ཨ་ཚོགས་ཀླུ་མཁར་བྱམས་ཀྱིས།
དབྱིན་ཡིག་སྙན་ངག་ལ་རོལ་མྱོང་བྱ་རྒྱུའི་སྐལ་ཆད་པོ་ང་འདི། འཐབ་རྩོད་ཀྱི་ལྗན་ལྗིན་ཁྲོད་ནས་དབྱངས་ཀྱི་རྒྱལ་མོའི་འཛུམ་ཟེར་གང་ནས་མཐོང་། འོན་ཏེ། ད་ཐེངས་ང་ཆབ་སྲིད་ཀྱི་བཤད་སྟངས་ལྟར་ “བོད་མིའི་སྐྱིད་སྡུག་མཉམ་མྱོང་”གི་ཆེད་དུ་དཔེ་དེབ་དབུ་འབྱེད་དང་། སྙན་ངག་དགོང་ཚོགས་དེར་ཕྱིན་པའང་མིན། བཞུགས་སྒར་རྡ་ས་འདིར་སྒྱུ་རྩལ་གྱི་མཁའ་དབུས་ཤིག་ཡོད་དབང་བྱས་ན། ཁྱད་པར་དུ་ “ སྒྱུ་རྩལ་ལ་དུང་བའི་དབང་གིས་སྒྱུ་རྩལ་གྱིས་སྡུག་ལ་སྦྱར་” བའི་མི་ཞིག་ཡོད་དབང་བྱས་ན། མི་དེ་རྒད་པོ་ལྷ་བཟང་ཡིན་ཁོ་ཐག་ཡིན། དེ་བས་ངས་ཁོང་གི་སྙན་ངག་གོ་མི་ཐུབ་རུང་། ཁོང་མ་གཞི་ནས་སྙན་ངག་གསོན་པོ་ཞིག་ཡིན་སྟབས་ང་དེར་རོལ་མྱོང་བྱེད་དུ་ཕྱིན།
རྒན་པོ་ཁོང་གིས་“ བོད་མི་རིགས་ནི་ཆབ་སྲིད་ཀྱིས་ཕོངས་པའི་ཚོ་ཁག་ཅིག་ཡིན་སྟབས། ང་རང་ལྷ་བཟང་ཚེ་རིང་ཡིན་པ་ལས་ཀྱང་། ང་བོད་པ་ཞིག་ཡིན་པ་ཨང་དང་པོར་འཇོག་གི་ཡོད་ལ། བོད་པ་ནི་ཆབ་སྲིད་ཀྱི་དཀའ་ངལ་འོག་ཚུད་པའི་མི་རིགས་ཤིག་ཡིན། སོང་ཙང་ངའི་སྙན་ངག་མང་ཆེ་བ་ཆབ་སྲིད་འཐབ་རྩོད་སྐོར་ཡིན་” ལུགས་བཤད། ཁོས་ནམ་རྒྱུན་དེ་ལྟར་བཤད་ཀྱིན་ཡོད།
དེ་ཙམ་མ་ཟད་རྒན་ཁོང་དང་། བཀྲིས་ཚེ་རིང་། འཇམས་དབྱངས་ནོར་བུ། པདྨ་འབུམ་བཅས་ཀྱིས་ཨ་མྱེ་རྨ་ཆེན་ལས་ཁུངས་བཙུགས་ནས “ སྐྱ་མི་ནག་གི་རིག་གཞུང་དར་སྤེལ་ཆེད་ཤུགས་ཤིག་བརྒྱབས་མྱོང་”ཡོད་པའང་ཁོང་གི་ཚིག་ཞོར་ཐོན་སོང་མོད། ང་ཚོ་བོད་པ་སྟེ། རྣམ་པ་ཅི་རིགས་སུ་དཀར་པོ་དཀར་རྐྱང་ཡིན་པའི་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ནས་སྐྱ་མི་ནག་གི་རླུང་རྟ་ཡར་ལ་གསོ་རྒྱུ་ནི་ཅི་འདྲའི་དཀའ་མོ་ཞིག་རེད། སོང་ཙང་རྒན་རྣམ་པ་ཚོའི་སྐྲ་འདབས་ལ་སེ་འདའ་མ་ཚུགས་གོང་ཨ་མྱེ་རྨ་ཆེན་ཚང་གི་སྒོ་བྱང་ཐོག་ཐལ་རྡུལ་ཆགས་པ་རེད། ཕྱོགས་མཚུངས་བཙན་བྱོལ་སྤྱི་ཚོགས་ནང་རྒན་ལྷ་བཟང་གི་འཐབ་རྩོད་སྙན་ངག་ལ་ལམ་འགྲོ་རྒྱུག་མིན་ཡང་བཤད་ཁག་སེ་འདུག
དབྱིན་ཡིག་སྙན་ངག་གི་ལྷ་མོ་གང་དུས་ཁོ་བོ་རྗེས་སུ་མ་བཟུང་བ་ནང་བཞིན། རྒན་ལྷ་བཟང་ལྟ་བུ། སྐྱ་མི་ནག་གི་སེམས་ཁམས་ཁྱེར་ནས་ཆབ་སྲིད་རྩོད་གླེང་ལ་ཞུགས་མཁན་ཚོར། བླ་མ་དང་ཆབ་སྲིད་ལག་འབྲེལ་ཡིན་པའི་ཁོར་ཡིག་ནང་། ཡོད་ཆོག་པའི་ཟ་སྐལ་དེ་མེད་ཀྱང་རུང་། ཁ་དཔེར། ར་མ་རེ་རེར་རྩྭ་འཇག་མ་རེ་ཟ་རྒྱུའི་ལས་སྐལ་ཡོད་སྟབས། རྒན་ལྷ་བཟང་དང་། རྒན་ལྷ་བཟང་གི་རྗེས་མཇུག་པ་ཚོར་ཡང་རང་རང་ཚོད་ཀྱི་ཁོར་ཡུག་གམ་དེར་ལྟར་སྣང་གི་བར་སྣང་རེ་ཡོད་ཆོག་པ་བཤད་ག་ལ་དགོས།
