བློ་གྲོས་རབ་བརྟན།
བཙན་བྱོལ་བོད་མིའི་ཁྲོད་ནས་དེང་གི་བོད་རང་བཙན་འགུལ་སྟངས་ནི་མ་འདྲ་བ་ཞིག་རེད། ལོ་རྒྱུས་ཐོག་གི་བོད་རང་བཙན་དེ་མ་རེད་ལ། ཐོབ་ཐང་གི་ཁྱབ་ཁོངས་ཀྱི་བོད་རང་བཙན་ཡང་མ་རེད། དེས་ན། རྒྱ་གཞུང་གི་དགོས་མཁོ་ཞིག་དང་། བོད་མི་ནང་ཁུལ་དུ་དཀྲུག་ཤིང་ཞིག ཐ་ན་༧གོང་ས་མཆོག་གི་མཛད་འཕྲིན་ཡན་ལ་ཟུར་ཟ་བྱེད་པའི་ཅ་ལག་ཅིག་ཏུ་གྱུར་འདུག
བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་ཇུས་བརྒྱུད་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་སྤྲོད་དགོས་པ་དང་། སྤྲོད་ཆོག་པའི་ཆ་རྐྱེན་ཡོངས་སུ་རྒྱ་གཞུང་གི་རྩ་ཁྲིམས་ནང་གསལ་བ་ལྟར། གདོང་དང་གདོང་ཐུག་སྟེ་གྲོས་བསྡུར་དང་ཡིག་ཐོག་ནས་ཀྱང་གསལ་བཤད་རིམ་པར་བྱས་ཡོད།
དེར་བརྟེན་རྒྱ་གཞུང་གིས་དྲང་བདེན་དང་དོན་དངོས། རྒྱ་གཞུང་གི་རྩ་ཁྲིམས་གཞིར་བཟུང་ལན་རྒྱག་མ་ཐུབ་པར། བོད་རང་བཙན་དང་བོད་ཆེན་པོ་རྩོད་ཀྱིན་འདུག་ཅེས་ཁག་དཀྲི་བྱེད། འདིས་རྒྱ་གཞུང་ལ་བོད་རང་བཙན་རྩོད་དགོས་པ་དེ་སྟོན་གྱིན་ཡོད། བོད་རང་བཙན་བརྩད་ན་རྒྱ་གཞུང་ལ་ཁེ་བཟང་མ་གཏོགས་གྱོང་མེད་དེ། ད་ལྟའི་རྒྱ་གཞུང་གིས་བོད་མི་ཚོར་རང་བཙན་སྤྲོད་མི་སྲིད་ལ། བོད་མི་ཚོས་ལེན་མི་ཐུབ་པ་གཞིར་བཞག རྒྱལ་སྤྱིའི་ཁྲོད་ནས་བོད་རང་བཙན་ལ་རྒྱབ་སྐྱོར་མེད་པ་བཅས་ཀྱིས་རེད།
ད་དུང་བཙན་བྱོལ་དུ་རང་བཙན་འཐབ་རྩོད་ཀྱི་སྲིད་ཇུས་བཟུང་ན། བོད་དུ་རང་གི་འཚོ་གནས་ཀྱི་ཆེད་དུ་ངོ་རྒོལ་བ་ཚོར་སྔར་ལས་དྲག་གནོན་བྱེད་པ་ལ་མཐུན་རྐྱེན་དུ་འགྱུར་ཞིང་། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ནས་རྒྱ་གཞུང་ལ་གནོན་ཤུགས་ཕྲན་བུ་ཐེབས་ཀྱིན་པ་ནི་མི་རིགས་རང་སྐྱོང་དང་། ཐོབ་ཐང་འདྲ་མཉམ་སོགས་ཀྱི་ཐད་ནས་ཡིན་པ་ལས། རང་བཙན་ཐད་ནས་རྒྱ་གཞུང་ལ་གནོན་ཤུགས་ཤིག་ཡོང་ས་མེད།
