འཇིགས་མེད་ནུབ་པ།
བོད་དོན་ལས་འགུལ་བསྟི་གནས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་ལོ་ངོ་མང་པོའི་རིང་ལ། རྒྱ་ནག་གཞུང་གིས་མངོན་ལྐོག་གང་རུང་ནས་བོད་པའི་སྤྱི་ཚོགས་དང་བོད་མི་སྒེར་བ་རྣམས་ལ་དྲ་འབུ་ཡོད་པའི་མཉེན་ཆས་རིགས་བརྒྱུད་ནས་དྲ་ལམ་ནས་འཇབ་རྒོལ་དང་ལྐོག་ལྟ་སོགས་བྱེད་ཀྱི་ཡོད་པ་མ་ཟད་། གནས་ཚུལ་གསང་བརྐུ་ཡང་བྱེད་ཀྱི་ཡོད། ལྷག་པར་དུ། ལག་འཁྱེར་ཁ་པར་བརྒྱུད་ནས་བོད་མི་སྒེར་བའི་དྲ་ཐོག་གི་གནས་ཚུལ་ཁོངས་སུ་སིམ་འཛུལ་བྱེད་པ་དང་གཏོར་བཅོམ་གཏོང་བ་སོགས་ཇེ་མང་དུ་འགྲོ་བཞིན་ཡོད་པས། གནད་དོན་འདིའི་རིགས་ལ་བོད་མི་ཚོས་ངེས་པར་དུ་དོ་སྣང་དང་གཟབ་ནན་བྱེད་རྒྱུ་ཧ་ཅང་ནས་གལ་ཆེ།
དཔེར་ན། ཉེ་བའི་ཆར་། ཉེན་སྲུང་གི་བཟོ་ཚོང་ཁང་གྲགས་ཅན་མན་སྒྲན་ཁྲི(Mandiant)ཟེར་བས། དྲ་ལམ་གྱི་གསང་ཉུལ་སྐོར་ལ་“འཚབ་ཆེའི་གཏོར་བཅོམ་དང་པོ་”ཟེར་བའི་སྙན་ཐོ་ཞིག་བཏོན་ཡོད་ཅིང་། དེའི་ཁོངས་སུ་ཕྱིའི་རྒྱལ་ཁབ་མང་པོར་དྲ་ལམ་ནས་གསང་ཉུལ་དང་འཚབ་ཆེའི་གཏོར་བཅོམ་གཏོང་མཁན་གཅིག་ནི། རྒྱ་ནག་བཅིངས་གྲོལ་དམག་མིའི་དོན་གཅོད་གཉིས་པའི་འགན་འཛིན་ལས་བྱེད་སྡེ་ཚན་གྱི་ལས་ཁུངས་གསུམ་པ་དེ་ཡིན་པ་གསལ་སྟོན་བྱས་ཡོད་ཅིང་། དེ་ཡང་གཙོ་བོ་དཔལ་འབྱོར་གྱི་གསང་བ་བརྐུ་འཁྱེར་གྱི་སྐོར་ནས་ཡིན་འདུག དེའི་རྗེས་སུ། ཁ་ཎ་སྒྲའི་ཁྲོ་རོན་ཁྲོ་གཙུག་ལག་སློབ་ཁང་ཆེན་མོའི་རྒྱལ་སྤྱིའི་གནད་དོན་སྡེ་ཚན་གྱི་ (Citizen Lab) མི་མང་བརྟག་དཔྱད་ཁང་ཟེར་བས་སྙན་ཐོ་བཏོན་པ་ལྟར་ན། གོང་གི་བཟོ་ཚོང་ཁང་དེའི་བཏོན་པའི་སྙན་ཐོ་བཞིན། རྒྱ་ནག་གི་བཅིངས་གྲོལ་དམག་མིའི་ལས་ཁུངས་དེ་ཡིས་དྲ་འབུ་ཡོད་པའི་མཉེན་ཆས་རིགས་བརྒྱུད་ནས་བོད་མིའི་སྤྱི་ཚོགས་དངོས་ཤུགས་བརྒྱུད་གསུམ་ནས་གཏོར་བཅོམ་གཏོང་བའི་དམིགས་འབེན་བྱས་ཡོད་པ་གསལ་སྟོན་བྱས་ཡོད།