གུང་གསེང་དང་འབྲེལ་བའི་ནང་ལས་ཙག་ཙིག་དེ་ཚོ་འཚགས་རྗེས། ངེད་བཟའ་མི་གཉིས་ཀ་བྲེལ་འཚབ་ངང་དེབ་ཀྱི་དབུ་འབྱེད་ལ་ཕྱིན། འཕྱིས་དྲགས་རྐྱེན་ལས་རིམ་འགོ་བཙུགས་ཚར་འདུག་ཁར། མི་གྲངས་ལྔ་བཅུ་ཡས་མས་ཤིག་ཤོངས་སའི་༼Jimmy’s Italian Kitchen ༽ཐབ་ཚང་མགྲོན་པོས་ཁེངས་ཚར་བས། ངེད་གཉིས་སྒོ་
འགྲམ་ཀྱི་མི་ཚོགས་ཁྲོད་འཚིང་ཏེ་ལས་རིམ་མ་ཚར་པར་ལངས་ནས་སྡོད་དགོས་ཐུག
དེ་རིང་བརྒྱ་ཚོགས་ཁྲོམ་པའི་དབུས་ནས་ཁ་ཐུར་འཁོར་མཁན་རྒན་ཁོང་ཡིན་པ་གཞིར་བྱས། ཕྱི་ཚུལ་གྱི་སྤྲང་མདོག་དེ་ནང་སེམས་ཀྱི་འབྱོར་ཕྱུག་རེད་དམ། རྣམ་འགྱུར་གྱི་འཚུབ་གཤིས་དེ་ལྷན་སྐྱེས་ཀྱི་དྭངས་གཙང་དེ་རེད་དམ། ཡང་ན་རྒན་རབས་པའི་ཕྱི་དུལ་དེ་ཕྱི་རབས་པའི་རེ་བ་རེད་དམ། གང་ལྟར་ཡང་སྣང་ཚུལ་འདི་སྒྱུ་རྩལ་བ་རྣལ་མ་ཞིག་གི་སེམས་གཤིས་ཡིན་པ་གོར་མ་ཆགས། རེད་ཡ། དེ་ནི་ང་གཙོས་པའི་རྒན་ལྷ་བཟང་ལ་རྒྱུས་ཡོད་ཚོར་མཚོན་ན་གསར་བ་ཅིང་མིན། ཁོང་ནམ་རྒྱུན་དེ་ལྟར་ཡིན། དེ་རིང་ཡང་དེ་ག་རང་རེད། དབུ་འབྱེད་དེར་ཁྱོན་བསྡོམས་དེབ་ཆུང་གསུམ་ << WANDERING >> << NEVER 3>> <<HOLD ON >>
ཡོད་པ་དང་། རྒན་གྱིས་དེབ་རེ་ཁ་ཕྱེས་ནས། ནང་གི་ཚབ་མཚོན་སྙན་ངག་རེ་གྱེར་འདོན་གྲུབ་མཚམས། གསར་འགོད་པ་དང་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་།
“ བཙན་བྱོལ་གཞུང་གིས་བོད་རྒྱ་འོག་ལ་འཇུག་རྒྱུའི་ལས་ཀ་བྱས་པ་ནས། ང་རང་གིས་བོད་གཞུང་ལ་སྲི་ཞུ་སྒྲུབ་རྒྱུ་མཚམས་བཞག་སྟེ། ད་ཆ་ཟུར་དུ་བུད་ཡོད་་ ”ཅེས་པའི་བཀའ་མོལ་འདི་རྒན་གྱིས་ཐེངས་ག་ཚོད་ལ་བརྗོད་ཡོད་ན། དེ་རིང་ཡང་ཁོང་གིས་འདི་ལྟར་གསུངས་ཤོར། ནམ་རྒྱུན་དང་ཅུང་མི་འདྲ་ས་ཞིག་ཡོད་དབང་དུ་བྱས་ཚེ། དབུ་འབྱེད་ལ་ཡོང་བའི་བོད་པ་ཚོ་དང་། ཁྱད་པར་དུ་གཞུང་གི་དཔོན་རིགས་ཁ་ཤས་འདུག་པ་དེ་ཚོའི་གྲས་ན། བཀའ་མོལ་དེར་གསན་མ་བདེ་བའི་རྣམ་འགྱུར་སྟོན་མཁན་མེད་ཁར། ཟ་ཁང་གང་བོ་ཐལ་མོ་བརྡབ་སྒྲས་ཁེངས། མ་གཞི་ཞེ་འཁོན་ཁ་ལ་བཏོན་པ་ཙམ་ཀྱིས་རྒྱལ་ཁ་ཐོབ་སོང་པ་ཞིག་མིན་མོད། མི་ཞིག་ཡིན་ཕྱིན་ཁ་འཁང་ར་བཤད་སའི་སྤྱི་ཚོགས་ཤིག་ལོས་ཀྱང་དགོས། དེ་བས་བཀའ་མོལ་དེས་ངའི་སེམས་པ་བསིལ་སང་ངེར་གྱུར།
