླུང་མཁྲིས་བད་ཀན་དང། ཁྲག་དང་ཆུ་སེར་ལ་སོགས་པའི་ཚད་ཀྱི་སྐོར་སྟོན་སྐབས། ལུས་ཀྱི་ལྡང་ཚད། ཁྲག་གི་ལྡང་ཚད། ཆུ་སེར་གྱི་ལྡང་ཚད་ཞེས་བཀོད་ཡོད་ལ། དེ་དག་གི་སྐབས་སུ་ལྡང་ཞེས་པ་འདི་ད་ལྟ་ང་ཚོས་གླེང་མུས་ཀྱི་ཚད་གཞི་སྟོན་པའི་ཐ་སྙད་ཡིན། ལར་ནས་འདི་སྐོར་ཚད་གཞི་གཅིག་པུ་ལས་གཞན་ལ་ནོར་ས་དང་འཇུག་ས་མེད་པ་མིན་པར། ལྡང་ཞེས་པའང་འདང་བ་དང་། གཡུག་པ། གཡོ་བ། ལངས་པ་སོགས་ཀྱི་དོན་ལའང་འཇུག་པ་སྟེ། བསིལ་རླུང་ལྡང་ལྟ་བུ་དང་། ཇོ་བོ་རྗེའི་རྣམ་ཐར་ལས། དགེ་སྦྱོང་རྣམས་ནི་ང་རྒྱལ་གཞན་ལས་ཆེ། །ས་ཡི་བདག་པོ་འོངས་ཚེ་ཅིས་མི་ལྡང་། །ཞེས་པ་ལྟར་ནང་དོན་མི་འདྲ་བ་དུ་མར་འཇུག་པས་ན་ལྡང་ཞེས་པའང་ཚད་ལོངས་པ་ཁོ་ན་ལས་གཞན་ལ་ནོར་ས་མེད་པའི་ཐ་སྙད་གང་ཡང་མ་རེད། འདང་ལྟར་ནོར་ས་འཁྲུལ་ས་ཤིན་ཏུ་མང་བས་མཐའ་གཅིག་ཏུ་ཚད་ལོངས་པ་ལ་ལྡང་འབྲི་དགོས་པའི་རྒྱུ་མཚན་ཞིག་མ་མཐོང་། འདང་ཞེས་པའང་སྔ་འདང་ཕྱི་འདང་ཞེས་པ་ལྟར་བསམ་བློ་བཏང་བ་དང་། སྒོར་མོས་འདང་དང་། བདུན་ཕྲག་གཅིག་ལ་འདང་བའི་ཟ་མ་ཞེས་པ་ལྟར་ཚད་ལོངས་པ་དང་བཀོལ་ཡུན་ལ་འཇུག་པ། བརྩེ་འདང་ཞེས་པ་ལྟར་ཞེ་ཆགས་པ་ལ་འཇུག་པ་སོགས་འཇུག་ས་མི་འདྲ་བ་ཁ་ཤས་ཡོད་ནའང་སྐབས་ཐོབ་ཀྱི་ཡི་གེའི་སྡེབ་སྦྱོར་ལས་ནོར་ས་འཁྲུལ་ས་གང་ཡང་མེད་པར་གོ་བརྡ་དེ་དག་མ་ནོར་བར་སྟོན་ཐུབ་པས་ན་ཚད་ལོངས་པ་ལ་འདང་བྲིས་ནའང་ཡིག་ནོར་ཡིན་པར་བསྙད་སྟངས་ཤིག་མེད་པ་འདྲ།
ཡང་། ། འཛོམས་པ་མ་ཟད། འདུག་པ་མ་ཟད། མང་བ་མ་ཟད་སོགས་ལ་འཛོམས་པར་མ་ཟད། འདུག་པར་མ་ཟད། མང་བར་མ་ཟད། ཅེས་ར་སྒྲ་ཐོལ་བ་ཞིག་མཁས་པ་སྔ་མ་དག་གིས་བརྒྱབ་ཡོད་ཚོད་ཡིན་ནའང་དགོས་པ་ལྷག་པོ་གང་ཡང་མ་མཐོང་བས་དེ་དག་དོར་ནའང་བོད་ཀྱི་རིག་གནས་དང་ཆོས་སྐད་ལ་ལྷད་བརྒྱབ་པ་གང་དུའང་མ་ཚོར། ལྷག་པར་ཆོས་གཞུང་ནང་དུའང་སྒྲའི་མི་རྟག་པ་ལ་སྒྲ་མི་རྟག་པ་ཞེས་དྲུག་སྒྲ་བསྡུས་ཡོད་ས་ཤིན་ཏུ་མང་བས། འདི་དག་ནོར་བར་ངོས་འཛིན་པ་ནི་སྙིང་ཁམས་ཙམ་ལས་རིགས་པ་ཅི་ཞིག་ཡོད་ཅེས་འདྲི་འདོད་བྱུང་།
དེ་བཞིན་རིང་བོ་དང་། གང་བོ། བཞི་བ། ལྔ་བ། ནང་བ་སོགས་ལའང་རིང་པོ། གང་པོ། བཞི་པ། ལྔ་པ། ནང་པ་ཞེས་སུ་འབྲི་དགོས་པར་བསྙད་པ་རྣམས་ལའང་དེ་མཚུངས་སྙིང་ཁམས་ཙམ་ལས་རིགས་པ་གང་ཡང་མ་མཐོང་སྟེ། མིང་ཚིག་སོ་སོའི་ངོས་ཐད་ནས་དཔྱད་ནའང་བྱ་ཚིག་མིང་ཚིག་གི་དབྱེ་བ་དང་གོ་བ་ལོགས་ཀར་གྱེས་ནས་ནོར་ས་དང་འཁྲུལ་ས་ཅི་ཡང་མེད་པས། བོད་ཀྱི་བརྡ་སྤྲོད་ཐོབ་ཐང་གི་འགྲོས་དང་བསྟུན་ན་ཡག་ཤོས་རེད་སྙམ།
དཔེར་ན། བཅུ་པ། བཅུ་བ་ལྟ་བུ་ཡིན་ན་གཅིག་མིང་ཚིག་དང་གཅིག་བྱ་ཚིག་ལ་འགྲོ་གི་ཡོད་པ་དང་། དེ་བཞིན་ཀ་བ་དང་ཀ་པ་ལྟ་བུ་ཡིན་ནའང་། དང་པོ་གདུང་འདེགས་ཀྱི་དོན་བྱེད་ནུས་པ་དང་གཉིས་པ་དབྱེ་བ་གསལ་སྟོན་གྱི་ཐ་སྙད་དུ་སྤྱོད་པ་ལ་འཇུག་པས། ཐོབ་ཐང་གི་འགྲོས་དང་མ་བསྟུན་ནའང་དེ་མཚུངས་ཀྱི་དགོས་པ་ལྷག་པོ་ཡོད་མོད། ལྔ་བ། བཞི་བ། ནང་བ་སོགས་ལ་བསམ་བཞིན་དུ་པ་སྦྱར་བ་ནི་མཚན་ཉིད་པ་རིགས་བསྒྲེས་ཕོངས་པའི་སྐྱོན་ཞིག་དང་། རང་མཐོང་གི་ལྟ་བ་མཁྲེགས་པོར་བཟུང་བ་ཙམ་ལས་དགོས་པ་ལྷག་པོ་གང་ཡང་མ་མཐོང་། དེའི་ཕྱིར། བདག་གིས་རྣམ་ཀུན་ཚད་ལོངས་མ་ལོངས་བཤད་སྐབས་འདང་དང་། བཞི་བ། ལྔ་བ། ནང་བ་སོགས་ནི་ལེགས་བཤད་ལྗོན་དབང་ལས། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། །ཞེས་པའི་ཐོབ་ཐང་གི་འགྲོས་ལྟར་འབྲི་གིན་ཡོད། སྐུ་ཉིད་ཀྱིས་དགོངས་བཞེས་ཅུང་གནོངས་དང་། མང་བ་མ་ཟད་ལ་མང་བར་མ་ཟད་ཅེས་འབྲི་དགོས་པར་ནན་བཤད་གནང་ཞོར་མང་བ་དག་པ་དང་ནང་བ་ནོར་བར་འཛིན་པའི་རིགས་པ་དེ་གཉིས་ནི་ལྟག་ཆོད་ཀྱི་རལ་གྲི་ངོས་གཉིས་མ་ཞིག་མ་རེད་དམ། བཅུ་བ་དང་། ཀ་བ། ཁ་བ་སོགས་ནི་ཨང་གྲངས་རྐྱང་བ་ངོས་འཛིན་སྐབས་དང་སྔ་གཞུག་གི་མིང་ཚིག་གིས་གྲངས་གནས་ཡིན་པར་ནུས་པ་འདོན་མི་ཐུབ་པའི་སྐབས་སུ་བཅུ་པ། ཀ་པ། ཁ་པ་ཞེས་འབྲི་གིན་ཡོད། དེ་ནས་གྱུར་བ་ཞེས་པ་ནི་ཡང་འཇུག་མི་དགོས་པའི་ལུགས་སུ་བྱས་པ་ཡིན་པས་མཐའ་གཅིག་ཏུ་ད་དྲག་ཐོབ་ལུགས་ཤིག་ཇི་ལྟར་གསུངས་རྒྱུ་ཡིན། དེ་ནས་གཅིག་པུ་ལ། གཅིག་པོ་དང་། རྐྱེན་གྱིས་ཞེས་པ་ལ། རྐྱེན་པས་ཞེས་སུ་བྲིས་པ་ནི། ཁ་སྐད་ཀྱི་ཞད་འདྲེས་པ་བདེན་པ་རེད་དེ། མིང་ཚིག་རང་ངོས་ནས་གཅིག་པུ་དང་རྐྱེན་གྱིས་ཞེས་པ་དང་འདྲ་མཚུངས་ཀྱི་གོ་བརྡ་སྤྲོད་ཐུབ་ཁར་ད་དུང་ཚོར་བའི་སྣོན་མ་ཞིག་ཀྱང་རྒྱག་ཐུབ་པས། ལན་རེར་དེ་ལྟར་འབྲི་གིན་ཡོད་མོད། ངས་ཀྱང་གང་སར་དེ་ལྟར་འབྲི་གིན་མེད། ཡིན་ནའང་། ངས་ནི་གཅིག་པོ་དང་རྐྱེན་པས་ཞེས་པ་སོགས་ཀྱང་འདོར་བྱ་ཁོ་ནར་ཐེ་བའི་ཁ་སྐད་རྐྱང་མའི་གྲས་ལ་འདེད་ཀྱིན་མེད། དེ་ནས་ཁུར་ལ་དོལ་ཞེས་བྲིས་འདུག་ཅེས་པ་ནི་སྐུ་ཉིད་ཀྱིས་གཟིགས་ཞིབ་གཟབ་ནན་མ་བྱས་པ་དང་ངས་ཀྱང་དོ་སྣང་མ་བྱས་པའི་སྐྱོན་གཉིས་ཀ་འདུག དཔེར་ན། ངའི་རྩོམ་དེ་ག་རང་ན་ “སློབ་གྲྭ་འདི་ན་གསེར་དངུལ་ཟངས་ལྕགས་ཀྱི་ལྟ་གྲུབ་སྣ་ཚོགས་ཀྱི་དོ་བོ་ལས”ཞེས་བྲིས་ཡོད་པ་ལྟར་དོ་བོ་རང་དག་པར་འདོད། དེ་ལ་ཁུར་ཞེས་པའི་བྱ་ཚིག་བྲིས་ན་གད་མོ་སློང་བ་རང་ལས་ཅི་ཡང་མེད། དཔེར་ན། གསེར་དངུལ་ཟངས་ལྕགས་ཀྱི་ཁུར་ལས་ཞེས་འབྲི་དགོས་མོད། འདི་ནི་བོད་ཆོལ་ཁ་གསུམ་པོ་གང་གི་སྐད་ཀྱང་མིན་པ་མ་ཟད། བརྡ་སྤྲོད་རང་ངོས་ནས་བལྟས་ནའང་སྐྱོན་ཡོད་པ་ཡིན།
