གཞུང་ལུགས་བྲན་རྒོལ་གྱི་རྒྱབ་རྟེན་དུ།
ཐག་རིང་ཕྱོགས་ནས་རྣ་བས་སྒྲ་ཞིག་ཐོས།།
ཡུལ་ཕྱོགས་འདི་ནས་རྒྱང་གི་སྐད་ཅིག་ཐོས།།
གྲི་རིང་འཕྱར་ནས་མི་མགོ་མནན་རབས་རེད།།
དབྱུགས་པ་བཟུང་ནས་སྒལ་གཞུང་གཏེས་རབས་རེད།།
ས་ཐག་རིང་བའི་དྲི་མ་འདི་ན་བྲོ།།
ངན་སྐྱུགས་དྲི་མས་ཁུ་བ་འདི་ན་བཞུར།།
རྨོངས་དད་སྙིང་ལ་ཞུགས་པའི་དཔུང་ཚོགས་ཀྱིས།།
གཞན་མགོ་བཙན་གྱིས་གནོན་པའི་ཐན་པ་ཉིད།།
བསམ་བློའི་རྣོ་གྲི་བརྡར་བའི་གཞོན་རབས་འགས།།
ལྟ་ཚུལ་གསར་པའི་གླེགས་བམ་བཀྲམས་པ་ན།།
ཀ་ཁ་གཡག་ཙམ་མི་ཤེས་གླེན་པ་འགས།།
རྡོ་དང་གཡུགས་པས་གཞོམ་ལ་འབད་པས་བྲེལ།།
རིགས་པས་དཔྱད་པའི་གྲུབ་དོན་རིན་ཆེན་ནོར།།
བརྡ་དག་གསེར་ཡིག་ལམ་ནས་བྲིས་པའི་ཚེ།།
ཚིག་དང་དོན་ལ་རྨོངས་པའི་བྱིས་པ་འགས།།
ཙན་དན་ཐལ་བར་བསྒྱུར་བའི་རྣམ་ཐར་བཟུང་།།
དཔྱད་གསུམ་ཚད་མས་དོན་ལ་ལེགས་དཔྱད་དེ།།
ཚིག་དོན་འཁྲུལ་སེལ་བྱས་ན་ལོས་ཆོག་མོད།།
གོ་ས་དཔུང་མང་བསྡེབས་པའི་ངར་ཤུགས་ཀྱིས།།
གཞན་མགོ་བཙིར་གནོན་བྱེད་པ་ཡ་རེ་ང་།།
ཡང་དག་ཚད་མས་ལེགས་པར་དཔྱད་བྱས་ཏེ།།
སྨྱུ་གུའི་རྩེ་མོ་བརྡར་བའི་ཚིག་དག་གིས།།
སྨྲ་ངན་ཚད་གཅོད་དམ་པའི་ལུགས་ཡིན་ཡང་།།
མཚོན་གྱིས་གཞུང་ལུགས་སྲུང་བ་བླུན་པོའི་གཤིས།།
ལྟ་བ་སྣ་ཚོགས་མཉམ་གནས་ཐུབ་པ་དེ།།
མི་རིགས་འཕེལ་རྒྱས་རྩ་བ་ཉིད་ལགས་མོད།།
ལྟ་གྲུབ་གཅིག་གིས་འཇིག་རྟེན་སྐྱོང་འདོད་དེ།།
རྐང་གཅིག་ས་ཆེན་བསྐྱོད་འདོད་སྟོང་བསམ་ཉིད།།
དང་པོ་སྐྱེ་དུས་མ་འཁོགས་མི་གཅིག་ལ།།
བར་དུ་འཚར་དུས་སྐྱེ་གཟུགས་མི་གཅིག་ན།།
རྣམ་པར་དཔྱོད་པའི་ཤེས་རབ་ཁ་ཕྱོགས་དེ།།
གཅིག་ཏུ་གཏོགས་འདོད་རྣམ་པར་འཁྲུལ་བ་ཉིད།།
ཕྱི་ནང་གཞུང་ལུགས་ཕྱོགས་ལ་བློ་གོམས་ཤིང་།།
ཐོས་པ་འབའ་ཞིག་བརྩོན་པའི་ཤེས་ལྡན་པར།།
<<གཞུང་ལུགས་བྲན་རྒོལ>>་ཡང་དག་ཡིན་མིན་ཞེས།།
དཔྱོད་པའི་གོ་སྐལ་ཤིན་ཏུ་འཚམས་མོད་ཀྱང་།།
ཀ་ཁའི་མགོ་རྔ་ཙམ་ཡང་མ་སྦྱངས་ཤིང་།།
འདོན་དབྱངས་ཚིག་སྐམ་ཙམ་ལ་ཡིད་ཚིམ་པའི།།
ཟླ་གམ་ཟླུམ་པོའི་འོག་གི་གཤེད་མ་ཚོར།།
ཤེས་དཔྱོད་འཚོལ་བའི་ལས་ཤིག་ག་ལ་ཡོད།།
གནས་ལུགས་མེད་པའི་ཚིག་གི་བསྟན་བཅོས་ལ།།
ལུང་དང་རིགས་པས་ཡང་དག་བསྒྲུབས་ན་བཟང་།།
དཀར་འཇམ་ཤོག་བུར་འཁྱུག་པའི་སྨྱུག་རྩེ་ལ།།
དབྱུགས་པའི་རྡུང་རྡེག་མེད་ན་ཡག་རྟགས་སོ།།
བླུན་པོ་མང་པོ་དཔུང་སྒྲིག་བྱས་ནས་ནི།།
དམ་པའི་སྐྱེས་བུ་ཁྲིམས་ལ་སྦྱར་བ་མང་།།
སྐུ་དྲག་མཉམ་བསྡེབས་ལས་ལ་བརྩོན་ནས་ནི།།
རིན་ཆེན་བེཌཱུརྱ་ཐང་ལ་སྦྱར་བ་ཡོད།།
<<གཞུང་ལུགས་བྲལ་རྒོལ་>>མཇལ་རྒྱུ་མ་བྱུང་ཡང་།།
བྱེད་པོ་རིགས་པས་ཚར་གཅོད་མ་བྱས་པར།།
རྡོ་དབྱུགས་དཔུང་གིས་རྒོལ་ཚུལ་ཐོས་པ་ན།།
སྙིང་ཆུང་མ་བཟོད་ཚིག་འདི་འབྲི་ལ་འབད།།