འཁོར་བསྒྱུར་གྱི་ཁ་བསོད་མ་བྱུང་ཞིང་། ཐམས་ཅན་མཁྱེན་པའི་རིག་ཤེས་གདོད་ནས་མ་གྲོལ་པའི་སྐྱ་མི་ནག་གི་རུ་འདྲེན་པ་ཚོ། ཁྱེད་ཅག་ལ་ཡོད་པའི་རྣམ་དཔྱོད་དེ་ནི་དཀོན་ཅོག་གིས་གནང་སྦྱིན་མ་ཡིན་པར། མི་རིགས་ཤིག་གི་ལོ་རྒྱུས་ཀྱི་ཉམས་ཆག་ཁྲོད་ནས། རང་རང་གི་ཨུ་ཚུགས་ཀྱིས་བཙལ་བའི་ངལ་རྩོལ་གྱི་འབྲས་བུ་གཙང་མ་གཙང་རྐྱང་ཞིག་ཡིན་ལ། ཁྱེད་ཅག་ལ་ཡོད་པའི་ཕུགས་བསམ་དེ་ནི་གསུང་རབས་གང་ཞིག་ནས་བསྟན་ཅིང་གདམས་པའི་མདོ་མ་ཡིན་པར། གཞན་གྱི་ཁ་རྡུང་དང་རུབ་རྡུང་འོག་ནས་རང་སེམས་གནད་ལ་ཕབ་སྟེ་བསགས་ཤིང་བསམ་པའི་གྲུབ་དོན་ཡིན་ན། དེ་ལྟའི་མི་གཤིས་ནི་ཁྲི་མཐོན་པོས་འདེགས་མ་དགོས་པར་སྐལ་བའི་བར་དུ་མཐོ་ཞིང་། དེ་ལྟ་བུའི་སྙན་གང་ནི་ལེགས་བཤད་གསེར་གྱི་ཕྲེང་བ་ལས་ཀྱང་ལེགས་བཤད་ཡིན། སོང་ཙང་ངས་རྒན་ལྷ་བཟང་གི་སྙན་དེབ་ཅིག་བླུས་ནས་སྔས་མགོའི་མཐོ་སར་བཞག་ཡོད་ལ། ཀློག་མ་ཤེས་རུང་སེམས་དྲོ་བོ་འདུག
ཕྱི་ལོ༢༠༡༢ ཟླ༡༢ ཚེས་ ༡༧ ཉིན་རྡ་ས་ནས།
རྒན་པོ་ལྷ་བཟང་གི་དེབ་གསུམ་འཇིག་རྟེན་འདིར་འཁྲུངས་པར་རྟེན་འབྲེལ་ཞུ། ད་ཐེངས་ད་ཨ་ཚོགས་རྒད་པོས་རྨོངས་དད་བྱས་འདུག་ག ༼ སོང་ཙང་ངས་རྒན་ལྷ་བཟང་གི་སྙན་དེབ་ཅིག་བླུས་ནས་སྔས་མགོའི་མཐོ་སར་བཞག་ཡོད་ལ། ཀློག་མ་ཤེས་རུང་སེམས་དྲོ་བོ་འདུག༽གསོལ་བ་ཐོབས་དང་སྐྱེ་བ་རྗེས་མ་ཀློག་མཁན་ཞིག་ཏུ་འགྱུར་ངེས། ཀུ་རེ། བདེ་མོ།
བོད་རིགས་རང་བཙན་རྩོད་ལེན་པ་གཅིག་གིས། རང་སྐད་སྙན་དངགས་མི་ཤེས་པར་གཞན་སྐད་དུ་སྙན་སྙན་ཚིག་འབྲི་ཤེས་པ་འདིས་གང་མཚོན་ཐུབ་བམ། དགོངས་པ་ཅིག་བཞེས་རོགས། གང་ལྟར་ཡང་དེབ་གསུམ་གྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཡོད།
ཐོག་མར་སྙན་དེབ་དབུ་འབྱེད་ལ་རྟེན་འབྲེལ་ཞུ།
མིག་ལ་ཐོགས་པའི་སྐད་ཆ་ཚིག་གཉིས་འདུག མ་གསང་མ་སྦས་པར་ཤོད་གི་ཡིན།
གཅིག བཙན་བྱོལ་བོད་གཞུང་གིས་བོད་རྒྱ་འོག་ལ་འཇུག་པའི་ལས་ཀ་བྱས་པ་ནས་༽ ཟེར་པ་དང་།
གཉིས། སྐྱ་མི་ནག་གི་རིག་གཞུང་དར་སྤེལ་ཆེད་ཤུགས་བརྒྱབས་མྱོང་བ་༽ ཟེར་པའི་སྐད་ཆ་འདི་གཉིས་མིག་ལ་ཐོགས་བྱུང་།
ཚིག་འདི་གཉིས་ལ་རྒྱུ་མཚན་དང་གོ་རྒྱུ་གང་མི་འདུག་ཟེ་ཞུ་འདོད་བྱུང་།
༡ རྒན་ལྷ་བཟང་གིས་དེ་ལྟར་ཤོད་པར་རྒྱུ་མཚན་ཡོད་པར་བྱས་ན་ད་ལྟ་བོད་རྒྱ་འོག་ཏུ་མེད་དགོས་པ་ཞིག་ལ་དེ་ལྟར་མ་ཡིན་པས་མ་ཉེས་ཁག་གཡོག་གི་སྐད་ཆ་རང་རེད།
༢ བོད་མི་རིགས་ཀྱི་རིག་གཞུང་ནི་བོད་མི་རིགས་ཡོངས་ལ་ཁྱབ་པ་ཞིག་ཡིན་པ་ལས་སྐྱ་སེར་གཉིས་ལ་སོ་སོར་དབྱེས་པ་ཞིག་ད་སྔ་ཕན་ཆད་དུ་མེད་པའི་གོ་རྒྱུ་མེད་པའི་ཚིག་གོ་ལོག་ཅིག་རེད།