ཡ་ད་ཐེངས་བོན་རྒྱས་རྒན་ལ་དྭགས་བློ་བཟང་ལ་གསལ་བོ་ཞིག་བཤད་འདུག འོན་ཀྱང་། ངས་བལྟས་ན་ད་དུག་ཁོང་གིས་ཞལ་བཞེས་གནང་རྒྱུ་ཁག་པོ་ཡིན། གང་ཡིན་ཟེར་ན་ཨ་ཁུ་ཚང་གིས་ལས་སླ་པོ་ཁས་ལེན་གྱི་མ་རེད། གོང་གི་སྐད་ཆ་དེར་དངོས་ནས་རྒྱུ་མཚན་གསལ་བོ་ཞིག་ཡོད་པར་མཐོང་སོང་།
གསལ་བོ་ཞེས་པ་དེ་གསལ་པོ་་ཡིན་པ་གསལ་པོར་ཤེས་གི་འདུག
མེ་ཏོག་དཀར་པོ་ལ་ཡང་ནད་རྙིང་དེ་འཕར་ཡོང་གི་ཡོད་ས་རེད། ཡིན་ནའང་ང་ཡང་ནོར་འདུག་ དགོངས་དག་ནོར་བཅོས་བྱས་ནོ་དགའ་ཐ
པ་པོ་མ་མོ་དེ་ཚོ་མཐོང་དུས་ཉོབ་འགྲོ་ཡི་འདུག ང་རང་རྩོམ་སྒྲིག་ལས་ཁུངས་ཞིག་ཏུ་ལས་ཀ་ཡོད། མཚམས་མཚམས་སུ་རོགས་པ་མཉམ་དུ་འདིའི་སྐོར་རྩོད་པ་མང་པོ་ཐུག་མྱོང་།
ཡག་པོ་རེད།འདི་སྐོར་ངག་ཐོག་ནས་གསལ་པོ་ཞིག་བཤད་ན་བསམ་བྱུང་།ཁྱེད་ཚོར་སྐད་འཕྲིན་ཨང་གྲངས་ཡོད་འདི་ཞོག་དང་ང་ཚོས་དེའི་ལམ་ནས་ཁ་བརྡ་བྱེད་ཡ།
བོན་རྒྱ་བསྟན་འཛིན་རབ་རྒྱས་མཆོག་གིས། བདག་གིས་བྲིས་པ་ལ་ལན་བྲིས་པ་ལ། དགའ་བ་བྱུང་། ངས་བྲིས་པ་དེ་རྣམས་ལོ་མང་རྟག་སྦྱོར་གུས་སྦྱོར་གྱིས་ལོ་མང་རིང་སྦྱངས་པའི་འབྲས་བུ་ལས་བྱུང་བ་ཞིག་ལགས་ཀྱི། ཚོད་ཚོད་ཀྱིས་བྲིས་པ་ཞིག་མ་ཡིན། བྲིས་དང་འབྲི་དགོས་པའི་རྒྱུ་མཚན་ནི། བོད་ཡུལ་ཡོངས་དང་། ཤེས་རིག་ལྡན་པའི་ཛམ་གླིང་རྒྱལ་ཁབ་ཡོངས་ལ་ཁྱབ་པའི་བོད་ཀྱི་ཆོས་སྐད་དམ་རིག་གཞུང་གི་སྐད་དམ་བོད་སྤྱིའི་སྐད་ཀྱི་དག་ཆ་དང་། སྐད་འདིའི་ཚིག་རྣམས་གཞུང་དཔེ་རྣམས་སུ་གསལ་བ་ལྟར་གནས་དགོས་པ་དེ་ཡིན། ལས་འགུལ་ལ་འདི་ལ་སྔ་མ་ནས་མང་ཉུང་ཡོད་ངེས། དམིགས་བསལ་འདི་དང་འདི་ཞེས་མི་དྲན། འོན་ཀྱང་སྤྱི་ལོ་༡༩༩༤ལོར་བོད་རྗེ་མི་མངས་ལ་སྤྲིངས་པ། ཞེས་པ་ཞིག་སྐྱབས་མགོན་རིན་པོ་ཆེ་སོགས་ལ་ཕུལ། སྐྱབས་མགོན་རིན་པོ་ཆེས། ཕྱི་ནང་རྒྱུ་རྐྱེན་སྣ་ཚོགས་པས་བོད་ཀྱི་ཡི་གེའི་དག་ཆ་ཉམས་རྒུད་དུ་འགྲོ་བ་སེམས་ཀྱིས་མ་བཟོད་ནས། ཞེས་སོགས་གསུངས། སྤྲིངས་འདི། ལྗང་གཞོན་དུས་དེབ། ༡༩༩༧ འདོན་ཐེངས་༩པ། ཤོག་གྲངས་༡༡ནས་༤༩བར་ཡོདཔ་སྤར།
དེ་ནས་༢༠༠༩གློག་ཀླད་དུ་བཅུག་ཅིང་སྤར་པའི་གཞུང་དཔེ་བཅུ་ཙམ་ལ་དཔེ་ཆ་གཞན་དག་དང་གོ་བསྡུར་བྱས་ཏེ། མ་དག་པ་དང་དག་པ་བྲིས་ཏེ། ཤོག་གྲངས་བརྒྱད་ཅུ་ཙམ་ཡོད་པ་བཀྲམ། དེ་དག་བདག་གི་གློག་ཀླད་ན་ད་དུང་ཡོད་འདུག དཔེར་ན། རྒྱ་ནག་ཀྲིན་ཏུར་སྤར་པའི་ཤེས་འབྱུང་བློ་གྲོས་ཀྱི་སྤྱོད་འཇུག་འགྲེལ་པ་ན་ཡང་། ལན་ཞེས་པར་ལེན་ཞེས་པ་སོགས་ཡིག་ནོར་མཐོང་། འདི་ལ་སོགས་པ་བྱས་ཟིན་ཅིང་། ད་དུང་ཡང་གང་ཐུབ་བྱེད་ངེས་ཏེ། སྤྱོད་འཇུག་ལས།
དང་པོར་འབྱོར་པ་བརྟགས་ནས་ནི།
བརྩམ་མམ་ཡང་ན་མི་བརྩམ་བྱ།
བརྩམས་པ་ཉིད་མཆོག་ཡིན་གྱི།
བརྩམས་ནས་ལྡོག་པར་མི་བྱའོ།། ༤༧ །། ལེའུ་༧པ་
བསྟན་འཛིན་མཆོག་གིས། ༴བསྟན་བཅོས་ཀྱི་སྐད་དང་ཡིག་སྐད་དུ་བརྗོད་ཀྱི་ཡོད་ན་ནི། དེར་ནི་གོ་རྒྱུ་ཞིག་འདུག་སྟེ།༴ ཞེས་པར་ང་བོད་དུ་ཡོད་སྐབས་སུ། བསྟན་བཅོས་ཀྱི་སྐད་དང་ཡིག་སྐད་ཅེས་པ་གཉིས་ཀ་་ཡོངས་གྲགས་མེད་པ་ཞིག་ཡིན། ད་ལྟ་ཡང་། བསྟན་བཅོས་ཀྱི་སྐད། ཟེར་ན། བོད་རང་དང་ལ་དྭགས་སོགས་སུ་མགོ་འཐོམས་མི་འོང་ངམ། ཡིག་སྐད་ཟེར་བ་དེ་རྒྱ་ནག་ཀྲིན་ཏུར་ཁམས་པ་རྒན་པ་ཞིག་ནས་ཐོས་པ་སེམས་ལ་བབས། དེ་མིན་བོད་ཡོངས་གྲགས་ལ་ཆོས་སྐད་ཅེས་ཆུང་དུས་ཐོས། དགེ་འདུན་ཆོས་འཕེལ་གྱིས་ཀྱང་། དེབ་ཐེར་དཀར་པོ་ལྷ་ས་སྤར་མ་ཤོག་གྲངས། ༣༢པའི་མདུན་ཤོག་ན། ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན། ཞེས་སོགས་གསུངས།
ལྡང་ཞེས་པར། ༴ངས་ནི། དེ་ནི་མིང་ཚིག་གི་འཕེལ་རིམ་ལས་ལུང་སྐད་ཆིག་རྐྱང་བ་ཞིག་ལ་གཞར་ཡང་ཁས་ལེན་གྱིན་མེད། ཚང་མ་བོད་ཀྱི་བརྡ་སྤྲོད་ཀྱི་ལམ་ནས་ཇི་བཞིན་འབྲི་ཐུབ་ཅིང་གོ་ཐུབ་པ་ཤ་སྟག་ཡིན་པས་དེ་དག་ཡིག་སྐད་དུ་སྨྲ་བ་ལས་ལུང་སྐད་ཙམ་དུ་ཟད་པའི་རིགས་པ་ཅི་ཡང་མེད་སྙམ། ཡང་གཅིག་བཤད་ན། མིང་ཚིག་ཆིག་རྐྱང་བ་ཞིག་ཆོས་སྐད་རེད་ཟེར་ན་དེའང་གཏན་ནས་ཁས་མི་ལེན།༴ དེ་ཡང་ཁ་སྐད་ལ་བྲིས་པ་ཞིག་བོད་ཚང་མས་གོ་་ཐུབ་པ་སུས་བཤད་ཐུབ། ངས་ཆོས་སྐད་ལ་བྲིས་པ་ཞིག་བོད་ཚང་མས་གོ་ཐུབ་དགོས། མ་གོ་ན་ཤེས་ཚད་ཀྱིས་མ་ལྡངས་པ་ཡིན་ཟེར་ཆོག བོད་ལ་ཁ་སྐད་མང་བས་ཚང་མ་སུས་སྦྱང་ཐུབ། དེས་ན་ངས་ཆོས་སྐད་ལ་ཤུགས་རྒྱབ། ༴དེབ་ཐེར་སྔོན་པོ་ལས། འོ་ན། ངའི་ཡོ་བྱད་ཀྱིས་༼ལྡེངས་པ༽་ཡོད་པས་གསུམ་ཀ་སྤྱན་དྲང་ངོ་ཞེས་པ་ལྟར་ལྡེངས་འདིའང་འདང་གི་དོན་ལ་འཇུག་པ་ཡིན་པས། སྐུ་ཉིད་ནས་འདང་གི་དོན་ལ་གནའ་སྐད་ངོ་མ་ཞིག་འབྲི་བསམས་ན་༼ལྡེངས༽་འདི་འབྲི་དགོས་པར་བསྐུལ་ན་འོས་པ་ལས་༼ལྡང༽་འདི་འབྲི་དགོས་པར་བསྐུལ་བ་ལ་རིགས་པ་དམིགས་བསལ་བ་གང་ཡང་མ་མཐོང་།༴ ༼ལྡེངས༽ཞེས་པ་འདི་བདག་གིས་དིང་སང་གི་དབུས་གཙང་པ་དང་བོད་ཤར་ཕྱོགས་པ་དག་གིས་ཨ་ཡིག་ཨེ་ཡིག་ཏུ་འདོན་ཅིང་འབྲི་ཞེས་ལན་མང་དུ་བྲིས། འདི་ཡང་དེའི་ནང་གི་གཅིག་ཡིན་འདུག དེབ་ཐེར་སྔོན་པོ་མཛད་པ་པོ། འགོས་ལོ་གཞོན་ནུ་དཔལ་གྱིས་དེ་ལྟར་ནམ་ཡང་མི་གསུང་བ་ཐག་ཆོད། དཔེ་མ་དག་པ་ཞིག་རྙེད་པ་འདྲ།༴ཡང་གསོ་བ་རིག་པའི་གཞུང་རྣམས་སུ། རླུང་མཁྲིས་བད་ཀན་དང། ཁྲག་དང་ཆུ་སེར་ལ་སོགས་པའི་ཚད་ཀྱི་སྐོར་སྟོན་སྐབས། ལུས་ཀྱི་ལྡང་ཚད། ཁྲག་གི་ལྡང་ཚད། ཆུ་སེར་གྱི་ལྡང་ཚད་ཞེས་བཀོད་ཡོད་ལ། དེ་དག་གི་སྐབས་སུ་ལྡང་ཞེས་པ་འདི་ད་ལྟ་ང་ཚོས་གླེང་མུས་ཀྱི་ཚད་གཞི་སྟོན་པའི་ཐ་སྙད་ཡིན།༴ངས་ཁྱེད་ཀྱིས་ལྡང་ལ་གོ་དོན་གཉིས་ཡོད་པ་མཁྱེན་པ་ཐག་གཅད་ཀྱིས་ཟ་ཏོག་གི་ལུང་དེ་བསྡུས་པ་ཡིན། སླར་ལོག་ནས་དྲང་དགོས་པ་མཐོང་། སྤྱོད་འཇུག་ན། ༴དེ་སྙེད་ཀོ་བས་ག་ལ་ལྡང་།༴ པཎ་ཆེན་ཡེཤེས་རྩེ་མོས་བྲིས་པའི་དགེ་འདུན་གྲུབ་རྣམ་ཐར་ན། ༴རྒྱུ་ཡང་ལྡངས་པ་འདུག༴ ཞེས་སོགས་རང་ཅག་ལ་ལྟ་བདེའི་ཆེད་དུ་བཀོད་པ། དག་ཡིག་ཟ་མ་ཏོག་ཏུ། ༴ཉལ་ལས་ལྡང་དང་འཁོབས་པའི་ལྡང་།༴ འདིར་ལྡང་གཉིས་ལས་ཕྱི་མ་དེ་འཁོབས་ཀྱི་དོན་ཡིན། ངག་སྒྲོན་དུ་ཡང་། ༴སྟན་ལས་ལྡང་། ལྡང་ཚད།༴ རང་ཅག་ཕྱི་རབས་པ་དག་ལ་ཕན་པར་དགོངས་ནས། བསྟན་བཅོས་མཛད་པ་པོ་་དག་གིས། ལྡང་ལ་དོན་དག་གཉིས་རེ་གསུངས་པ་ཁྱེད་ཅག་སྔར་གྱི་མཁས་པའི་གཞུང་ལ་རྩིས་མཐོང་མེད་ན། བྱ་ཐབས་མེད་པ་ལྟ་བུ་ཞིག་ཏུ་མཐོང་།
༴ལྷག་པར་ཆོས་གཞུང་ནང་དུའང་སྒྲའི་མི་རྟག་པ་ལ་སྒྲ་མི་རྟག་པ་ཞེས་དྲུག་སྒྲ་བསྡུས་ཡོད་ས་ཤིན་ཏུ་མང་བས།༴ སྒྲའི་མི་རྟག་པ། ༷ཞེས་པ་ཞིག་གཞུང་གང་དུ་མ་མཐོང་། ཁྱད་ཆོས་གང་ཡིན། མིང་ཚིག་དེའི་རྗེས་ཐོག་དེ་མ་ཐག་ཏུ་འབྲེལ་སྒྲ་མེད་པར་འཇུག་དགོས། དཔེར་ན། རྟ་དཀར་པོ། ཞེས་པ་མ་གཏོགས་རྟའི་དཀར་པོ། ཞེས་པ་བོད་སྐད་ཤེས་པ་སུས་ཀྱང་མི་ཟེར། དེས་ན། སྒྲ་མི་རྟག་པ། འདི་ལ་ད་དུང་ཁྱེད་ཀྱིས་ཁྱད་གཞི་དང་ཁྱད་ཆོས་ཀྱི་འགྲོ་སྟངས་ལ་རྣམ་དཔྱོད་སྤེལ་དགོས་པར་མཐོང་། གལ་ཏེ་མི་རྟག་པ་ཁྱད་ཆོས་མིང་དུ་སྒྲུབ་ན། ཉིད། ཅེས་པ་སྦྱར་ཏེ། མི་རྟག་པ་ཉིད་གྲུབ། དེ་ནས་སྒྲའི་མི་རྟག་པ་ཉིད། ཅེས་ཆོག་གོ
༴ལེགས་བཤད་ལྗོན་དབང་ལས། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ།༴
ཁྱེད་ཀྱིས་ལེགས་བཤད་ལྗོན་དབང་གི་ཚིགས་བཅད་དེ་ལེགས་པར་དྲན་མི་འདུག དེ་ནི་འདི་ལྟར་ཡིན་དགོས་ཏེ།
ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་མཐར། །བདག་སྒྲ་ཡར་གྱུར་བ་དང་ནི།
ཆ་ལ་པ་ཉིད་སྦྱོར་བ་ལེགས། ཞེས་དགོས་ཏེ། དབུས་གཙང་གི་ཁ་སྐད་ལ་འཚམས་པ་ཡིན་ཀྱང་། དིང་སང་མདོ་སྨད་པའི་ཁ་སྐད་ལ་ ང་འ་ར་ལ་མཐའ་མེད་མཐར་མཐའ་གཅིག་ཏུ་བ་འབྲི་མ་གཏོགས་ཡར་གྱུར་དང་ཆར་གྱུར་རྩི་སྲོལ་མེད་པར་མཐོང་། བདག་ནི་ཆོས་སྐད་ལྟར་དང་། ངའི་ལུང་པ་དབེན་པ་ཁུག་ཀྱོག་ཡིན་པས་གནའ་བོའི་འབོད་སྟངས་ལྟར་བདག་སྒྲ་ལ་པ་ཁོ་ན་བཀོལ། བཀའ་བསྟན་གསུང་འབུམ་རྣམས་ལ་དེ་སྐད་ཡོད་པ་དང་མཐུན་པར་བཀོད་ཀྱི། ཁྱེད་ལ་བཀའ་བསྟན་གསུང་འབུམ་རྣམས་ཀྱི་ཡི་གེའི་དག་ཆ་རྣམས་ལ་བསྟུན་ནས་བྲིས་ཏེ། དེ་དག་སྲུང་སྐྱོབ་བྱེད་པ་ལ་མོས་པ་མེད་ན། གཞན་བཤད་དགོས་པར་མ་མཐོང་།
༴སློབ་གྲྭ་འདི་ན་གསེར་དངུལ་ཟངས་ལྕགས་ཀྱི་ལྟ་གྲུབ་སྣ་ཚོགས་ཀྱི་དོ་བོ་ལས”ཞེས་བྲིས་ཡོད་པ་ལྟར་དོ་བོ་རང་དག་པར་འདོད། དེ་ལ་ཁུར་ཞེས་པའི་བྱ་ཚིག་བྲིས་ན་གད་མོ་སློང་བ་རང་ལས་ཅི་ཡང་མེད།༴ངས་ཚིག་མཛོད་གཉིས། བོད་རྒྱ་ཚིག་མཛོད་ཆེན་མོ་དང་། ཇར་མན་པ། ཨེཅ། ཞསཅཀེ་H. Jaschkeབོད་ཨིན་ཚིག་མཛོད། ད་ལྟའི་ཚིག་མཛོད་སྒྲིགས་ཀྱི་མ་དཔེ་ལྟ་བུ། ༡༨༨༡ལ་ཐོག་མར་སྤར་པ། དེ་དག་ན། དོ་པོ། ཞེས་ཡོད་ཀྱི། དོ་བོ། ཞེས་མེད། འདི་ཁ་སྐད་ཡིན་གྱི། བཀའ་བསྟན་གསུང་འབུམ་དག་ན། ཁུར་ཞེས་པ་མ་གཏོགས། དོ་པོའམ་དོ་བོ་ཞེས་པ་མཐོང་མ་མྱོང་། འོན་ཀྱང་ཡོད་སྲིད། མ་མཐོང་ཕྱིར་ན་མེད་པ་མིན། ཞེས་རིགས་པའི་དབང་ཕྱག་དཔལ་ཆོས་ཀྱི་གྲགས་པས་གསུངས། བཅོམ་ལྡན་འདས་ཀྱིས་ཀྱང་། མདོ་ན། དགེ་སློང་དག ཁུར་ཡོད། ཁུར་འཁུར་བ་པོ་ནི་བདག་གོ ཞེས་གསུངས་པ་ཐོས། ངའི་ལུང་པར་ཁུར་ཟེར་ན་གོ དོ་པོ་ཟེར་ན་མི་གོ རྟས་ཐེག་པ་ལ་རྟ་ཁུར་དང་། མིས་ཐེག་པ་ལ་མི་ཁུར་ཟེར། ད་ལྟ་འདས་མ་འོངས་སྐུལ་ཚིག་བཅས་རིམ་བཞིན། འཁུར་ ཁུར་ འཁུར་ ཁུར། འདིར་མ་འོངས་པ་ཁུར་བར་བྱ་བ་ཡིན་པས་ན་ཁུར་ཞེས་མིང་དུ་ཆགས་པར་མངོན། སྐུལ་ཚིག་མིང་དུ་ཆགས་པ། ཆོས་ཞེས་པ་ལྟ་བུའོ།།
ལས་དང་ཉོན་མོངས་ནུས་པ་སྟེ།
གསུམ་པོ་དག་ལ་ང་རྒྱལ་བྱ། ལེའུ་ ༧ ཚིགས་བཅད་ ༤༩
ཉིན་གང་ལས་བྱས་པས་ཡིག་ནོར་དག་ལ་ཞུས་དག་མཛོད།
སུམ་རྟགས་རྩ་བ་ལས། ཡལ་ག་རྗེ་སི་ཏུའི་ལུགས་དང་། དེ་ལས་ལོག་པའི་ལུགས་ཀྱི་འཁྲུགས་རྩོད་རྙིང་པ་ཅིག་ཡིན་པ་འདྲ། ད་དུང་དེས་མ་ཚད། མངའ་རིས་དབུས་ཕྱོགས་དང་། མདོ་ཁམས་ཕྱོགས་གཉིས་ཀྱི་ཁྱད་ཆོས་འདོན་ཁུལ་ཡིན་པ་འདྲ། དེས་མ་ཟད། གཞིས་པའི་འབྲི་སྟངས་དང་། བྱོལ་པའི་འབྲི་སྟངས་ཀྱི་ཨུ་ཚུགས་མཐར་བསྐྱལ་ཅིག་ཀྱང་མིན་འགྲོ ལགས། ཁྱེད་ཀྱི་ཐུགས་ལ་གང་ཡོད། ང་ལ་གསལ་པོར་གསུངས་དང་། ཞུ་རྒྱུ་ཙམ་ལས་ལྷག་མི་འདུག་གོ །