དེར་བརྟེན་བོད་རང་བཙན་གྱི་སྲིད་ཇུས་བཟུང་ན། རྒྱ་གཞུང་གིས་མི་རིགས་འདྲ་མཉམ་དང་སྲུང་སྐྱོབ་སོགས་ཀྱི་ཐད་ནས། ད་ལྟ་གདོང་ལེན་བྱེད་དགོས་པ་དག་ཀྱང་མི་དགོས་པར་གྱུར་ཏེ། བོད་རང་བཙན་རྩོད་ཀྱིན་འདུག་ཅེས་ལས་སླ་བོ་དང་། སྟབས་བདེ་བོས། རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་དོན་ཐད་ནས་གདོང་ལེན་བྱེད་ཐུབ་པ་ཆགས་རྒྱུ་རེད། དེས་ན། བོད་རང་བཙན་བརྩད་ན་རྒྱ་གཞུང་ལ་ཁེ་བཟང་དང་དགོས་མཁོ་ཡོད་པ་ཞིག་རེད། དེ་ནི་ཆབ་སྲིད་པའི་གཡོ་ཇུས་ཀྱི་བསྐོར་བ་རྒྱག་སྟངས་ཤིག་ཀྱང་རེད།
གནད་དོན་དེ་དག་ལ་གཞིགས་ན། ཚོགས་པ་དང་སྒེར་བ་སུ་ཞིག་གིས་བོད་རང་བཙན་བརྩད་ན། དེས་རྒྱ་གཞུང་ལ་བོད་དོན་ཐད་ནས་ལས་ཀ་བྱེད་ལ་མཐུན་རྐྱེན་སྐྲུན་བཞིན་ཡོད་ལ། བོད་དུ་རང་གི་འཚོ་གནས་ཆེད་དུ་ངོ་རྒོལ་བ་ཚོ་སྔར་ལས་འཛིན་བཟུང་དང་དྲག་གནོན་བྱེད་པ་ལ་སྟབས་བདེ་རུ་གཏོང་གི་ཡོད།
༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ལ་རང་སྐྱོང་ཡོང་བར་འབད་བརྩོན་བྱེད་བཞིན་པ་དེར། ཁ་གཏད་དུ་མི་སྐོར་ཞིག་གིས་བོད་རང་བཙན་རྩོད་དགོས་ཞེས་རྩོད་རྙོག་སློང་གི་ཡོད་ཅིང་། རྩོད་རྙོག་སློང་མཁན་གྲས་སུ་སྐུ་དྲག་གི་ཁྱིམ་རྒྱུད་ཀྱི་བུ་རབས་ཚ་རྒྱུད་དག་ཚུད་ཡོད་ལ། ༧གོང་ས་མཆོག་གིས་དེ་སྔའི་བོད་སྡེ་བ་གཞུང་གི་སྐབས་སུ་མི་མང་ལ་དྲང་བོ་བྱེད་ཀྱིན་མེད་པ་དང་། ཕྱིའི་ཡུལ་གྲུ་ཁག་ལ་འབྲེལ་བ་འཛིན་མ་ཐུབ་པར་རང་སར་ཆེར་རློམ་གྱིས་བསྡད་པའི་རྐྱེན་གྱིས། བོད་རྒྱལ་ཁབ་ཤོར་ཚུལ་གྱི་བཀའ་སློབ་དག་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་མང་གཙོའི་ལམ་དུ་བསྒྱུར་བ་སོགས་ཀྱིས་ཁོང་ཚོར་ཕོག་ཐུག་བཏང་ཡོད།
གཞན་ཡང་ཆུ་སྒང་གསར་རྙིང་ལས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཟ་ཟུར་ནས་རྣམ་འགྱུར་སྟོན་མཁན་ཁག་ཅིག་དང་། དེ་མིན་དོལ་རྒྱལ་རྗེས་འབྲང་བ། དེ་མིན་རྒྱ་གཞུང་གི་དངུལ་གྱིས་འཚོ་བའི་མི་སྐོར་ཞིག་གིས་ཀྱང་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་རང་བཙན་རྩོད་ཀྱི་མེད་པ་དེ། རྒྱལ་བཙོང་བ་དང་མགོ་འདོགས་རང