བོད་རང་བཙན་འཐབ་རྩོད་པ་རྒན་ལྷ་བཟང་ཚེ་རིང་གི་སྙན་དེབ་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུ། ཁོང་ནི་བོད་ནང་གི་འདས་པོ་སྙན་ངག་པ་གྲགས་ཅན་ཡི་དམ་ཚེ་རིང་ལྟ་བུའི་ངར་སྐད་དང་མི་ཚུགས་ཡོད་པའི་སྙན་ངག་པ་དང་།བོད་རང་བཙན་གྱི་ཆེད་ལྟ་བ་ལངས་ཕྱོགས་བརྟན་ཞིང་།མི་ཚེ་དེར་ཕུལ་མཁན་གྱི་རྒྱལ་གཅེས་པ་ཞིག་ཡིན། རྩོམ་ཡིག་འདི་ལས་མིས་མི་ལ་བརྩི་སྟངས་ཀྱི་བློ་འབྱེད་ཡག་པོ་ཞིག་རྙེད་སོང་།
ཧི་ཧི་ཧི་་་་་་་་་་་་་་མྱི་རྒན་འདིར་ཁ་བདེ་མོ་ཡོད་པ་རེད། དེ་མིན་ཁོ་ལ་བྱས་རྗེས་ཆེ་རབ་དང་ལྷག་བསམ་ཡོད་རབ་བཤད་མཁན་ཡང་མང་མོད་ཡིན་ནའང་། ད་མི་བཤད་ཡང་དྲྭ་འབུ་ཚོས་སྡུག་སྐད་འདོན་ཉེན་ཡོད་་་་་་་་་་་་་་་་་་་་་་་་་
ལྷད་མེད་ལྷག་བསམ་དང་། གཡོ་མེད་དྲང་པོར་སྨྲ་བའི་རྒན་ལྷ་བཟང་གི་དེབ་གསུམ་དབུ་འབྱེད་ཟིན་པ་དེར་དགའ་སྤྲོས་གུས་བཏུད་དང་། ཁོང་དང་འདྲ་བ་མཁས་དབང་བཀྲ་ཤིས་ཚེ་རིང་དང་། མཁས་དབང་འཇམ་དབྱངས་ནོར་བུ་སོགས་མཁྱེན་སྤྱོད་དང་ལྷག་བསམ་ཅན་བདེན་པ་དང་དངོས་ཡོད་ལ་གཞི་བཅོལ་ནས་གཡོ་སྒྱུ་དང་། རྨོངས་དད་ལ་མགོ་བོ་ནམ་ཡང་མི་སྒུར་བའི་དཔའ་རྒོད་ཁྱེད་རྣམས་ནས་བོད་མི་རིགས་ཀྱི་དོན་དུ་དོན་འབྲས་ལྡན་པའི་ཕྱག་ལས་ལ་བར་ཆད་མི་འབྱུང་བའི་སྨོན་འདུན་ཞུ།
རྒན་ལྷ་བཟང་གི་དེབ་གསུམ་པོ་དང་ཀླུ་མཁར་བྱམས་ལགས་ཀྱི་རྩོམ་ཡིག་གང་ཡིན་རུང་རྟེན་འབྲེལ་ཞུ།
ཁྱེད་རྣམ་པ་གཉིས་ལའང་རང་རང་གི་སེམས་འགྱུ་བཤད་སའི་བར་སྟོང་ཞིག་ཡོད་ན་ཆོག་དང་ཆོག
དྲ་འབུ་འཇམ་གཅེས་ཐོན་མེད་ས་ཞིག་མེད་གི
རྒན་པོ་སེམས་ཤུགས་ཅན་ཞིག་རེད།
བཀུར་འོས་རྒན་ལྷ་བཟང་ལགས།
སྐུ་ཉིད་ཀྱི་དེབ་གསུམ་ཨེན་སྐད་ནང་དུ་གསར་སྤེལ་གནང་བར་དགའ་པོ་བྱུང་། ལྷག་པ་ཏུ་འཛམ་གླིང་མི་དམངས་ཀྱི་མིག་མདུན་དུ་བཙན་བྱོལ་བོད་མི་ཞིག་ངོས་ནས་རང་ས་རང་ཡུལ་ཤོར་བའི་དཀའ་སྡུག་གི་མི་ཚེ་ངོ་འཕྲད་ཡག་པོ་ཡོང་གི་རེད་བསམས་ཀྱི་འདུག
མི་ལོ་ལྔ་བཅུའི་ལོ་ཟླ་ཡི་ནང་དུ་ཁྱེད་དང་ཁྱེད་ལྟ་བུ་བོད་མི་མི་ཉུང་བ་ཞིག་གིས་ལྷག་བསམ་རྣམ་དག་གི་ཐོག་ནས་བོད་རྒྱལ་ཁབ་དང་བོད་མི་རིགས་ལ་ཕན་ཐོགས་སྒྲུབ་གང་ཐུབ་བྱས་སོང་བས་ང་ཅོ་རི་ཧང་ཅང་དགའ་པོ་ཡོད། འཇིག་རྟེན་གྱི་གཏམ་དཔེར་ལྟར་་་ཤིང་བཟང་པགས་པའི་འོག་ཏུ་རུལ་ཟེར་བ་ལྟར་ཁྱེད་དང་ཁྱེད་ལྟ་བུའི་བོད་མི་རྒྱལ་གཅེས་ལྷག་བསམ་ཅན་གང་མང་ཞིག ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བ་ཚོས་གཉའ་གནོན་དང་དམའ་འབོད། མཐོང་ཆུང་དང་ཁྱད་གསོད་ཀྱི་འོག་ཏུ་གནས་ཡོད་པ་ལ་གདུང་སེམས་མཉམ་སྐྱེད་ཡོད།།