མཁས་པའི་དབང་པོ་རྒན་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས་ཀྱི་དྲངས་ཚུགས་དང་། ཁུངས་བསྐྱལ་འདི་ལ་ནི། རྒྱབ་སྐྱོར་ཆ་ཚང་ཡོད་དོ། བདག་རྨོངས་པས་ཡིན་སྲིད་ཀྱང་། ཡིད་རངས་སོ། དེ་དེ་བཞིན་ནོ། ཞུ་བ་ལགས་སོ། །
རྒན་བློ་བཟང་ཁོང་ནི་རིག་གནས་ཤེས་མཁན་ཞིག་ཡིན་པ་ཀུན་གྱིས་མཁྱེན་ངེས་རེད། ལྷག་པར་དེང་གི་བརྡ་འཕྲིན་བརྒྱུད་ལམ་དུ་ཞུགས་པར་ཁོ་བོས་གུས་བཀུར་དང་ཐུགས་རྗེ་ཆེ་ཞུ་གི་ཡོད། ཡིན་ནའང་གོང་དུ་མཁས་པའི་དབང་བོ་ཞེས་ངོ་བསྟོད་བྱས་པ་འདི་མཐོང་བས་ཉོབ་སོང་། བོད་ཡིག་འབྲི་ཤེས་ཙམ་གྱིས་མཁས་པའི་དབང་པོ་ཇི་ལྟར་གྱུར་བ་རེད། ཀ་རྡོར་མིང་ཅན་གསལ་བཤད་ཅིག་གནོངས་དང་།
རིག་གནས་ཤེས་མཁན་ཞིག་ལ་རིག་གནས་ཤེས་མཁན་གྱི་མཁས་པའི་དབང་པོ་ཆགས་པ་མིན་ནམ། དེ་མིན་ན་ཕྱི་རྒྱལ་ནང་པ་མིན་པའི་བོད་རིག་པ་ཆེད་ལས་པ་དེ་ཚོ་ནང་ཆོས་ལ་མཁས་དབང་དང་། འཇམ་ནོར་དང་། སྲིད་སྐྱོང་བློ་སེང་ཡང་མཁས་དབང་མིན་པར་ཐལ་ཉེན་ཡོད་དོ། གང་ལ་སྦྱངས་པ་དེ་ལ་མཁས། ཕྱུགས་རྫི་འུར་རྡོ་འཕེན་ལ་མཁས། ཞེས་འདི་ཡང་ཁས་མི་ལེན་ནམ། ཨ་དགེ་ལགས།
ད་རེས་ཀྱི་བགྲོ་གླེང་འདི་ད་བར་དོན་སྙིང་ལྡན་པ་བྱུང་སོང་བས་ཚང་མར་བཀའ་དྲིན་ཆེ་ཞུ། མུ་འཐུད་རྩ་བ་སྔོགས་རོགས། ཡལ་ག་བཅགས་ནས་ཕན་ཐོགས་མིན་འདུག། བདག་སྒྲའི་བཀོལ་སྟངས་དེ་སོ་སོའི་ཕ་སྐད་ལ་མ་ལྟོས་པར་དཔེ་རྙིང་ཁག་དང་བསྟུན་ན་ཧ་ཅང་འཚམས། དེ་མིན་མཁས་པ་རེ་རེས་མི་འདྲ་བ་རེ་རེ་བཤད་པས་ད་ནི་ང་མགོ་འཐོམ་གྲབས་བྱེད་ཀྱིན་འདུག
དིང་སང་གི་དུས་སུ་བོད་ཡིག་དང་ལེགས་སྦྱར། ཨིན་ཡིག་དང་ཧིན་དི་བཅས་སྐད་རིགས་བཞི་ག་ཤེས་མཁན་བོད་རིགས་ཉུང་ཉུང་མིན་འགྲོ དེའི་ནང་ནས་གཅིག་ནི་རྒན་ལ་དྭགས་པ་གྲངས་ན་མི་འགྲིགས་སམ། ནང་ཆོས་དགེ་བཤེས་དང་ཤེས་ཚད་མཉམ་པ་ཡོད་ལ། སྐད་རིགས་དེ་བཞི་ག་ལ་མཁས་ན་ཡང་མཁས་དབང་མིན་ན། ཁྱོད་ཀྱི་བོད་རིགས་མཁས་དབང་གི་མཚན་གཞི་ད་ལྟ་གསོན་པོར་བཞུགས་བཅུ་ཡི་མཚན་གསུངས་ཐུབ་བམ། དེ་ནས་གཞི་ནས་ང་གཉིས་རྩོད་ཆོག ཨ་རིག་དགེ་མཐོང་ལགས།
རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལགས་ནི་དྲ་ཐོག་གི་དགེ་རྒན་ཆེན་མོ་ཡིན། ཁོང་གིས་དཔྱད་པར་བློ་ཡིད་བདེ། དེང་སྐབས་བོད་ཀྱི་ཡུལ་ལུང་སོ་སོའི་ཡུལ་སྐད་དང་ཁ་སྐད་དག་ལ་ཞེན་ཆགས་ཀྱིས་བདག་སྒྲ་དང་འབྲེལ་སྒྲ་ཡི་ཕྲད་སོགས་ལ་བཙན་འཛུལ་གྱིས་བཀོལ་སྤྱོད་གནང་མཁན་ནི་རྩོམ་པ་པོ་དང་ཡིག་མཁས་དག་གི་ཆེད་ལས་ལྟ་བུར་འཛིན་བཞིན་འདུག།
བོད་ཀྱི་སྐད་ཡིག་གཉིས་བཀོལ་སྤྱོད་ཟུང་དུ་མ་འབྲེལ་བས་ཡུལ་སྐད་དང་ཁ་སྐད་སོགས་ཆེས་ཆེ་སྤྱོད་པས་བོད་རིགས་ནང་ཁུལ་དབར་རང་སྐད་ཀྱིས་གོ་བརྡ་མ་འཕྲོད་པས་དཀའ་ངལ་འདི་ཆུང་ཆུང་ཞིག་མིན་ཡང་དེའི་སྐོར་ཡིག་མཁས་པ་དག་གིས་ངོ་ཐོག་གི་འགན་ཁུར་གནང་མཁན་ནི་ཤིན་ཏུ་དཀོན།
མཁས་དབང་རྣམ་པ་ཚོས་བགྲོ་གླེང་གཏིང་ཟབ་པ་གནང་གི་འདུག །བོད་ལ་དག་ཡིག་སྣ་ཚོགས་མཆིས་ཤིང་སྔོན་དང་ཕྱིས་ཀྱི་དག་ཡིག་ལའང་འགྱུར་བ་འགྲོ་གི་ཡོད་པ་ལྟར་སྔ་རབས་ཐམས་ཅད་མ་དག་པར་བརྩི་མི་རུང་ལ་ཕྱི་རབས་ཐམས་ཅད་དག་པར་ཡང་བརྩི་མི་རུང་བས་དག་ཡིག་ཆེ་ཆུང་གི་སྐད་བརྡའི་འབྱུང་ཁུངས་ནི་ཤར་དར་རྩེ་མདོ་ནས་ནུབ་ལ་དྭགས་པར་གྱི་སྐད་ཀྱི་གདངས་ལས་འཕོས་པ་ཤ་སྟག་ཡིན་སྟབས་གོ་རྒྱུ་ངེས་ཅན་ཏན་ཏན་ཡོང་ངེས་བ་ཡིན། སྣང་ཆུང་གཏན་ནས་བྱེད་མི་རུང་། །མིང་ཚིག་གི་རྗེས་འདེད་བྱེད་རྒྱུ་ཟེར་ན་ཧ་ཅང་ཁག་པོ་རེད། དེ་བས་དག་ཡིག་སོ་སོར་ཁུངས་གཏུགས་ནས་བཤད་ན་ཕན་སླེབ་ཆེ།
མདོ་སྨད་པ་རྣམས་བ་ལ་འདང་ཆེ་ཞིང་། །དབུས་པ་རྣམས་ནི་པ་ལ་ལྷག་པར་དུངས། །བ་ཡི་ཚབ་ཏུ་པ་ཡིག་བཙན་སྦྱོར་འདི། །སྐད་ཡིག་བཙན་གནོན་ཆ་ཤས་ཡིན་པར་གོ །དེ་ལྟ་བས་ན་རིག་པའི་དཔའ་བོ་རྣམས། །འགྲོ་བ་མི་ཡི་ཐོབ་ཐང་རྩོད་པ་བཞིན། །ཡི་གེའི་ཐོབ་ཐང་རྩོད་པའང་དོན་ལྡན་དུ། །ལེགས་པར་མཐོང་ནས་ལུང་དང་རིགས་པ་ཡིས། །ཡི་གེའི་སྦྱོར་བ་ཚད་དང་ལྡན་པར་གྱིས། །ཆ་ལ་པ་ཉིད་སྦྱོར་བ་ལེགས་ཞེས་པ། །མི་བུ་གཅིག་གི་བསམ་ཚུལ་ཙམ་ཞིག་ལས། །ཁྲིམས་སུ་བཅོས་པ་དེ་འདྲ་ཡེ་མིན་པས། །བརྒྱ་ཁ་གཅིག་གཅོད་གཡག་སྣ་ཁུ་ཚུར་གྱི། །རྣམ་ཐར་རྙིང་བའི་ཁྲོམ་ས་ཡོད་མ་ཡིན། །
དང་པོར་འབྱོར་པ་བརྟགས་ནས་ནི།
བརྩམ་མམ་ཡང་ན་མི་བརྩམ་བྱ།
མ་བརྩམས་པ་ཉིད་མཆོག་ཡིན་གྱི།
བརྩམས་ནས་ལྡོག་པར་མི་བྱའོ།། ༤༧ །། ལེའུ་༧པ་
རྐང་པ་གསུམཔར་མ་ཡིག་དགག་སྒྲ་ཆད་པ་སླར་བཅོས་པ་ལགས། སང་ཉིན་ནས་བཟུང་ཉིན་ཁ་ཤས་རིང་ལ་གནས་བསྐོར་ཞིག་ལ་འགྲོ་བ་ཡོད། ཀ་བརྡ་བལྟ་ཐུབ་བམ་མི་ཐུབ་མི་ཤེས། དབྱངས་ཅན་གྲུབ་པའི་རྡོ་རྗེས་སུམ་ཅུ་པའི་སྙིང་པོར་བདག་སྒྲའི་སྐོར་ལ་གསུངས་པའི་ཚིགས་བཅད་དེ་ཇི་ལྟ་བ་བཞིན་བློ་ལ་མི་འགྲོ། མཁྱེན་པ་ཞིག་གིས་འདིར་འབྲི་བར་མཛོད། འོན་ཀྱང་དེ་ན་བ་ཡིག་བདག་སྒྲར་བཀོལ་བ་བཀའ་བསྟན་གསུང་འབུམ་བཅས་དང་མི་མཐུན་པ་ཡོད་པ། གཞུང་དཔེ་དེ་རྣམས་ལས་གང་རུང་རེ་ཀློག་ན་མཁྱེན་ངེས། ཞེས་སོ།།