་ལུགས་པ་ཡིན་ཚུལ་སོགས་བསྒྲགས་ཏེ། བོད་རང་བཙན་རྩོད་དགོས་ལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དེ་ཡང་རང་བཙན་འཐབ་རྩོད་ཀྱི་སྲིད་ཇུས་ལ་བསྒྱུར་དགོས་པ་ཤོད་ཀྱིན་ཡོད། དེ་དག་ལ་ཕྱི་ཚུལ་དུ་རྒྱལ་ཞེན་གྱི་རྣམ་པ་ཡོད་ཀྱང་། དོན་ལ་ནང་ཁུལ་དཀྲུག་ཤིང་དང་ཕན་ཚུན་ཁ་གཏད་གཅོག་བྱེད་ལ་བོད་རང་བཙན་འཁྱེར་བཞིན་པ་འདི་རེད།
བོད་རང་བཙན་ཞེས་མི་སྐོར་ཞིག་གི་བྱེད་སྟངས་དེས། བོད་པ་ནང་ཁུལ་མཐུན་སྒྲིལ་དང་དབུ་འོག་དཔུང་འདེགས་ཀྱི་ནུས་པ་ཆུང་དུ་གཏོང་གི་ཡོད་ཅིང་། ག་ཚོད་ཀྱིས་བོད་མིའི་སྒྲིག་འཛུགས་དང་འཐབ་རྩོད་ཀྱི་གནས་བབ་ཞན་དུ་སོང་ན། རྒྱ་གཞུང་ལ་དགོས་པ་ཨ་མ་དེ་བོད་པ་རང་སྟེང་ནས་སྒྲུབ་ཀྱི་ཡོད་པ་འདི་རེད།
བོད་རང་བཙན་ནི་ལས་སླ་བོ་ཞིག་མིན་པ་སྐུ་ཞབས་འཇམ་དབྱངས་ནོར་བུས་ཀྱང་ཁས་ལེན་གྱིན་ཡོད་དེ། གོ་ཐོས་ལྟར་ན། འཇམ་ནོར་གྱིས་བོད་རང་བཙན་ཐོབ་ཀྱི་མ་རེད། འོན་ཀྱང་ང་ཚོས་རང་བཙན་གྱི་ལངས་ཕྱོགས་འཛིན་དགོས་པ་དེ་གལ་ཆེན་ཆགས་ཡོད་དེ། རྒྱ་ཕྱོགས་ནས་ང་ཚོའི་གོང་ཚད་མར་མར་གཅོག་བཞིན་པའི་སྐབས་འདིར། ང་ཚོའི་རང་བཙན་གྱི་ལངས་ཕྱོགས་མཁྲེགས་པོ་ཞིག་འཛིན་ཐུབ་པ་ཡིན་ན། དེ་རྒྱ་ཕྱོགས་ལ་བརྡ་ལན་ཡག་ཤོས་ཤིག་རེད་ཅེས་བཤད་མྱོང་འདུག སྐད་ཆ་འདིས་རང་བཙན་ཞེས་སྒྲོག་མཁན་དག་ལ་འཆར་གཞི་དང་ཕུགས་བསམ། གདེང་ཚོད་ག་འདྲ་ཡོད་མེད་ལ་འགྲེལ་བཤད་བརྒྱབ་ཡོད།
ཅི་ཞིག་མ་འགྲིག་པ་ཡིན་ནམ། བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཚོའི་མིག་ན་མི་མཛེས་པ་དེ་༧གོང་ས་མཆོག་ཕུད་རྗེས། ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་དང་ཚོགས་གཙོ་སྤེན་པ་ཚེ་རིང་རེད། དེ་སྔོན་གྲོས་ཚོགས་ར་བ་ནས་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་ཚོགས་གཙོར་ཉེས་འགེལ་བྱེད་སྟངས་དང་། དེ་བཞིན་ཀླུ་མཁར་བྱམས་ལ་ཁ་བརྡར་ས་ཞིག་རེག་སོང་ན། ཟམ་གདོང་རིན་པོ་ཆེ་བོད་རང་བཙན་མེད་པར་བཟོ་མཁན་དང་བོད་གཞུང་སྒོ་རྒྱག་མཁན་ཟེར་ནས་ངར་གྱིན་འདུག དངོས་གནས་ཡིན། མི་རིགས་འདིའི་ལས་དོན་སྣ་མང་ཐད་ལ་གྲུབ་འབྲས་ཅན་གྱི་སྐྱེས་བུ་དག་ལ་ཁྱད་གསོད་བྱེད་པ་འདི་དག་མི་བསམ་ཡོད་ཅིག་གི་ལས་ཀ་མ་རེད།