ངས་ཁྱེད་མཐོང་མྱངས་མེད། ངོ་ཤེས་མིན། ཕ་ཡུལ་གཅིག་པ་མིན། སྡོད་སའི་ཡུལ་ལུང་མི་གཅིག ངེད་གཉིས་བར་དུ་འགྲོགས་འདྲེས་མེད། ཡིན་ཀྱང་སེམས་པ་ཁྱོད་ལ་ཕྱོགས། ངས་སེམས་པས་ཁྱེད་ཀྱི་རྒྱལ་གཅེས་དང་ལྷག་བསམ་མཐོང་བྱུང་། སྐྱིད་སྡུག་ཡག་ཉེས་ཅི་བྱུང་ཡང་གདུང་སེམས་མཉམ་སྐྱེད་བྱ་འདོད་ཡོད།
རྒན་ལྷ་བཟང་མགོ་དཀར་ཁྱེད་མ་ཤི་སྔོན་དུ་བོད་རང་དབང་རང་བཙན་འཐོབ་ཐུབ་པའི་སྨོན་འདུན་དང་བཅས་་་་་་་་་་་་་གུས་པ་ཅོ་རི་ཡིས་ཕུལ།།།
ཇ་ལོ་བཞིན་ཡང་ཡང་འདོར་མྱོང་བའི་བཙན་བྱོལ་གྱི་མི་རྒན་འདིའི་སེམས་བསམ་པའི་གཏིང་གི་སྙིང་གཏམ་ལ་ཡིད་རངས་ཡོད། མ་ཟད་མི་ཚེའི་རང་རིགས་ཀྱི་ཆེད་དུ་རྫོགས་ཤིང་། ལྷག་བསམ་རང་མིའི་ཆེད་དུ་ལྷོད་མ་མྱོང་བའི་མི་རྒན་ཨ་ར་དཀར་པོ་ཅན་གཙོ་བྱས་སྐྱ་མི་ནག་པོའི་རུ་འདྲེན་པ་ཚོར་སེམས་གཏིང་ནས་དགའ་ཡོད། རང་ཉིད་ཀྱང་ཁྱེད་ཚོའི་ལྷག་བསམ་དང་སེམས་ཤུགས་ལྟར་མ་འོངས་པར་བྱེད་ཐུབ་པའི་རེ་སྨོན་ཡང་ཡང་ཡོད།
འཇམ་དབྱངས་ནོར་བུ་དང་ལྷ་བཟང་ཚེ་རིང་གཉིས་ལ་ཨ་ར་ཁྱད་མཚར་པོ་རེ་འདུག འཇམ་དབྱངས་ནོར་བུའི་ཨ་ར་དེ་ལུའུ་ཞུན་གྱི་ཨ་ར་འདྲ་བ་དང་། ལྷ་བཟང་ཚེ་རིང་གི་ཨ་ར་དེ་དགེ་བཤེས་ཤེས་རབ་རྒྱ་མཚོའི་ཨ་ར་དེ་འདྲ། ལུའུ་ཞུན་གྱིས་རྩོམ་ཡིག་ལམ་ནས་རྒྱ་ནག་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་པ་ལྟར་འཇམ་དབྱངས་ནོར་བུས་བོད་པའི་སྤྱི་ཚོགས་ནང་ཐེབས་ཐུབ་མེད་པ་དེར་རྒྱུ་རྐྱེན་མང་པོ་ཡོད་པའི་ཁྲོད་ནས་གལ་ཆེ་ཤོས་ཤིག་ནི་འཇམ་ནོར་གྱི་རྩོམ་ཡིག་དེ་དག་ཕ་སྐད་གྱི་ལམ་ནས་བྲི་ཐུབ་མེད། ལྷ་བཟང་ཚེ་རིང་གིས་ཀྱང་ཡག་སྡུག་མེད་པར་བོད་པའི་སྤྱི་ཚོགས་ནང་དགེ་བཤེས་ཤེས་རབ་རྒྱ་མཚོ་ལྟར་གྱི་ཤུགས་རྐྱེན་ཞིག་ཡོང་རྒྱུ་དཀའ་མོ་རེད། ངས་འདི་རུ་ཟེར་བའི་བོད་ནི་རྡ་ས་ཙམ་མ་ཡིན་པར་སྤྱི་ཡོངས་ལ་གོ། རྒྱུ་མཚན་ནི་ལྷ་བཟང་ཚེ་རིང་གི་སྙན་ངག་དེ་དག་ཕ་སྐད་ཀྱི་ལམ་ནས་འདྲེན་ཐུབ་མེད། དགེ་བཤེས་ཤེས་རབ་རྒྱ་མཚོའི་སྙན་ངག་ནི་ཕ་སྐད་ཀྱི་ལམ་ནས་དྲངས་པ་ཤ་སྟག་རེད། སྙན་ངག་དེབ་འདོན་པ་ནི་དགའ་འོས་པ་ཞིག་ཡིན་མོད་བོད་ཡིག་ཐོག་ནས་བྲི་ཐུབ་མེད་པ་ནི་སྐྱོ་འོས་པ་ཞིག་རེད། ཕྱི་གླིང་བའི་ཁྲོད་དུ་བོད་ཁྱབ་བསྒྲགས་ཀྱི་ནུས་པ་ཆེན་པོ་ཐོན་ཐུབ་པའི་རེ་བ་ཡོད། བོད་པའི་ཁྲོད་དུ་དེ་འདྲ་ཙམ་རེད། སྤྱིར་དབྱིན་ཡིག་ལམ་ནས་བྲིས་པའི་སྙན་ངག་གི་དེབ་དབུ་འགྱེད་བྱེད་ས་དེ་དབྱིན་ཡིག་ཕ་སྐད་དུ་སྤྱོད་བཞིན་པའི་ཚོགས་སྡེ་ཞིག་གི་ནང་དུ་བྱས་ན་འདྲ་ཆགས་པོ་འདུག་བསམ། བོད་པའི་སྤྱི་ཚོགས་ནང་དུ་བོད་པ་རྣམས་ཕ་སྐད་གྱི་ལམ་ནས་རྩོམ་ཡིག་འབྲི་སྤེལ་བྱེད་པ་ལ་བསྐུལ་མ་བྱེད་དགོས་པ་གལ་ཆེ་བར་མཐོང་། གང་ལྟར་ང་ཡང་ཕྱི་ལ་མ་སླེབས་གོང་ལྷ་བཟང་ཚེ་རིང་རྒྱུས་མེད། ལོ་མང་པོའི་གོང་གངས་སེངས་ཀྱི་ངུ་འབོད་ཟེར་བའི་གློག་བརྙན་ནང་ལྷ་བཟང་ཚེ་རིང་མཇལ་སོང་། སྐབས་དེ་དུས་ཨ་ར་ནག་པོ་རེད་འདུག