དྲ་ཐོག་གི་མི་བུ་ཀླད་ལྗང་ཅན་ཁ་ཤས་ཀྱི་རྒན་ལ་དྭགས་པ་བློ་བཟང་ལགས་ལ་ཉན་མི་འདོད་པའི་ཚིག་རིས་ཁ་ཤས་སྤུངས་ནའང་། རྒན་ལགས་ནས་དེ་ལ་གསུངས་ལན་གང་ཡང་བསྒྲགས་མ་སོང་བས་བཀའ་དྲིན་ཆེ། གོང་གི་དྲ་གྲོགས་མི་ཉུང་བ་ཞིག་གིས་གསུངས་པར་ལྟར། རྒན་ལགས་ནི་ངོ་མ་རང་མི་རིགས་ཀྱི་སྐད་ཡིག་ལ་གཅེས་འཛིན་དང་མཐོ་འདེགས་གཏོང་མཁན་གྱི་དྲ་རྒྱ་ནང་གི་ང་ཚོ་ལས་དང་པོ་བ་ཚོར་དགེ་རྒན་གཙུག་ཏུ་བཀུར་འོས་པ་ཞིག་ཡིན་པར་གོར་མ་ཆག ད་དུང་གོང་དུ་བོན་རྒྱ་ལགས་ཀྱིས་ “དེ་ཡང་གནས་ལུགས་དང་རིགས་པའི་ངོས་ནས་དེ་ལྟར་ངོས་འཛིན་པ་ལས་སྡང་སེམས་སོགས་ཀྱི་ལྷད་གཏན་ནས་ཞུགས་མེད་ལ། རྒན་ལགས་དགུང་ན་ཇི་ཙམ་བགྲེས་ནའང་ད་དུང་དྲ་བར་ཞུགས་ནས་གཞོན་སྐྱེས་ཚོར་ལམ་སྟོན་དང་བགྲོ་གླེང་གནང་གིན་པར་རྣམ་ཀུན་ཡི་རངས་བྱུང་ཡོད། “ཅེས་གསུངས་ཏེ། བོད་མི་རིགས་ཀྱི་གོམས་གཤིས་བཟང་པོ་སྟེ་རྒན་པ་ལ་ཡ་རབས་གུས་བཀུར་གྱིས་ཐོག་ནས་གནས་ལུགས་རྒྱུ་མཚན་རྣམས་རང་གི་རྣམ་དཔྱོད་ཀྱིས་རྩལ་ལ་བརྟེན་ནས་བགྲོ་གླེང་བྱ་རྒྱུ་དང་། དགག་བཞག་སྤོང་གསུམ་གྱིས་སྒོ་ནས་ཁ་བརྡ་བྱས་པ་ནི་བོན་རྒྱ་ཁོང་དང་ཁོང་ལྟ་བུའི་མིག་དཔེ་འོས་པའི་རྟུལ་ཞུགས་བཟང་པོ་ཁོ་ན་ཡིན་པས་ཐུགས་རྗེ་ཆེ། དེས་མིན་རང་ལུགས་བཞག་རྒྱུ་མེད་པར་གཞན་ལ་གང་འདོད་དང་ཚིག་ངན་ཅི་རིགས་སུ་སྤྱོད་དེ་སྔོན་ཆད་རྒྱ་གུང་ཁྲན་གྱིས་རིག་གནས་གསར་བརྗེ་དང་དངོས་པོ་གསར་བརྗེ། སྐད་ཡིག་གསར་བརྗེ་སོགས་མཚོན་པའི་གསར་བརྗེ་མང་པོ་བགྱིས་ཡོད་པའི་ཁོངས་ནས་རིག་གཞུང་གསར་བརྗེ་ཟེར་ནས་གཞོན་པས་རྒན་པ་ལ་གུས་བཀུར་བྱེད་མི་དགོས་པ་དང་། རྒན་པས་གཞོན་པ་ལ་ལྟ་སྐྱོང་དང་སློབ་གསོ་གཏང་མི་དགོས་པ་སོགས་ཀྱི་གསར་བརྗེ་ལག་བསྟར་བགྱིད་པ་མ་ཡིན་ནམ།
རྒན་ལ་དྭགས་བློ་བཟང་མཆོག་གིས་ལན་གནང་བ་ལ་དགའ་བོ་བྱུང་། ཡིན་ནའང་། མདོར་དེད་ན་རིགས་པ་མེད་ཚོད་རེད།རིགས་པ་ཡོད་ན་ངས་བཤད་པའི་རིགས་པ་དག་སུན་འབྱིན་དགོས་པ་རེད། དེ་མ་གཏོགས་ཁྱོད་ཀྱི་བཀའ་བསྒྲགས་ནས་ཕན་ཁེགས་པོ་རེད། བོད་ཀྱི་ཡིག་སྐད་ལ་ཆོས་སྐད་ཀྱིས་ཁྱབ་དགོས་ཟེར་ན། བོད་ཀྱི་རིག་གནས་ལའང་ཆོས་ལུགས་ཀྱིས་ཁྱབ་དགོས་ཞེས་ཁས་ལེན་དགོས་ཐུག་གི་རེད། བོད་ཀྱི་ཡིག་སྐད་ཡོད་ཚད་སངས་རྒྱས་པའི་བཀའ་བསྟན་ནང་ཡོད་དགོས་ན་གཤེན་རབ་པའི་བཀའ་བརྟེན་ནང་ཡོད་པའི་བསྟན་བཅོས་མང་པོ་ཞིག་ཁ་སྐད་ལ་གྱུར་བ་མ་རེད་དམ། དེ་ནས་ཐོབ་ཐང་ཟེར་བ་དེ་བརྡ་སྤྲོད་སྨྲ་བས་དཔྱད་གླེང་དང་བརྡ་སྤྲོད་མཁན་པོས་ཐག་གཅོད་རྒྱུ་ཞིག་རེད་མ་གཏོགས། སྲིད་གཞུང་ལ་སྙན་ཞུ་ཕུལ་ནས་བཙན་བཀའ་གཏོང་འཇུག་རྒྱུ་ཞིག་མ་རེད། ཅིག་ཡིག་ནོར་རེད། ཉིག་ཆོས་སྐད་མ་རེད་ཅེས་སོ་སོ་དབང་ཕྱུག་ཡིན་པའི་བཟོ་ལྟ་མ་འཛིན་རོགས།་དཔར་རྙིང་ཡིན་ནའང་རྩོམ་པ་པོའི་དགོངས་པ་ཡིན་པའི་ངེས་པ་ཡོད་པ་མ་རེད། དཔར་རྙིང་ཚང་མའང་དཔར་བརྐོ་ཞིག་གི་ལག་བརྒྱུད་དགོས་པ་རེད། མདོར་ན་ངས་ཁྱོད་ལ་དྲིས་པའི་དྲི་བ་མང་པོ་ཞིག་ལ་ལན་མི་འདུག རྒན་ལགས་གནས་སྐོར་ནས་ཚུར་ཕེབས་དང་ལྷོད་ལྷོད་ཀྱིས་བསམ་ཚུལ་སྤེལ་རེས་བྱེད་དགོས།
རྒན་ལ་དྭགས་པ་ལགས།
དང་པོར་འབྱོར་པ་བརྟགས་ནས་ནི།
བརྩམ་མམ་ཡང་ན་མི་བརྩམ་བྱ།
མ་བརྩམས་པ་ཉིད་མཆོག་ཡིན་གྱི།
བརྩམས་ནས་ལྡོག་པར་མི་བྱའོ།། ༤༧ །། ལེའུ་༧པ་
རྐང་པ་གསུམ་པར་མ་ཡིག་དགག་སྒྲ་ཆད་པ་སླར་བཅོས་པ་ལགས། གསུངས་དོན་ཅི་ཡིན་ནམ། ངས་འྤྱོད་པའི་སྤྱོད་འཇུག་ནང་ལ་ཚིག་དེ་ག་རང་ཇི་མ་ཇི་བཞིན་འདུག་ལགས།
ང་ལ་ཡོད་པའི་ལེགས་བཤད་ལྗོན་དབང་ལས།
ན་རོ་ཡོད་མེད་པ་བ་མ། །
བདག་པོའི་སྒྲ་སྟེ་ག་ད་ན། །
བ་མ་ས་དང་དྲག་མཐར་པ། །
ང་འ་ར་ལ་མཐའ་མེད་ལ། །
བདག་སྒྲ་ཡར་གྱུར་བ་དང་ནི། །
ཆ་ལ་པ་ཉིས་སྦྱོར་བ་ལེགས། །
མིང་མཐའི་པ་བའང་ཕལ་ཆེར་འདྲ། །
མ་ནི་ངེས་མེད་སྐབས་དང་་་་་་་་་་་་་་་་་་་སོགས་སོ། །
ཨམ་སྐད་ངག་གི་སྦྱོར་བ་ལ།།
རྗེས་འཇུག་ཅུ་དང་མཐའ་མེད་མཐར།།
མིང་དང་བདག་པོ་སྟོན་པའི་ཚིག།
ག་ད་ན་བ་མ་ལྔ་ལ།།
པ་པོ་ག་ལ་ག་གོ་ཡང་།།
ང་འ་ར་ས་ལ་མཐའ་མེད།།
བ་བོ་ར་ལ་ར་རོ་དང་།།
མ་མོ་ཅན་ལྡན་ཀུན་མཉམ་དུ།།
འཇུག་པ་མ་ནོར་ཤེས་བར་བྱ།།
ཆོལ་གསུམ་བོད་མིའི་བློ་ལ་ཟུངས།།
དཔེར་ན།
ག་ད་ན་བ་མ།
ཡག་ག། ཡག་གོ། ཡག་པ། ཡག་པོ། མེད་པོ བསྟོད་པ། དཔོན་པོ། སྦྱིན་པ། ཐོབ་པོ། འཐེབ་པ། ལྡོམ་པོ། སྡོམ་པ། ལྟ་བུའོ།
ང་འ་ར་ས་ལ་དང་མཐའ་མེད།
བཟང་བོ། གསང་བ། དགའ་བོ། མཐའ་བ། དཀར་རོ། དར་ར། དཀར་བོ། དར་བ། བྲོས་བོ། ནུས་བ། གྱོལ་བོ། འགྲེལ་བ།། ཁྲོ་བོ རྔ་བ། ལྟ་བུའོ།
ག་ང་ད་ན་བ་མ་འ་ར།།
ལ་ས་དང་མཐའ་མེད་མཐར།།
མ་མོ་གཉིས་ཀ་གང་བདེར་སྦྱོར།།
གྲོགས་མོ། བཟང་མ། ལྟད་མོ། རྒན་མོ། ལྟེབ་མ གཡེམ་མ། དགའ་མ། སྡར་མ། ཁོལ་མ། བྲོས་མ། རྔ་མ། ལྟ་བུའོ།