རྒྱལ་ཞེན་དང་ལྷག་བསམ་ཁོ་ནས་བོད་རང་བཙན་ལབ་ཀྱིན་ཡོད་ན། བོད་རང་བཙན་དེ་བོད་མི་ནང་ཁུལ་དུ་དཀྲུག་ཤིང་ཞིག་དང་། ༧གོང་ས་མཆོག་ལ་མ་རངས་པའི་རྣམ་འགྱུར་སྟོན་བྱེད་ཅིག དེ་བཞིན་བོད་མི་ནང་ཁུལ་མཐུན་སྒྲིལ་དང་སྒྲིག་འཛུགས་རྒྱུན་གནས་ལ་བར་ཆད་བཟོ་མཁན་ཞིག་ཏུ་ནམ་ཡང་འགྱུར་གྱི་མ་རེད་འདོད།
ཨེ་མ།ད་ནི་ག་བར་སླེབས་སོང་།བོད་རང་བཙན་ཞེས་འབོད་ན་མི་ཆོག་པའི་དུས།དེ་འདྲའི་ཐབས་སདུག་པོ།
བློ་གྲོས་རབ་བརྟན་ལགས་ངས་ནི་བོད་རང་བཙན་རྩོད་སྟངས་ཟེར་བ་ཞིག་མ་གཏོགས་བོད་རང་བཙན་འགུལ་སྟངས་ཟེར་བ་ཞིག་མ་ཤེས། ཁྱེད་ཀྱི་འགུལ་སྟངས་ཟེར་བ་དབྱིན་ཚིག་movement ཟེར་བ་དེ་ཨེ་རེད།། དུམ་མཚམས་དང་པོའི་ནང་དུ་དད་པ་ལོག་སྤྱོད་དང་རང་ལྟ་མཆོག་འཛིན་གྱི་སེམས་ཚོར་ཤུགས་ཆེན་ཡོད་པར་བརྟེན་ཆ་ཚང་བ་ཀློག་འདོད་མ་བྱུང་།
ང་ལ་རང་བཙན་ཀྱང་མི་དགོས་ལ་དབུ་མའི་ལམ་དེ་ལས་ཀྱང་མི་དགོས། བོད་བྱེས་པ་ཚོས་ནང་ལོགས་སུ་རང་བཙན་དང་དབུ་མ་རྩོད། གཞི་མི་བོད་ལ་རྒྱ་མིས་དྲག་གནོན་བྱས། འདི་ག་རེས་བྱས་ནས་བྱུང་བ་རེད། བོད་བྱེས་པ་ཚོས་བཟོས་པ་རེད། ང་ནི་མགྱོགས་པོར་བོད་ལ་ལོག་གི་ཡིན། བལ་ཡུལ་དང་ང་ཚོའི་གྲུང་གོའི་ས་མཚམས་ནས་འགྲོ་དུས་སྐར་ལྔའི་རྟགས་ཅན་གྱི་ཞྭ་མོ་ཞིག་གོན་ཀི་ཡིན། ས་མཚམས་ནས་གནམ་བསྐོས་གོང་མ་ཆེན་མོ་འཇམ་དབྱངས་ཀྱི་སྲས་པོ་ཞི་ཅེན་ཕན་གྱི་གདན་སར་པེ་ཅིན་བར་དུ་བསྐྱང་ཕྱག་འཚལ་ནས་འགྲོ་ཀི་ཡིན། པེ་ཅིན་གནམ་སྡེ་སྒོ་མོ་ཆེའི་མདུན་ནས་ཉིན་མཚན་མེད་པར་འཇམ་དབྱངས་ཀྱི་སྤྲུལ་བ་ཞི་ཅེན་ཕན་ལ་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན། །