བོད་དོན་ཐད་སེམས་ཤུགས་ཆེན་པོ་ཡོད་པ་དང་དཀའ་བ་འབུམ་ཕྲག་ཕྲག་ཏུ་ལེན་མཁན་གྱི་ཤེས་ཡོན་ཅན་ཞིག་ཏུ་མཐོང་སོང་། དེ་ནས་ལོ་མང་པོའི་རྗེས་གཡུ་ཐུབ་ནང་ནས་ཡིན་པ་ཡོད། ཁོང་གི་བཀའ་མོལ་སླར་ཡང་ཉན་རྒྱུ་བྱུང་། སྐབས་དེ་དུས་ཨ་ར་དཀར་པོར་གྱུར་ཚར་འདུག བོད་མི་རིགས་ཀྱི་དཀའ་ཚེགས་དེ་ཁོང་གི་བཞིན་ནས་མངོན་གྱི་འདུག་བསམས་པ་དང་སྦྲགས་སེམས་པ་སྐྱོ་སངས་ངེ་བ་ཞིག་བྱུང་། དེ་རིང་ཀླུ་མཁར་བྱམས་ལགས་ཀྱིས་རྩོམ་ཡིག་དྲོད་འཁོལ་མ་ཞིག་གི་ནང་དུ་ཁོང་གི་མི་ཚེའི་འོད་སྣང་བཀྲམ་འདུག་པས་ཁོང་གི་སྙན་ངག་hold on སོགས་ཀྱི་དབུ་འབྱེད་ལ་བཀྲ་ཤིས་བདེ་ལེགས་ཞུ།
ལྟ་གྲུབ་དང་ལངས་ཕྱོགས་རང་ཚུགས་བརྟན་པའི་རྒད་པོ་ལྷ་བཟང་ལགས་ཀྱིས་སྙན་རྩོམ་དེབ་གསུམ་དབུ་འབྱེད་གནང་བར་བཀྲིས་བདེ་ལེགས་ཞུ་བ་དང་འབྲེལ། སྙན་རྩོམ་གྱི་ནང་དོན་མདོར་ཙམ་དྲ་སྟེང་དུ་བཀོད་ན་སྙམ་པའི་རེ་བ་ཡོད།
རྒན་འདི་ལམ་གྱི་སུམ་མདོ་ཞིག་ན། མྱིག་གིས་ཕྱོགས་གསུམ་ལ་བལྟས་ནས་ཡོད་པ་སྔ་མོ་ནས་ཤེས་རྟོག་བྱུང་། ད་ལོ་ལོན་ཐལ། ཡི་གེ་ཚིག་གསུམ་བཞག་ནས། མི་རིགས་ལ་གསོན་ཤུགས་སྦྱིན་ཐལ།
ལྷ་བཟང་པོ་ཁྱོད། ཚེ་རིང་པོ་ཡོད་པར་ཤོག།
འདི་འདྲ་མི་འཁྲེག་པོ་ཁ་ཤས་ཤིག་གི་བཀའ་དྲིན་ལ་བརྟེན་ནས་བོད་ཟེར་བ་ཞིག་ད་དུང་ལུས་ཙམ་བྱུང་བ་རེད། བོད་མི་རིགས་ཀྱི་སྐྱིད་སྡུག་དྲང་པོར་གླེང་མཁན་རེ་ཡོད་ན་རྒྱ་ཡིག་དབྱིན་ཡིག་བོད་ཡིག་གང་ཡིན་ལ་ཁྱད་པར་མེད། ངས་ནི་དབྱིན་ཡིག་གི་འཕྲིན་ཡིག་ཞིག་ཀྱང་ཀློག་མི་ཤེས་ས་ནས་དབྱིན་ཡིག་གི་སྙན་ངག་རོལ་མྱོང་ཚོའི་རེ་བ་མེད་པས་དེབ་དེས་ང་སྒེར་ལ་ནི་བེད་སྤྱོད་མེད་ཐག་ཆོད་རེད། ཚར་ཁ་ཤས་རེ་ཉོས་ནས་གྲོགས་པོ་དབྱིན་ཡིག་ཤེས་མཁན་ཚོར་སྤྲོད་ཐག་ཆོད་ཡིན།
བོད་ཀྱི་ལྷན་སྐྱེས་ཐོབ་ཐང་རྣམས།
རྒྱ་ཡིས་བཙན་གྱིས་འཕྲོག་པ་ལ།
ཤུགས་ཀྱིས་རྒོལ་ལན་སྤྲོད་ཕོད་པ།
ལྷ་བཟང་གངས་རིའི་ལྷ་རྒོད་རེད།
ཨིན་སྐད་ཤེས་ལ་ལ་རྒྱ་ལྡན། །
བོད་ཡིག་སྐྱོ་ལ་དད་ཞེན་དམན། །
རང་བཙན་རྩོད་མཁན་ལྷག་བསམ་ལགས། །
ལྷག་བསམ་མི་འདུག་ཤོད་ཕོད་དམ། །