ཨ་མདོ་བའི་མྱི་རིང་མྱི་རྒྱུད། ཕ་(ཧ)་ཚེ་བུའི་རིང་ལ་བཤད་པའི་ངག་བརྡ་ནི་འདི་འདྲ་ཞིག་ཡིན་པ་རེད། དྲ་གྲོགས་ཚོ།
ག་ང་ད་ན་བ་མ་འ།།
ར་ལ་ས་དང་མཐའ་མེད་མཐར།།
མ་མོ་གཉིས་ཀ་གང་བདེར་སྦྱོར།།
ཨམ་སྐད་ལ་དཀར་པོ་ལ། དཀར་རོ། ཟེར་ན། ངའི་ཕ་ཡུལ་སྐད་དུ། དཀར་པོ་ལ། དཀར་རུ། ཟེརད་ཀྱང་། དཀར་རོ་དང་དཀར་རུ་དེ་གཉིས་ཀ་བོད་སྤྱི་སྐད་ནང་ལ་བེད་སྤྱོད་མ་གནང་ན་རང་གཞན་གཉིན་ཕན་མིན་ནམ། ལགས། མ་རེད་པེ།
དེང་སང་གྲྭ་ཟུར་བོན་རྒྱ་ཚང་དེ་སྣང་བ་མཐོར་འདེགས་ཀྱིས་མཁས་པ་་ལ་དྭགས་པ་ལའང་མཐོ་ཚད་སྨ་ཚད་བྱས་ཤེས་ཀྱི་འདུག་་་་སུས་སྐུབ་བཀྱགས་པ་རེད།་་་་སྤྱིར་བཏང་ལྕགས་ཀྲིང་སྟོང་པ་རྣམས་རྡོ་ལ་བརྡབ་ན་སྐད་ཚ་པོ་ཡོད་པ་དངོས་ཡོད་རེད།་་་་་་ད་དུང་མུ་མཐུད་ནས་བརྡབ་པར་གྱུར་ན་མི་རྣམས་རྣ་བར་ཚ་རྒྱུ་རང་རེད་འདུག་་་་་་མཁས་པ་ཧོར་གཙང་ཚང་གིས་སྔ་མ་སྔ་མར་བཤད་པ་རྣམས་ཇི་ལྟ་བར་ཕྱི་མ་ཕྱི་མར་བྱས་ནས་བཤད་ཁུལ་བྱས་འདུག་་་་་ལོ་རབས་དགུ་བཅུའི་ནང་མི་གཞན་ཞིག་ལ་བྱུང་བའི་ནད་རྙིང་དེ་སྟོང་ལོ་གསར་པའི་ནང་ཨ་ཟུར་བོན་རྒྱ་ཚང་ལ་སྐྱར་སློག་ཅིག་བྱུང་ཡོད་པ་འདྲ་་་་་་་ཇི་སྐད་དུ།་་་་མཁས་པ་རང་གིས་དཔྱོད་ཤེས་ཀྱི།།་་་་བླུན་པོ་གྲགས་པའི་རྗེས་སུ་འབྲངས།།་་་་ཁྱི་རྒན་ཀུ་ཅོ་འདོན་པ་ན།།་་་་རྒྱུ་མཚན་མེད་པར་གཞན་དག་རྒྱུག།་་་་ཅེས་དང།་་་དོན་དམ་མཁས་པ་ཕྱི་ཚུལ་བལ་ལས་འའཇམ།།་་་་་ཡོན་ཏན་ཆུང་ལྡན་ཀུ་ཅོ་འདོན་ལ་མཁས།།་་་ཞེས་གསུངས་སོ།།་་་་འདི་ནང་ཟུར་ཟ་ཙམ་མིན་པར་དོན་དམ་གཏིང་ཕུགས་ཀྱི་ལན་ཡང་ཡོད་པས་དགའ་བར་བགྱིས།།་་་་ཉམས་སུ་བླང་བར་བགྱིས།།་་་་་
དཀར་རུ་ཟེར་ན་རྦད་དེ་ནོར་བ་རེད། རྒྱུ་མཚན་ནི་དཀར་བུ་མི་ཟེར་རོ།
དཀར་རོ་ལ་རྒྱུ་མཚན་ཡོད་པ་རེད། ན་རོ་ལ་འགྱུར་བ་མེད་པ་རེད། ར་ཡིག་ནི་རང་སྒྲ་འདྲེན་པའི་བརྗོད་བདེ་རེད། ཤེས་སོང་ངམ།
འདིར་ཁོ་བོས་ཞུ་འདོད་པ་ཞིག་ནི། དེང་གི་དུས་སུ་པ་བའི་ཐོབ་ཐང་རྩོད་མཁན་དང་བོད་རང་བཙན་དང་ལམ་དབུ་མ་རྩོད་ནི་ཚོ་ཡང་མིན་ན་སེམས་ཁམས་མི་དྭངས་པ་དང་། དེ་མིན་ན་སྤྱི་ཚོགས་ཀྱི་ནང་དུ་ད་སྔ་ཡན་གཤིབ་མ་མྱོང་བ་དང་། དེ་ཡང་མིན་ན་དམིགས་ཡུལ་ངན་པ་ཞིག་གི་མེ་ཐོག་ཆུ་བླུགས་བྱེད་ན་འདོད་པ་ལས་མ་མཆིས་སོ། ། རྒན་བློ་བཟང་ཁོང་ལ་མཁས་པའི་ཐ་སྙད་ཀྱིས་བསྙད་འོས་ཀྱང་དབང་བོ་ཞེས་པའི་བརྡ་ཚིག་ད་དུང་མི་འབྱོར་བ་འདྲ། དེའི་དོན་ནི་དབང་བོ་ཞེས་པའི་དོན་དུ་སོམས་དང་ཤེས་སླ། ཀརྡོར་ལགས།
ལགས། ལགས་སོ།
རྨྱུར་མགྱོགས་རླུང་གི་ཕོ་གསར་ཤུགས་ཤད་ཀྱིས།
ན་ཆུང་སྤྲིན་གྱི་བུ་མོ་སྲུབ་པ་ལས།
འདོད་པའི་ཆར་ཆུ་ཟིལ་མའི་ཉིང་ཁུ་རྒྱུན།
གསར་སྐྱེས་དབྱར་གྱི་དཔལ་ཡོན་གཞོན་ནུ་འཁྲུངས།
ལ་དྭགས་པ་བློ་བཟང་འཇམ་དཔལ་དང་བོན་རྒྱལ་གཉིས་ཀྱི་རྩོད་ལན་་་་དེ་ལྟའི་ལ་རྗེས་སུ་ཡི་རང་ཡོད་་་་་་་ཕན་པ་ལས་གནོད་པ་མེད་པའི་གཞི་ཞིག་རེད་འདུག་མཐོང་་་་་
ཡ་ཡ ད་ཡང་རྒན་ལ་དྭགས་པ་ལ་ཚིག་གཅིག་མ་ཞུས་ག་མེད་ཆགས་སོང་། སྤྱིར་པ་བ་པོ་བོ་སོགས་ཀྱི་ཐོབ་ཚུལ་ཁུངས་ལུང་རྒྱུ་མཚན་དྲངས་ནས་རྩོད་པ་ནི་ཤིན་ཏུ་ནས་འོས་པ་ཞིག་ལོས་ཡིན་མོད། ཁལ་དོས་སམ་ཁུར་དང་དོན་གཅིག་པའི་དོ་བོའམ་དོ་པོ་ནི་བོད་ཆོལ་ཁ་གསུམ་ལ་ཡོངས་སུ་གྲགས་པ་ཡིན་པས་དེའང་མ་དག་པར་ཁུར་ཟེར་བར་འབྲི་དགོས་ཟེར་ན་དངོས་གནས་བཙན་ཤེད་ལས་མ་འདས་ཏེ། དངོས་པོ་རེ་རེར་ཡང་མིང་གི་རྣམ་གྲངས་མི་འདྲ་བ་དུ་མ་ཡོད་ཆོག་པའི་ཕྱིར། མངོན་བརྗོད་ལས་དངོས་པོ་རེ་ལ་མིང་གི་རྣམ་གྲངས་བརྒྱད་དགུ་བཅུ་གྲངས་རེ་ཡོད་པ་དེ་དག་ཀྱང་སྔོན་གྱི་དཔེ་ཆ་ག་གེ་མོ་ཞིག་ན་འདི་བྲིས་འདུག་ ལུང་པ་ག་གེ་མོས་ཀྱང་འདི་ཟེར་གྱིན་འདུག་ཅེས་གཞན་རྣམས་མ་དག་པས་འདོར་དགོས་པ་ཡིན་ཟེར་གྱི་ཡིན་ནམ། དོ་བོའམ་དོ་པོ་ནི་བོད་མདོ་དབུས་ཁམས་གསུམ་གང་གི་སྐད་ལའང་ཡོད་ལ་སུས་ཀྱང་གོ་ཐུབ་པ་ཡིན། དེ་དོ་བོའམ་དོ་པོ་གང་ཡིན་དཔྱད་ན་དཔྱད་འོས་པ་ཞིག་ལས་དེའི་ཚབ་ལ་ཁུར་ཟེར་དགོས་ཟེར་ན་དངོས་གནས་ཧ་ཅང་མཁས་ཐལ་ཆེ་དྲགས་པ་མིན་འགྲོ གལ་ཏེ་རང་གི་ལུང་པ་ཁོ་ན་ཙམ་ནས་རྒྱུན་དུ་བཀོལ་སྤྱོད་བྱེད་པའི་མིང་ཞིག་ཡིན་ཀྱང་ཡིག་སྐད་དུ་བཀོལ་མི་ཆོག་པ་ཨེ་ཡོད་ན། རང་དང་ཡུལ་ཕྱོགས་གཅིག་པ་ལས་གཞན་སུས་ཀྱང་གོ་ཐུབ་ས་མ་རེད་སྙམ་པ་འདུག་ན་དེའི་མཇུག་ཏུ་གསལ་བཤད་རེ་བྱས་བཞག་ཀྱང་སྐྱོན་ཅི། མ་གཞི་ནས་སྐད་ཡིག་གི་ལས་འགན་ནི་སྐད་ཆའི་ཚབ་བྱས་ནས་གཞན་ལ་གོ་བརྡ་སྤྲོད་རྒྱུ་ཙམ་རེད། དེས་ཕ་རོལ་པོར་གོ་བརྡ་འཕྲོད་ན་དོན་གོ་ཆོད་པ་མ་ཡིན་ནམ།
ཀརྡོ་གཉེར་ཕྱག་པ་མཆོག་དང་། མཁ་དབང་བོན་རྒྱ་བསྟན་འཛིན་རབ་རྒྱས། ཨ་ར་དཀར་པོ་ལེགས་སོགས་བོད་ཀྱི་རིག་གཞུང་འཛིན་པ་པོ་རྣམས་ལ། བཀའ་མངགས་ཞུས་་པ་བཞིན་།
ལེགས་བཤད་ལྗོན་དབང་ལས།
ན་རོ་ཡོད་མེད་པ་བ་མ། །
བདག་པོའི་སྒྲ་སྟེ་ག་ད་ན། །
བ་མ་ས་དང་དྲག་མཐར་པ། །
ང་འ་ར་ལ་མཐའ་མེད་ལ། །
བདག་སྒྲ་ཡར་གྱུར་བ་དང་ནི། །
ཆ་ལ་པ་ཉིས་སྦྱོར་བ་ལེགས། །
མིང་མཐའི་པ་བའང་ཕལ་ཆེར་འདྲ། །
མ་ནི་ངེས་མེད་སྐབས་དང་སྦྱར། །