གལ་སྲིད་དབུ་མའི་ལམ་དེ་འདྲ་ཡག་པོ་ཞིག་ཡིན་ན་བོད་ནང་མི༡༤༠ལྷག་གིས་མེར་བསྲེག་ངོ་རྒོལ་བྱེད་དོན་ཡོག་མ་རེད་ལ། རང་བཙན་དགོས་ཞེས་སྐད་འབོད་བྱེད་དོན་ཡོག་མ་རེད། རང་བཙན་རྩོད་རྒྱུ་ནི་བོད་ནང་གི་འབོད་སྐད་རེད་ལ། གོང་ས་མཆོག་ཕེབས་དགོས་ཟེར་བ་ནི་བོད་རང་བཙན་ཁུར་ཤོག་ལབ་ཀྱི་ཡོད་རེད། དེ་མ་གཏོགས་རང་སྐྱོང་དགོས་ན་༡༩༥༩ལོའི་ཡར་སྔོན་རང་སྐྱོང་ཡོད་ཡོད་པ་རེད། དེ་ནས་བྲོས་པ་ནི་ནག་ཉེས་རེད་ལ། ཁྲིམས་ཆད་ཁུར་ཡ་ལས་མེད་པ་ནི་བོད་ནང་གི་མི་ཚང་མས་ཤེས་ཀྱི་ཡོག་རེད། དབུ་མའི་ལམ་ལ་གྲུབ་འབྲས་མ་བྱུང་བ་ཐུག་སའང་འདི་རེད།
རྩོམ་ཡིག་འདི་འདྲ་ད་གཟོད་བོད་མི་ནང་ཁུལ་གྱི་དཀྲུག་ཤིང་རེད། གཞན་ཅི་ཡང་བཤད་འདོད་མེད།
རྩོམ་ཡིག་འདི་འདྲ་ད་གཟོད་རྒྱ་ནག་གཞུང་གི་དགོས་མཁོ་དང་བོད་མིའི་ནང་ཁུལ་གྱི་དཀྲུག་ཤིང་རེད། གོང་དུ་ཚིག་འགའ་ཆད་འདུག་པས་འདིར་བསྐྱར་འགོད་བྱས་པ་ཡིན།
འདྲེ་ཡིའི་སེམས་ལ་མ་དྲན་པ་ཞིག་མི་ཡིའི་སེམས་ལ་དྲན་ཟེར་བ་ལྟར་རེད།
ལོ་རྒྱུས་ཐོག་ཏུ་བོད་དེ་རང་བཙན་མིན་ན་གང་ཡང་རྩོད་དགོས་དོན་མེད། རྒྱལ་ཁབ་ལ་ངོ་ལོག་རེད་ཤེས་སོང་ངམ། ད་དུང་བོད་མི་མང་པོའི་མི་ཚེ་འདུན་ལམ་འཕྲོག་ལམ་དུ་མ་བཏང་རོགས། སྔར་ནས་བོད་དེ་རང་བཙན་མིན་ན་ང་ཚོའི་རྒྱལ་ཁབ་ཀྲུང་གོ་ལས་གཞན་སུ་ཡང་མེད། ང་ཚོའི་གཙོ་འཛིན་ཞེན་ཅན་ཕན་རེད། གང་ཡིན་ཞེ་ན་ཁྱོད་ཀྱིས་བཤད་པ་ལྟར་ང་ཚོར་སྔར་ནས་རྒྱལ་ཁབ་ཡོད་མ་མྱོང་བའི་ཕྱིར་རོ།།
བོད་རང་བཙན་ལོ་རྒྱུས་ཀྱི་བདེན་པ་རེད། བོད་རང་བཙན་རྩོད་མཁན་ལ་མཐའ་གཅིག་ཏུ་གུས་བརྩི་དང་བསྟོད་བསྔགས་ཡོད། འོན་ཀྱང་བོད་རང་བཙན་༸གོང་ས་མཆོག་གི་ཕྱག་ལ་ཡོད་པ་འདྲ་པོ། བོད་རང་བཙན་ཟམ་གདོང་རིན་པོའི་ཕྱག་ལ་ཡོད་པ་འདྲ་པོའི་ལྟ་ཚུལ་བཟུང་སྟེ་༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་སོགས་ལ་མཚན་ཤས་བཟོ་བ་དང་ངན་སྨོད་བྱེད་པའི་རང་བཙན་རྩོད་མཁན་ཚོར་རྒྱབ་སྐྱོར་ཞུ་ཐུབ་ས་མ་རེད།
ང་ཚོ་དབུ་མའི་ལམ་ལ་འགྲོ་དགོས་པ་༸གོང་ས་མཆོག་གིས་བཟོས་བཞག་པ་མ་རེད། ལམ་ཁ་འདི་མི་འདེམས་ཀ་མེད་རྒྱ་ནག་གཞུང་གི་བྱེད་བབ་ལ་བརྟེན་ནས་བྱུང་བ་རེད། དེས་ན་དགག་པ་རྒྱ་ནག་ལ་བརྒྱབ། རྩོད་པ་བརྒྱབ་ན་རྒྱ་ནག་བརྒྱབ། འཐབ་རྩོད་རྒྱ་ནག་ལ་བྱེད། བདེན་པ་རྒྱ་ནག་ཁ་གཏད་དུ་བཟུང་ནས་བདར་ཐུབ་ན་ཕོ་ཁྱོ་ཀ་རེད།