ཀླུ་མཁར་བྱམས་ཀྱིས་སྙན་ངག་པ་རྒན་ལྷ་བཟང་དང་ཁོང་གི་སྙན་ངག་གི་བརྩམས་ཆོས་གླེང་བར་དངོས་གནས་དགའ་བྱུང་། ང་ཚོར་སྙང་ངག་དང་སྙན་ངག་པ་གླེང་ཐུབ་མཁན་ཞེ་དྲགས་མེད་པ། དེ་བས་ཀླུ་མཁར་བྱམས་འདི་མེད་ས་ན་ཡོད་མཁན་གཅིག་རེད། དགའ་བྱུང་།
བཙན་བྱོལ་ཁྲོད་ཀྱི་བོད་ཀྱི་དཔའ་རྒོད་ལྷ་བཟང་ལགས་དང་ཆབ་སྲིད་བཙོན་ཟུར་ཀླུ་གར་བྱམས་སོགས་ལ་ང་ཚོ་བོད་མི་ཚོས་བདག་པོ་རྒྱག་མི་ཐུབ་ནའང་། རྗེས་སུ་ཡི་རངས་ཙམ་ཞུ་རྒྱུ་ནི་དངོས་གནས་གལ་ཆེར་མཐོང་ངོ་།
ཧ་ཧ་ཧ་ཧ་ཧ་་་་་་ང་མ་སླེབས་ས་ཞི་མི་འདུག་ཟེར། མཆན༨་པ་དེའི་ནང་དུ། རེད་རེད་འཁྱམས་པོ་ཁྱོད་བདེན་པ་རེད། ང་གང་དུ་སླེབས་ན་དེར་འུར་ཤོད་མཁན་དང་། དཀྲུག་ཤིང་མཁན། ལྟ་གྲུབ་དང་ཐོབ་ཐང་སོགས་མདོར་ན་ཡོད་ཚད་ཁ་ལ་འཁྱེར་ནས་ཕུ་དཀྲུགས་ཤིང་མཁན་པོ་འམ་དྲྭ་འབུ་མང་པོ་ཞིག་ཡོད་པ་ངོས་འཛིན་བཟོ་ཆོག་ངེས་རེད། ང་དེར་ཡོང་དགོས་དོན་ཡང་རྒྱུ་མཚན་དེའི་ཕྱིར། ངའི་ལས་དོན་དང་དང་དམིག་ཡུལ་ནི་དྲྭ་འབུ་ཁྱོད་དང་ཁྱོད་ལྟ་བུ་འབུར་འཇོམས་བཟོ་རྒྱུ་དེ་གཙོ་བོ་ཡིན། ཤེས་པ་བྱོས་ཤིག །དོན་མེད་ཡོང་གྱི་མ་རེད།
ཨ་ཚོགས་ཀྱིས་ད་ཐེངས་བྲོ་བ་ཅན་གྱི་རྩོམ་ཞིག་བྲིས་གནང་འདུག།མཐེ་བོང་སྒྲེང་ནས་བུད་སོང་།
ཧ་ཅང་བཟང་གི
བོད་མི་རིགས་ཀྱི་རིགས་ཀྱི་བུ་ཁྱེད་ཀྱི་སྙན་ངག་དཔར་སྐྲུན་གནང་བར་རྟེན་འབྲེལ་ཞུ།
དེབ་ཀློག་པའི་དྭངས་བ་ཡལ་ནས་ལོ་མང་ཕྱིན་སོང་ཡང་། ཁྱེད་ཀྱི་སྙན་ངག་དེ་ངེས་པར་དུ་ཀློག་གི་ཡིན།
ཨ་མཆོད་དང་ཨ་ཚོགས་གཉིས་ལ་མཚམས་འདྲི་ཡོད།། ཨ་ཚོགས་ལགས་ཀྱི་གླེན་རྟགས་དེ་ལའང་དུས་རྟག་ཏུ་བལྟས་བསྡད་ཡོད་ལ་ཨ་མཆོད་ལགས་ཀྱིས་ནུས་ཤུགས་ཡོད་ཚོད་ཀྱི་ཐོག་ནས་བོད་རྒྱལ་ཁབ་འདིའི་ཆེད་དུ་བྲིས་པའི་རྩོམ་ཡིག་རྣམས་ཀྱང་བཀླགས་ཡོད།
སྐྱ་ཆོད་སྔོ་སྡུག་གི་དེང་རབས་འདི་ལ་ཟུངས་ཁྲག་ཡར་ངོ་ཟླ་བ་ལྟར་རྒྱས་པའི་སྨོན་ལམ་ཡོད། མངའ་རི་བ་བཀྲ་ཤིས་བདེ་ལེགས་་་་་་་་་་་་་་་་་་་་་་་
རྒན་རབས་པ་ལྷ་བཟང་ཚེ་རིང་མཆོག་ལ་རྟེན་འབྲེལ་ཞུ། ཨ་ཚོགས་ཀླུ་བྱམས་ཀྱིས་བྲོ་བ་ལྡན་པའི་རྩོམ་ཡིག་སྤེལ་བར་ཐུགས་རྗེ་ཆེ།།
ངོ་ལུག་ལགས་་་་འཇམ་དབྱངས་ནོར་བུ་དང་རྒན་ལྷ་བཟང་ལགས་རྣམ་གཉིས་ཀྱིས་བོད་པའི་སྤྱི་ཚོགས་ནང་དུ་ཤུགས་རྐྱེན་ཆེན་པོ་མི་ཐད་ཀྱང་་་་འཛམ་གླིང་རྒྱལ་སྤྱིའི་སྟེང་ཨེན་སྐད་ནང་དུ་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་མ་རུང་ཁོག་འཆང་གི་ལོག་འགྲེལ་རྒྱབ་པའི་རྩོམ་ཡིག་རིགས་བསླེབས་སྐབས་སུ་ཁོང་རྣམ་པ་གཉིས་ཀྱིས་ལན་ཞིག་འདེབས་ངེས་རེད་ལ་འདེབས་ཐུབ་ངེས་རེད་བསམས་པའི་སེམས་པ་བདེ་ལྷང་ལྷང་ཡོད་པ་འདི་ཁོང་གཉིས་ཀྱི་བཀའ་དྲིན་ལས་བྱུང་།