བདག་སྒྲའི་སྐོར་ཞུས་ཟིན། མིང་མཐའ་འདྲེན་ཚུལ་ལ་རྗེས་འཇུག་ང་ལ་མཚོན་ན། འོང་བ། ལྡང་བ། འབྱུང་བ། འདི་དག་མིང་ལ་ཡང་འཇུག་སྟེ། འོང་བ་མེད་པ་འགྲོ་མེད་པ། འབྱུང་བ་བཞི། ལྟ་བུ་དང་། རྐང་པ། ཁང་པ། དཔུང་པ། ཞེས་པ་སོགས་ལ་ཆོས་སྐད་དེ། བོད་སྤྱིའི་སྐད་དང་བསྟུན་ན་ནོར་ཏོ།།
དཔལ་ཨ་ར་དཀར་པོས།༴ཁལ་དོས་སམ་ཁུར་དང་དོན་གཅིག་པའི་དོ་བོའམ་དོ་པོ་ནི་བོད་ཆོལ་ཁ་གསུམ་ལ་ཡོངས་སུ་གྲགས་པ་ཡིན་པས་དེའང་མ་དག་པར་ཁུར་ཟེར་བར་འབྲི་དགོས་ཟེར་ན་དངོས་གནས་བཙན་ཤེད་ལས་མ་འདས་ཏེ།༴
འདི་ལ་དྲི་བར་བྱ་སྟེ། དོ་པོ། ཞེས་པ་ཁྱབ་ཆེ་བ་ཡིན་ནམ། ཁུར། ཁྱབ་ཆེ་བ་དེ་འབྲི་དགོས་པར་མ་ཟད། དོ་པོ། བཀའ་བསྟན་གསུང་འབུམ་དག་ན་མཆིས་སམ། བདག་གིས་ད་བར་དུ་མ་མཐོང་། ཁྱེད་ཀྱིས་གཟིགས་ན། བསྟན་བཅོས་མིང་། ཤོག་གྲངས་བཅས་འབྲི་བར་མཛོད། ངས་ནི་བཀའ་བསྟན་གསུམ་འབུམ་རྣམས་ཀྱི་སྒྲ་རྣམས་བོད་རིག་གཞུང་སྦྱངས་པའི་འབྲས་བུར་དེ་དག་གི་དག་ཆ་རྣམས་སྲུང་འདོད་ཀྱིས་སྨྲས་པ་མ་གཏོགས། བཙན་ཤེད་ཀྱིས་འདི་འདྲ་འབྲི་དགོས་ཞེས་ནམ་ང་སྨྲ་མི་ཐུབ་ཀྱང་། གལ་ཏེ་སྨྲས་པ་ཡོད་ན། བཟོད་གསོལ་དང་། ཁྱེད་ཀྱིས་ཀྱང་བོད་རིགས་ཉམས་མྱོང་ཅན་ཞིག་ཡིན་པའི་ཆ་ནས་བཀའ་བསྟན་གསུང་འབུམ་རྣམས་ཀྱི་དག་ཆ་རྣམས་སྲུང་དགོས་པ་དེ། བོད་ཀྱི་མཁས་དབང་ཡིན་པར་མ་་ཟད་བོད་མིའི་གཅིག་སྒྲིལ་ལ་དགོངས་ཏེ། དེབ་ཐེར་དཀར་པོར་བཀོལ་བའི་མིང་ཚིག་རྣམས་ཀློག་པས་ཀྱང་ཤེས་སོ།། ༹
ནམ་ང་སྨྲ་མི་ཐུབ་ཀྱང་། ཞེས་པར་། ནམ་ཡང་སྨྲ་མི་ཐུབ་ཀྱང་། ཞེས་བཅོས་སོ།
མཁ་དབང་། ཞེས་པ་དེ་མཁས་དབང་ཞེས་བཅོས། རླངས་འཁོར་ལས་ཆུ་ཚོད་༦ཙམ་འདིར་སླེབས་པར་འགོར་བར་མ་ཟད།དྲ་འཕྲིན་སྐྱེལ་བྱེད་ངའི་གནས་ཁང་གི་ལྟར་ཤུགས་མེད་པ་ཞིག་འདུག སང་ཉིན་ཡུལ་ཁག་གཞན་ལ་འགྲོ་ངེས། དེ་ན་དྲ་འཕྲིན་སྐྱེལ་བྱེད་མཐུན་རྐྱེན་འཛོམས་ན། ཁྱེད་རྣམས་ཀྱི་ལན་ཡོད་ན། ཀློག་ཆོག ཅེས་སོ།།
བོན་རྒྱ་དང་རྒན་ལ་དྭགས་ལགས་ཀྱིས་རྩོད་པ་ལེགས་པོ་གནང་འདུག། ཁོ་བོས་ཀྱང་ཁག་མེད་པའི་འགན་ཁུར་ནས་འདིར་ཚིག་གཅིག་གཉིས་ཙམ་ཞིག་ཞུ་འདོད་བྱུང་། དེ་ཡང་བོན་རྒྱས་རྩོམ་ཡིག་གི་མགོར་ལ་དྭགས་པ་ལ་མ་གུས་པ་དང་སྡང་སེམས་ཀྱིས་གཏན་ནས་མིན་ཞེས་གསུངས་འདུག་ཀྱང་། ཀ་བ་ཞེས་པའི་ཚིག་གིས་རྣམ་མཁྱེན་དང་སྟོང་ཉིད་གང་ཡང་སྟོན་མི་ནུས་པའི་ཕྱིར་ཆོས་སྐད་དུ་མི་རུང་ཟེར་བ་དང་། ལ་དྭགས་པའི་ལན་ལ་རིག་པ་གང་ཡང་མིན་འདུག་ཅེས་པ་རྣམས་ལ་གཞིགས་ན་བོན་རྒྱ་ལགས་ཁ་ཞེ་གཉིས་མེད་མིན་པ་འདྲ་ཞིག་ཏུ་སྣང་བྱུང། དེ་དག་གི་རྒྱུ་མཚན་རེ་རེ་བགྲང་ན། ང་ཡི་ལུང་པར་བཀའ་བསྟན་དག་ན་བྲིས་པའི་སྐད་ཡིག་ལ་ཆོས་སྐད་ཅེས་བརྗོད་སྲོལ་ཡོད་ཅིང་། ལ་དྭགས་པས་དགེ་འདུན་ཆོས་འཕེལ་གྱི་ལུང་དྲངས་པ་ལྟར་ན་བོད་ལ་ཡང་དེ་ལྟར་བརྗོད་སྲོལ་ཡོད་འདུག། དེ་ལྟར་ན་བོན་རྒྱས་དེ་མ་མཁྱེན་པ་དང་མ་གཟིགས་པ་ཡོད་མི་སྲིད་སྙམ། དེས་ན་ཀ་བ་ཞེས་པའི་ཚིག་གིས་རྣམ་མཁྱེན་དང་སྟོང་ཉིད་ཀྱི་བརྗོད་དོན་སྟོན་མིནུས་པས་ཆོས་སྐད་དུ་མི་རུང་ཞེས་རྒོལ་བར་བྱས་པ་ནི་ལ་དྭགས་པ་ལ་བརྙས་བཅོས་བྱས་པ་ལས་མ་འདས་སོ། །རྒྱུ་མཚན་ནི་ཆོས་ཞེས་པའི་ཚིག་གི་གོ་དོན་རྣམ་མཁྱེན་དང་སྟོང་ཉིད་ཁོ་ན་ལ་འཇུག་པར་འདོད་ན་དེ་ལྟར་རྒོལ་རུང་ཡང་། དེ་ལྟར་མིན་པ་ནི་བོན་རྒྱས་མི་མཁྱེན་པ་ག་ལ་སྲིད། གལ་ཏེ་ཆོས་སྐད་ཅེས་པ་མཐའ་གཅིག་ཏུ་རྣམ་མཁྱེན་དང་སྟོང་ཉིད་སྟོན་པའི་སྐད་ཡིག་ཅིག་ལ་ངོས་འཛིན་དགོས་ཟེར་ན་ཡང་དབུ་མའི་གཞུང་ལུགས་རྣམས་སུ་ཀ་བ་སྟོང་ཉིད་གཏན་ལ་འབེབས་པའི་རིག་པ་མང་དུ་མཆིས་པས་ཀ་བ་ཆོས་སྐད་དུ་མི་རུང་བའི་དམ་བཅའ་ལ་གནོད་པ་འབྱུང་བར་གདོན་མི་ཟ་བ་ཡང་བོན་རྒྱས་མི་མཁྱེན་པ་མི་སྲིད་སྙམ། བོན་ཀྱི་བཀའ་རྟེན་དག་ན་བྲིས་པའི་ཐ་སྙད་རྣམས་ཆོས་སྐད་མིན་པར་འགྱུར་ཞེས་པ་ལ་ཅུང་ཟད་བརྟག་དགོས་པར་སྣང་ཡང་། ད་བར་དུ་ཁོ་བོས་མཇལ་བའི་བོན་གྱི་གསུང་རབ་རྣམས་སུ་ནི་ནང་པའི་གསུང་རབ་རྣམས་སུ་ཆོས་ཞེས་བྱུང་བ་ལ་བོན་ཞེས་བཀོད་པ་ཙམ་ལས་ཁྱད་པར་གཞན་མ་མཐོང་། མདོར་ན་ལ་དྭགས་པས་ཡི་གེའི་དག་ཆ་ཆོས་སྐད་དང་བསྟུན་དགོས་ཞེས་བརྗོད་པའི་དགོངས་དོན་གང་ཡིན་བོན་རྒྱས་མཁྱེན་བཞིན་དུ་མ་མཁྱེན་ཁུལ་གྱིས་ལ་དྭགས་པ་ལ་བསྙད་འདོགས་ནས་རྩོད་བཞིན་པ་ཁོ་བོས་ཤེས་ཀྱང་། རང་ཉིད་འབྲི་རྩལ་ལ་སྦྱངས་པའི་ཆེད་དུ་དེའི་དགོངས་དོན་བཀྲལ་བ་སྤྲོ་བས་ཞུགས་པར་བྱའོ། །དེ་ཡང་ལ་དྭགས་པས་ཡི་གེའི་དག་ཆ་ཆོས་སྐད་དང་བསྟུན་དགོས་ཞེས་པའི་དགོངས་པ་ནི་དཔེར་ན་ལྡང་ཞེས་པ་གསུང་རབ་རྣམས་སུ་གྲགས་ཤིང་དེས་ཁ་སྐད་དུ་ཡང་གོ་དོན་སྤྲོད་མི་ནུས་པ་མེད་བཞིན་དུ་དེའི་དོད་དུ་འདང་ཞེས་འབྲི་དགོས་དོན་མེད་ཟེར་བ་མ་གཏོགས། གསུང་རབ་རྣམས་སུ་མེད་ན་བོད་སྐད་ལ་ཡོད་ཀྱང་དེ་ལྟ་བུའི་ཐ་སྙད་ཡིག་ཐོག་ཏུ་འབྲི་མི་ཆོག་ཅེས་པ་མིན་པར་ངེས་སོ། །དེ་བཞིན་བདག་སྒྲ་དང་མིང་མཐའི་པ་བའི་ཐད་དུ་ཡང་གསུང་རབ་རྣམས་སུ་པ་མང་བར་བཀོལ་བ་ནི་དེ་དུས་ཀྱི་ཡིག་མཁན་རྣམས་དབུས་གཙང་མང་ཆེ་བའི་རྒྱུ་མཚན་གྱིས་ཡིན་པར་བརྗོད་པ་ནི་ཁུངས་མེད་ཀྱི་འཆལ་གཏམ་དུ་སེམས་སོ། །དེ་ལྟར་ན་བསྟན་པ་སྔ་དར་གྱི་དུས་སུ་ཡིག་མཁན་མང་ཆེ་བ་འབྲུག་པ་ཡོད་པར་འདོད་དགོས་པར་འགྱུར་ཏེ། བརྡ་རྙིང་རྣམས་སུ་འབྲུག་པའི་སྐད་ཀྱི་ཐ་སྙད་མང་དུ་སྣང་བས་སོ། །