གཞོན་ནུ་དུམ་བུར་འགྲོ་བཞིན་པའི་ཆག་སྒོ་སོགས་༸གོང་ས་མཆོག་གིས་བཟོས་པ་མ་རེད། ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་བཟོས་པ་མ་རེད། རང་བཙན་༸གོང་ས་མཆོག་གི་ཕྱག་ལ་ཡོད་པ་ལྟ་བུའི་ལྟ་ཚུལ་བཟུང་ནས། ༸གོང་ས་མཆོག་གིས་མ་འཇོན་པ་དང་མ་འགྲིག་པ། བོད་མིའི་སྒྲིག་འཛུགས་ཀྱིས་མ་འགྲིག་པ་དང་མ་འཇོན་པ་རྐྱང་རྐྱང་བཤད་དེ་འཐབ་རྩོད་ནང་ཁུལ་ལ་བྱས་དྲགས་པའི་དབང་གིས་མི་མང་གི་སེམས་ལ་དོ་ཕོག་ཕྱིན་པ་ལ་བརྟེན་ནས་བྱུང་བ་རེད།
ང་ཚོའི་རང་བཙན་འཐབ་རྩོད་པ་ཚོས་ང་ཚོ་དབུ་མའི་ལམ་ལ་མ་འགྲོ་ཀ་མེད་སུས་བཟོས་པའི་གནས་ལུགས་འདི་ཤེས་ན་དགག་པ་རྒྱ་ནག་ལ་བརྒྱག་དགོས་པ་དང་འཐབ་རྩོད་རྒྱ་ནག་ལ་བྱེད་དགོས་པའི་གནས་ལུགས་འདི་ཤེས་ཐུབ། གནས་ལུགས་འདི་ཤེས་ན་མ་མཐའ་ཡང་༸གོང་ས་མཆོག་ལ་ཁག་མི་འདུག རྒྱ་ནག་གཞུང་གི་གདུག་རྩུབ་ཀྱི་བྱ་སྤྱོད་ལ་བརྟེན་ནས་ང་ཚོར་གདམ་བྱའི་ལམ་ཁ་ཡག་ཤོས་འདི་འདྲ་ཞིག་ལས་བཞག་མི་འདུག་བསམ་པའི་སྙིང་རྗེ་ཙམ་ཞིག་ཀྱང་སྐྱེ་བའི་གོ་སྐབས་འབྱུང་ངེས། བསམ་ཚུལ་འདི་འདྲ་ཞིག་བྱུང་པ་ཡིན་ན་རང་བཙན་རྩོད་པའི་འཐབ་རྩོད་ཀྱི་ངོ་བོ་༸གོང་ས་མཆོག་གི་དགོངས་པའི་འགལ་ཟླར་མི་འགྲོ་བའི་སྟེང་ཁོང་གི་རྒྱབ་སྐྱོར་དུ་འགྲོ་བའི་གོ་སྐབས་ཀྱང་ཡོང་གི་རེད།
དཀྲུགས་རྩོམ་ཞིག་བྲིས་འདུག གཞན་ལན་འདེབས་རིན་ཞིག་ཅང་མཐོང་མ་བྱུང་།
༼དོད་རྒྱལ་དང་རང་བཙན་ཁ་ལ་འཁྱེར་༽ཅེས་པའི་ཚིག་ཅིག་དེང་བེད་སྤྱད་འདུག དེ་དོན་ལ་གནས་ཡོད་སྙམ། ལར་ནས་རང་བཙན་དགོས་མདོག་གིས་༸གོང་ས་མཆོག་དང་། དབུས་སྒྲིག་འཛུགས། དེའི་རྩེ་ཕུད་ལས་སྣེ་དག་ལ་མ་རངས་པའི་ཚིག་མཚོན་ཇི་ཙམ་བཏབ་སོང་། རང་བཙན་རྩོད་པའི་སྒྲིག་འཛུགས་ཆེ་ཤོས་དེ་གཞོན་ནུ་རེད། འོན་ཀྱང་དེའི་འཐུས་མི་ཚོས་༸གོང་ས་མཆོག་དང་། སྒྲིག་འཛུགས། ལས་སྣེ་རྣམས་ལ་སྡིག་པ་ཞིག་གཞར་ཡང་གོ་མ་མྱོང་། དེས་ བོད་ཀྱི་བདེན་དོན་ལ་ལྷག་བསམ་རྣམ་དག་ཡིན་པ་མཚོན། སྲང་དབར་ན་རྒྱུ་བའི་ཁྱི་སྡོམ་འགའ་དང་། ཤི་མ་གསོན་གྱི་བར་དོ་བའི་འདྲེ་འགའ་ཞིག་གིས་༼རང་བཙན༽སོགས་ལག་ཆར་སྤྱོད་བཞིན་པའང་དཔྱོད་ལྡན་སུས་མ་ཤེས།
བོད་ནང་གི་བོད་མིའི་བདེ་སྡུག་ལ་ཁ་ཡོད་ལག་ཡོད་ཀྱིས་བསམ་བློ་གཏོང་དགོས། ཕྱི་མི་ནང་ལ་མི་གཏོང་བ། ནང་མི་ཕྱི་ལ་མི་ཐར་བའི་ཁ་བ་གངས་ཅན་པའི་ཡུལ་ལུང་འདི་ནག་ཁུང་ལ་བཏད་ཉིན། རང་བཙན་རྩོད་མདོག་བྱེད་མཁན་ཚོ་ལ་ཆི་གང་བྱེད་རྒྱུ་མེད་པ་ཤེས་བར་བྱོས།
བོད་ནང་གི་བོད་མིའི་བདེ་སྡུག་གིས་ཁ་རྒྱགས་པ་བཤད་སྤྱད་དང་། རྐུབ་སྟེག་རྩོད་སྤྱད་བྱས་ན་མི་རུང་བ་ཡིན་པ་ཤེས་བར་བྱོས།
ཁ་ལག་གཉིས་ཀྱི་ལག་སྔུན་ལ་འབུད་མི་ཐུབ་ན། ཁ་ཕོ་ཡིས་ཆི་གང་བྱེད་མི་ཐུབ་པ་ཤེས་བར་བྱོས།
སོ་སོ་འཆི་ཐུབ་ཡིན་མདོག་པ་ཙམ་གྱིས་འཆི་མི་ཐུབ་པའི་སྤུན་ཟླའི་བདེ་སྡུག་ལ་ཡང་བསམ་ཤེས་དགོས་བ་ཤེས་བར་བྱོས།
འཇིགས་མེད་བློ་གྲོས་ལགས་ཀྱིས་གསུངས་པ་དེ་ལ་རྒྱབ་སྐྱོར་ཡོད།
འཆར་གཞི་དང་ཕུགས་བསམ་ཅི་ཡང་མེད་པའི་རང་བཙན་ཁ་ལ་ཁྱེར་མཁན་་གྱི་འཁྱམས་པོ་ལྡོམ་པོ་ཚོས་རང་བཙན་རྩོད་ས་དེ་ཡང་གུང་བྲན་དང་རྩོད་སྟངས་ཀྱང་འཐབ་རྩོད་པ་ཞིག་གི་དྲི་བྲོ་ན་འགྲིག་འདུག་སྟེ་ཁོང་ཚོའི་བྱེད་སྟངས་ལ་ངོ་མ་སྐྱག་དྲི་ཁ་ཡོང་གི། མང་པོ་བཤད་མི་དགོས། བོད་མི་རིགས་་ལ་དགྲ་ཁ་གཏད་དང་རྒྱ་གུང་བྲན་གྱི་སྐུབ་ལྡག་མཁན། དོན་ཚོགས་ཀྱིས་ཀྱང་རང་བཙན་རྩོད་མཁན་ཡིན་ཟེར་བའི་སྲིད་སྐྱོང་འོས་་མི་ལ་སྐྱབ་སྐྱོར་བྱེད་ཀྱིན་ཡོད་མདོག་བསྟན་པ་བདེན་པ་ཡིན་ཚེ་དེ་ཡག་རྟགས་རྩ་བ་ནས་མ་རེད། མོ་ཙེ་ཏུང་གིས། དགྲ་བོས་ངོ་རྒོལ་བྱེད་ས་ལ་ང་ཚོས་རྒྱབ་སྐྱོར་བྱེད་དགོས། དགྲ་བོས་གུས་བརྩི་བྱེད་ས་ལ་ང་ཚོས་ངོ་རྒོལ་བྱེད་དགོས་་ཟེར་བའི་སྐད་ཆ་དེར་བལྟོས་དང་། རྒྱ་གཞུང་ལ་ཡང་རང་བཙན་རྩོད་མཁན་ཞིག་དགོས་ཁོ་ཤིན་ཏུ་ཆེ་བ་མིན་ནམ།་