ངས་བསམ་པར་མཁས་དབང་འཇམ་དབྱངས་ནོར་བུས་རྒྱལ་སྤྱིའི་ནང་དུ་ཤེས་ཡོན་པའི་འཐབ་རྩོད་ཐོག་འགན་ཆེན་པོ་འཁུར་གྱི་འདུག་བསམས་ཀྱི་འདུག བཙན་བྱོལ་བའི་མི་རབས་གསར་པའི་ཨེན་སྐད་ཕྱོགས་ཁག་གི་ནང་དུ་ནུས་པ་ཡག་པོ་འདུག་བསམས་གྱི་འདུག དེ་ནས་བསྟན་འཛིན་བརྩོན་འགྲུས་ཡག་པོ་ཡོད་ལ་ཁོང་ལ་དགའ་པོ་ཡོད།
གཞན་དག་མཛུབ་མོ་ལྔ་ལ་གྲངས་ཀ་རྒྱབ་ན་སུ་དང་སུ་ཡོད་དམ། ཨེན་ཡིག་ལ་བྱང་ཆུབ་པ་དང་བོད་རྒྱལ་ཁབ་ཀྱི་དངོས་ཡོད་ལོ་རྒྱུས་ཡག་པོ་ཡོད་པ་་་་་་ནུབ་ཕྱོགས་པའི་སྤྱི་ཚོགས་ལ་རྒྱུས་མངའ་ཆེ་བ། དམངས་གཙོའི་ལྟ་གྲུབ་ལ་གོམས་པ་ཆེ་བ། བློ་གཏོང་ཐུབ་པ། རྒྱལ་ཞེན་ཆེ་བ། བརྩོན་འགྲུས་ཆེ་བ། དྲང་ཚུགས་ཐུབ་པ་སོགས་ཕྱོགས་གང་ལ་བལྟས་ཀྱང་ཆ་རྐྱེན་ཚང་བའི་མི་དཀོན་པོ་རེད་འདོད་དོ་་་་་་་་།
ཨ་རོགས་ཆ་ག། རང་ང་རང་ང་ཅང་བཤད་གི་མ་འདུག། དང་པོ་དེབ་གློག་དེ་ནས་བསམ་བློ་གཏོང་དེ་ནས་བསམ་ཚད་བྱོད། ཅིའི་མྱི་མ་རབ་དག་དག་ཡོད་གི་ར། སྨྱོ་ལེ་དག་དག་མ་རེད་ན་དཀར་པོ་དགེས། རྒན་པོ་དེ་མི་ཤེས་རྒྱུ་ཅང་མེད། ནམ་ཡིན་ན་བོད་རང་བཙན་དང་བོད་རང་བཙན། ཁ་ནས་བོད་རང་བཙན་སེམས་ནང་དུ་ནང་དུ་གཞན་པ་ཤིག། སྔོན་ཆད་རྒན་པོ་དེས་ངའི་རྒྱལ་གར་གྱི་ས་ཆ་ལྒང་དུ་སྤྱིན་པ་གཏོང་གི་མིན་ཟེར། ད་ལྟ་རྒྱ་གར་གྱིས་ས་ཆ་ལྒང་དུ་ཁང་པ་ཆེན་པོ་ཞིག་རྒྱབ་། མི་ཤེས་རྒྱུ་ཅང་མེད་རྒན་པོ་སྨྱོན་པ་དེ། མི་འདི་བུ་ཤིག་ལ་རེ་བ་རྒྱབ་དེས་ཚར་ལས་རེད་གོ།
ཨ་རོགས་ཆ་ག། རང་ང་རང་ང་ཅང་བཤད་གི་མ་འདུག། དང་པོ་དེབ་གློག་དེ་ནས་བསམ་བློ་གཏོང་དེ་ནས་བསམ་ཚད་བྱོད། ཅིའི་མྱི་མ་རབ་དག་དག་ཡོད་གི་ར། སྨྱོ་ལེ་དག་དག་མ་རེད་ན་དཀར་པོ་དགེས། རྒན་པོ་དེ་མི་ཤེས་རྒྱུ་ཅང་མེད། ནམ་ཡིན་ན་བོད་རང་བཙན་དང་བོད་རང་བཙན།
ཁ་ནས་བོད་རང་བཙན་སེམས་ནང་དུ་ནང་དུ་གཞན་པ་ཤིག། སྔོན་ཆད་རྒན་པོ་དེས་ངའི་རྒྱལ་གར་གྱི་ས་ཆ་ལྒང་དུ་སྤྱིན་པ་གཏོང་གི་མིན་ཟེར། ད་ལྟ་རྒྱ་གར་གྱིས་ས་ཆ་ལྒང་དུ་ཁང་པ་ཆེན་པོ་ཞིག་རྒྱབ་། མི་ཤེས་རྒྱུ་ཅང་མེད་རྒན་པོ་སྨྱོན་པ་དེ། མི་འདི་བུ་ཤིག་ལ་རེ་བ་རྒྱབ་དེས་ཚར་ལས་རེད་གོ།
ལྷག་འཇམ་གཉིས་ཀྱི་མཚན་བྱང་།
རྒན་ལྷག་བསམ། འཇམ་ནོར།
མཁས་དབང་འཇམ་དབྱངས་ནོར་བུ། རྒན་ལྷག་བསམ་ལགས།
མཁས་དབང་ལྷག་བསམ་ལགས། རྒན་འཇམ་ནོར་ལགས།
ལྷག་བསམ། འཇམ་ནོར།
ལྷག་བསམ་ཚེ་རིང་། འཇམ་དབྱངས་ནོར་བུ།
ཅོ་རི་ཉི་མ་ལགས་བདེན། ཁྱེད་ཀྱི་གསུངས་པ་དེ་དེ་བཞིན་ནོ། འུ་གཉིས་ཀྱི་བསམ་ཚུལ་ལ་འགལ་བ་མི་འདུག