———སྐྱོ་བྲག་དགའ་དབང་།
འཇིག་རྟེན་མི་ཡི་ལུགས་སྲོལ། རྒས་པས་གཞོན་པོ་ལ་བལྟ་སྲུང་བྱེད། གཞོན་པོས་རྒས་པ་ལ་གཅེས་སྐྱོང་བྱེད། ཕན་ཚུན་རོགས་རེས་བྱེད་པ་འདིས་མི་ཡི་རིགས་འདི་རྒྱུན་གནས་བྱུང་བ་ཡིན།
གལ་ཏེ་ཕན་ཚུན་གྱི་རོགས་རེས་འདི་མེད་པ་ཡིན་ན། མི་ཡི་འགྲོ་བ་འདི་རྒྱུན་གནས་ཡོང་བ་ཞིག་མ་རེད། ཐོག་མར་སྐྱེས་ཙམ་ནས་འཆི་འགྲོ་བ་ལས་གསོན་ངོགས་སུ་ཡུན་གནས་མི་ཐུབ་པ་ནི་ང་ཚོ་ལ་མངོན་སུམ་པ་ཡིན།
འཚོ་གནས་ཀྱི་ཐབས་ལམ་རྣམས་མི་རབས་ནས་མི་རབས་ཀྱིས་གསར་གཏོད་དང་རྒྱུན་འཛིན་བྱས་པ་ལ་བརྟེན་ནས་སྦྱོང་ཆོག་ཆོག་དང་བྱེད་ཆོག་ཆོག་ཡོད་པ་རེད་ལ། མི་ཡི་ཁྱད་ཆོས་གཙོ་བོ། སྨྲ་ཤེས་ཤིང་དོན་གོ་བ་ཡང་། རྒས་པས་གཞོན་པོར་བསླབས་པས་ནུས་པ་དམིགས་བསལ་བ་འདི་བྱུང་བ་རེད། འདི་དག་ཚང་མ་ང་རང་གིས་གསར་གཏོད་བྱ་དགོས་ན་མི་ཚེ་འདིར་ཐུབ་རེ་བྲལ་བ་ནི་རང་རྒྱུད་ལ་བརྟགས་ན་ཤེས།
ད་དུང་མི་རིགས་དང་། ལམ་ལུགས་དང་། རིག་གཞུང་དང་། རྒྱལ་ཁབ་སོགས་ང་ཚོར་ཁྱད་ཡོན་དམིགས་བ་རེ་ཁ་བཤད་དང་ལག་ལེན་བྱེད་དུ་ཡོད་པ་འདི་དག་ཐམས་ཅད་ཀྱང་རྒས་པའི་བཀའ་དྲིན་ལ་བརྟེན་པ་ཤ་སྟག་ཡིན།
གཞོན་པོས་རྒས་པ་ལ་གུས་བརྩི་དང་བཀུར་བཟོས་མི་བྱེད་ན། རང་ཉིད་རྒས་པའི་སྐབས་ནའང་གཞོན་པོ་གཞན་པས་ཀྱང་མི་བྱེད་པའི་ལམ་སྲོལ་རང་ཉིད་ཀྱིས་བཟོ་བཞིན་ཡོད་པ་ཡིན་ཕྱིར། སྣང་བ་གདོང་འདེད་ཙམ་མིན་པར། སྔ་ཕྱིར་བསམ་གཞིག་གིས་འཇིག་རྟེན་ཡ་རབས་ཀྱི་བསམ་སྦྱོར་དག་རང་ཉིད་ཀྱི་ཆེད་དུ་རྒྱུན་སྐྱོང་ཐུབ་པ་བྱ་དགོས་སོ། །