ངས་གསལ་བོ་བཟོ་དགོས་པ་ཞིག་ལ། ལོ་རྒྱུས་ཐོག་བོད་རང་བཙན་སྐོར་ཅི་ཡང་ཤོད་ཀྱིན་མེད། ངས་དེང་སང་རྒྱ་ཕྱོགས་དང་བོད་ཕྱོགས་གཉིས་ནས་བོད་རང་བཙན་ཟེར་བ་ག་འདྲ་ཞིག་ཆགས་འདུག གང་ཞིག་ལ་འཁྱེར་གྱི་འདུག དེ་ནན་ཏན་དུ་བཟུང་ནས་བཤད་ཡོད། བསམ་བློ་མང་བོ་བཏང་ན་ཤེས་རྒྱུ་ཞིག་ཏན་ཏན་འདུག དེ་མིན་རང་བཙན་དང་དབུ་ལམ་གཉིས་ལས་གཅིག་ཤི་གཅིག་གསོན་གྱི་སྐད་ཆ་ཤོད་ཀྱི་མེད། དེ་གཅིག་ཡིན། གཞན་བསམ་བློ་བཏང་ནས་མཆན་འདོགས་མཁན་དག་ལ་ཐུགས་རྗེ་ཆེ་ཞུ།
འཇིགས་མེད་བློ་གྲོས་ཀྱིས་གསུངས་ལ་བདེན་ཞེན་འདུག་སྙམ་རྒྱབ་སྐྱོར་ཡོད།
དགོངས་ཚུལ་འདི་ནི་གནད་ལ་འབིགས་ཤིང་བོད་མི་རྣམ་དཔྱོད་ལྡན་པ་གཞན་དང་མཚུངས་པ་ཞིག་གི་དགོངས་ཚུལ་དུ་སེམས།
ལོ་རྒྱུས་ཐོག་བོད་ཀྱི་གནས་སྟངས་ལ་རྙོག་འཛིང་རྩ་བ་ནས་མེད་ཀྱང་། དུས་དང་གནས་སྐབས་ཀྱི་རྐྱེན་པས་ད་ལྟའི་ཆར་ང་ཚོ་བོད་མི་རྣམས་ཀྱི་མདུན་དུ་གདམ་ཀ་ཞིག་སླེབས་པ་རེད། གདམ་ཀའི་ནང་ནས་དབུ་མའི་ལམ་གྱི་གདམ་ཀ་དེ་མཁྱེན་ཡོན་ལྡན་པའི་བོད་མིའི་མང་མོས་ཐག་གཅོད་ཀྱི་སྟེང་ནས་༸གོང་ས་མཆོག་དང་བཙན་བྱོལ་གཞུང་གི་རྩ་འཛིན་དགོས་པའི་སྲིད་བྱུས་ཤིག་ཆགས་པ་རེད། དེ་ནི་རྒྱབ་མདུན་མང་དག་ཅིག་ལ་དཔྱད་དེ་གདམ་ཀ་དེར་ང་ཚོས་ངོས་ལེན་གནང་བ་ལས་ང་ཚོ་བོད་མི་རྣམས་ལ་བསམ་ཤེས་མེད་པ་ལས་དེ་ལྟར་བྱུང་བ་མ་ཡིན།
འོན་ཀྱང། ད་ལྟའི་ཆར་སྒེར་གྱི་བསམ་ཚུལ་ཐ་དད་པ་ཅན་འགའ་རེས། རང་གི་འདོད་དོན་འགྲུབ་ཕྱིར་ཁ་གཏད་གཅོག་སའི་དགྲ་ངོ་མ་དེ་རི་བོ་ཧི་མ་ལ་ཡའི་ཕ་རོལ་དུ་བཞག་སྟེ། མདའ་མདུང་གི་རྩེ་མོ་དག་རང་ཉིད་ཀྱི་མི་རིགས་ཀྱི་ངོར་གཏད་བཞིན་གདའ་བས་ཧ་ཅང་ཅོལ་ཆུང་དུ་རིགས། མི་འདི་རིགས་ཀྱི་ནང་རྒྱའི་ཕོགས་གཟན་པ་དང་བོད་མིའི་ལས་ངན་ལས་བྱུང་བའི་གདོན་འདྲེས་བརླམས་པ་རེ་གཉིས་ཡོད་རེ་ཆེ་བས་རང་ཉིད་དམྱལ་བར་སྐྱེ་བའི་རྒྱུ་སྒྲུབ་བཞིན་པས་སྙིང་རྗེའི་ཡུལ། དེ་ལྟར་མ་ཡིན་པའི་བོད་རིགས་ཡོད་ཚེ་རང་ཉིད་ཀྱི་མནོ་བསམ་ནང་དུ་བཀུག་སྟེ་དཔྱད་པ་གནང་དགོས་པ་དུས་ཚོད་ཀྱི་དགོས་མཁོར་མཐོང།