‘དེ་ཡང་ཁ་སྐད་ལ་བྲིས་པ་ཞིག་བོད་ཚང་མས་གོ་་ཐུབ་པ་སུས་བཤད་ཐུབ། ངས་ཆོས་སྐད་ལ་བྲིས་པ་ཞིག་བོད་ཚང་མས་གོ་ཐུབ་དགོས། མ་གོ་ན་ཤེས་ཚད་ཀྱིས་མ་ལྡངས་པ་ཡིན་ཟེར་ཆོག བོད་ལ་ཁ་སྐད་མང་བས་ཚང་མ་སུས་སྦྱང་ཐུབ། དེས་ན་ངས་ཆོས་སྐད་ལ་ཤུགས་རྒྱབ།’ བོན་རྒྱས་ལ་དྭགས་པ་ལ་རིག་པ་མིན་འདུག་ཅེས་བརྗོད་ཀྱང་ངས་ནི་གོང་གི་ཚིག་རྐང་ལྔ་པོ་དེ་རིག་པ་ཀུན་གྱི་རྒྱལ་པོ་ཞིག་ཏུ་མཐོང་ངོ་། །དེས་ན་དེའི་སྟེང་དུ་ངས་སྣོན་པ་ཞིག་རྒྱག་ན། བརྡ་སྤྲོད་པའི་རིག་པ་སྦྱང་དགོས་དོན་ཡང་དེ་རེད། གལ་ཏེ་བརྡ་སྤྲོད་པའི་གཞུང་ལུགས་དང་བསྟུན་མ་དགོས་པར་སོ་སོའི་ལུང་པའི་ཁ་སྐད་ལྟར་འབྲི་བས་ཆོག་ན་བརྡ་སྤྲོད་པའི་རིག་པ་མང་དུ་སྦྱང་དགོས་དོན་མེད་པར་འགྱུར་ལ། གསལ་བྱེད་སུམ་ཅུ་ཙམ་སྦྱངས་པས་ཆོག་པར་འགྱུར་བའི་ཕྱིར་རོ། །
ཆེས་ཐོག་མར་རང་ཅག་བོད་ཡོངས་ཡིས་བཀའ་བསྟན་གསུང་འབུམ་དག་གི་མིང་སྒྲ་སོ་སོའི་དག་ཆ་ལ་སྲུང་དགོས་པ་གལ་ཆེ་བར་མཐོང་། རྐྱེན་པ་དང་གཅིག་པོ་ཞེས་པའི་སྒྲ་གཉིས་བདག་གིས་བཤད་པ་ལྟར་མ་དག་པར་ཁས་བླངས་པས། བོན་རྒྱ་བསྟན་འཛིན་རབ་རྒྱས་ངས་མཁས་དབང་གི་གྲས་སུ་བཞག་ཡོད། གལ་ཏེ་རང་གཏམ་མ་གནས་པ་དང་ལུང་རིགས་མ་བརྩི་ན། དེ་ལ་མཇུག་ཏུ་འགྱུར་བ་འབྱུང་སྲིད།
ཀརྡོ་གཉེར་ཕྱག་པ་མཆོག་དང་། གཞན་བོད་སྤྱིའི་སྐད། ཆོས་སྐད་དུ་གྲགས་པ་དེའི་དག་ཆ་སོགས་སྲུང་དགོས་པ་ལ་ཕྱག་ལས་མཛད་པ་པོ་རྣམས་ལ་ཐུགས་རྗེ་ཆེ་འོས་སུ་མཆིས། ཀརྡོ་གཉེར་ཕྱག་པས་ང་ལ་མཁས་དབང་ཞེས་པ་ངོ་བསྟོད་གཏོང་མཁན་ཞེས་སྐྱོན་བཙུགས་འདུག ཁོང་དང་ང་གཉིས་ཁ་བརྡ་ཐོག་སྐབས་རེར་ཡི་གེ་རེ་འབྲི་བ་མ་གཏོགས་ཕར་འབུལ་དགོས་པ་དང་། ཚུར་ལེན་དགོས་པ་གང་མེད། ང་ནི་ང་རང་ཅི་ཡང་མ་ཤེས་པ་ཉོན་མོངས་ཀྱི་སྣོད་དུ་གྱུར་པ་ཞིག་ཏུ་འཇོག་གི་ཡོད། འོན་ཀྱང་མཐོང་སྣང་ཡིན་ནམ། ལས་ལས་ཡིན། མཁས་དབང་དང་། དགེ་བཤེས་དང་། བླ་མ་ཞེས་སྒྲོ་འདོགས་མཁན་མང་པོ་ཞིག་འདུག དེ་ཡང་དང་པོ་བདག་ལ་མཁན་དབང་ཟེར་བ། ལོ་ངོ་༤༠ལྷག་སྔོན་དུ་ཡི་གེ་སྩོལ་མཁན་དེ་ལ་དྭགས་བ་ཀུ་ལ་རིན་པོ་ཆེ་ཡིན། གཅིག་ན་རིན་པོ་ཆེའི་དགོངས་པ་ལ་བསྟན་འགྲོར་ཕན་པ་ཞིག་ཏུ་འགྱུར་བའི་དགོངས་བཞེད་ཀྱིས་ཡིན་སྲིད། བདག་ནི་ཆུང་དུས་དགོན་པར་ཡོད་དུས་ཀྱང་རབ་བྱུང་གི་རྟགས་ཙམ་འཛིན་པ་མ་གཏོགས་ཚངས་སྤྱོད་ལ་གནས་ནས་བསླབ་སྡོམ་སྲུང་ཐུབ་མཁན་ཞིག་མ་ཡིན། གྲྭ་ཆས་མ་གོན་པར་ལོ་ངོ་ཕལ་ཆེར་བཞི་བཅུར་ཉེ་བ་ཡོད། བ་ཀུ་ལ་སྐུ་གོང་མའི་ལོ་རྒྱུས་མདོར་བསྡུས།དཔལ་ལྡན་འབྲས་སྤུངས་དུ་མཚན་ཉིད་ལ་གསན་བསམ་མཛད། སྤྱི་ལོ་༡༩༣༠པའི་མཇུག་ཙམ་ལ་ཡིན་ངེས་དགེ་བཤེས་ལྷ་རམ་པ་ཨང་པའི་མཚན་རྟགས་བཞེས། རྒྱ་གར་གཞུང་ནས་སྤྱི་ཚོགས་ལ་ཕན་པའི་མཛད་པར་གཟེངས་བསྟོད་ཕྱིར། པདྨ་ཤྲཱི་སྟེ། པདྨའི་དཔལ་ཞེས་པ་ཕུལ། བོན་རྒྱ་བསྟན་འཛིན་རབ་རྒྱས་ནས། ༴རྒན་ལགས་གནས་སྐོར་ནས་ཚུར་ཕེབས་དང་ལྷོད་ལྷོད་ཀྱིས་བསམ་ཚུལ་སྤེལ་རེས་བྱེད་དགོས།༴ཞེས་བྲིས་པས་རང་རེ་གཉིས་ཀ་གཟུ་བོར་གནས་པ་དང་རིགས་པ་དང་མཐུན་པ་ཞིག་དགོས་ངེས། ད་ལྟ་ང་གནས་བསྐོར་ལ་ཡོད་པ་དང་། དེ་ནས་སློབ་གྲྭའི་རྒྱུགས་ལེན་ལྟ་རྟོགས་གྲུབ་འབྲས་འབུལ་དགོས་དང་དགུང་གསེང་ཕྱིར་ཡུལ་ཕྱོགས་གཞན་དུ་འགྲོ་དགོས་རྣམས་གྲུབ་རྗེས་སྤྱི་ཟླ་༡༢དཀྱིལ་ཙམ་དུ་ལྷག་པར་དེ་རང་བྱེད་ངེས། ཞེས་སོ།།
རྒན་ལགས། ཡང་ཡང་འདིར་ཕེབས་ནས་ལམ་སྟོན་དང་དགོངས་ཚུལ་གནང་བ་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ། ལྷག་པར་རྒན་ལགས་ཀྱིས་སྤྱི་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་ཙམ་ལ་བགྲོ་གླེང་གི་དུས་ཚོད་གཏན་འབེབ་གནང་བར་ཧ་ཅང་དགའ་བོ་བྱུང་། བདག་ནི་མཁས་པ་མིན་པས་མཁས་དབང་ཞེས་བརྒྱ་སྟོང་ལ་བོས་ཀྱང་མིང་དེ་དོན་གྱིས་སྟོང་བ་ཉིད་རེད་དེ། ཡིན་ནའང་། རྒན་ལགས་ལྟ་བུའི་མི་རྒན་བསོད་ནམས་ཅན་ཞིག་གིས་ཤེས་རབ་རང་བཞིན་གྱི་མིང་དེ་འདྲ་ཞིག་གསོལ་བ་ལ་ཧ་ཅང་དགའ་བོ་བྱུང་བ་མ་ཟད། རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་ཞིག་ལའང་ངོས་འཛིན་བཞིན་ཡོད། དཔེར་ན། ངའི་དགེ་རྒན་རིན་པོ་ཆེས་ལྷ་སའི་འཇང་དགུན་ཆོས་ནས་དམ་བཅའ་འཇོག་སྐབས་ཐལ་འགྱུར་བའི་ལུགས་སུ་ཁས་ལེན་བྱས་པ་ལ། རིགས་སློང་བས་མདུན་གྱི་དམ་བཅའ་བ་ཆོས་ཅན། ཐལ་འགྱུར་བ་ཡིན་པར་ཐལ། ཞེས་སུ་རྟགས་གསལ་འཕང་བ་ལ་རྒན་ལགས་ཀྱིས་སྐད་གསེང་མཐོན་པོས་”འདོད”ཅེས་སུ་ལན་བརྒྱབ་པ་ཡིན། རྒྱུ་མཚན་རྟེན་འབྲེལ་གྱི་གནད་ཅིག་ལ་བསམ་བློ་བཏང་བ་ཡིན་ཞེས་གསུངས་མྱོང་བའང་ཚིག་འདི་ལས་དྲན་གསོ་བྱུང་བས། ངས་ཀྱང་རྒན་ལགས་ཀྱིས་ཐོག་མར་མཁས་དབང་གི་མིང་གསོལ་བ་ལ་ཐུགས་རྗེ་ཆེ། རྟེན་འབྲེལ་གྱི་ལྟོས་བཟང་པོ་ཞིག་བྱུང་ཞེས་ཞུ་རྒྱུ་ཡིན།