ལྷག་པར་དུ། བཟོ་ཚོང་ཁང་ཁ་སི་ཕར་སི་ཁེས(Kaspersky)ཟེར་བས་དྲ་འབུ་ཡོད་པའི་ཨན་སྒྲོ་(Android)བཀོལ་སྤྱོད་མ་ལག་གི་སྐོར་ལ་སྙན་ཐོ་ཞིག་བཏོན་ཡོད་ཅིང་དེ་དང་འབྲེལ་ནས་མི་མང་བརྟག་དཔྱད་ཁང་(Citizen Lab)ཡིས་“གསང་མྱུལ་བར་ཆོག་མཆན་སྟེ། དྲ་འབུ་ཅན་གྱི་ཨན་སྒྲོའི་མཉེན་ཆས་ཡིས་བོད་མི་རྣམས་དམིགས་འབེན་ཏུ་བཟུང་བའི་སྐོར་གྱི་བརྟག་དཔྱད་སྙན་ཐོ་”ལཟེར་བ་ཞིག་བཏོན་འདུག སྙན་ཐོ་དེའི་སྐོར་ཞིབ་ཕྲ་གཟིགས་ན་འབྲེལ་ཐག་འདི་ལ་བསྣུན། https://citizenlab.org/2013/04/permission-to-spy-an-analysis-of-android-malware-targeting-tibetans/
ཁོང་ཚོའི་སྙན་ཐོའི་དེའི་ཁོངས་སུ་གཙོ་བོ་ག་རེ་རྙེད་འདུག་ཅེ་ན།
༡) ལག་འཁྱེར་ཁ་པར་གྱི་མཉེན་ཆས་ཨན་སྒྲོ་ཡིན་པ་ཞིག་གི་སྟེང་དུ་དྲ་འབུ་ཅན་གྱི་འཕྲིན་ཐུང་མཉེན་ཆས་ཁ་ཁོ་ཞིག་བེད་སྤྱོད་བཏང་ནས། བོད་པའི་སྤྱི་ཚོགས་ཁྲོད་ཀྱི་གལ་འགངས་ཆེ་བའི་མི་སྣ་ཞིག་ལ་གློག་འཕྲིན་་ཞིག་བཏང་འདུག་པའི་གནས་ཚུལ་ཐོན།
༢) དྲ་འབུ་འཛུལ་ཚར་བའི་གློག་འཕྲིན་འདི་ཡིས། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་གློག་ཀླད་ཆེད་ལས་བ་ཞིག་གི་གློག་འཕྲིན་ལ་འགྱུར་བ་བཏང་བས་མ་ཚད་གློག་འཕྲིན་དེ་བཙན་བྱོལ་བོད་མིའི་གྲོས་ཚོགས་མི་སྣ་ཞིག་ལ་བཏང་བའི་གནས་ཚུལ་རྙེད།
༣) དྲ་འབུ་ཅན་གྱི་འཕྲིན་ཐུང་མཉེན་ཆས་འདི་ནི། ལག་འཁྱེར་ཁ་པར་བེད་སྤྱོད་གཏོང་མཁན་ཞིག་གི་ཁ་པར་སྟེང་དུ་ཡོད་པའི་འབྲེལ་མིང་ཁག་དང་འཕྲིན་ཐུང་གི་ལོ་རྒྱུས་རྣམས། ཁ་པར་གྱི་དྲ་འབྲེལ་བཅས་གཏོར་བཅོམ་བྱེད་མཁན་དག་ལ་དམིགས་ནས་བཟོས་བ་ཞིག་རེད་འདུག
༤) དྲ་འབུ་ཅན་གྱི་མཉེན་ཆས་དེས་བསྡུ་སྐོང་བྱས་བའི་ཁ་པར་གྱི་དྲ་འབྲེལ་གནས་ཚུལ་དག། ཁ་པར་འབྲེལ་ལམ་གྱི་ཆེད་ལས་ཐད་ཤེས་བྱ་གཏིང་ཟབ་ཡོད་པའི་མི་སྒེར་བ་དག་ལ་བེད་སྤྱོད་ཆགས་ཀྱི་ཡོད་པ་རེད།
༥) དྲ་འབུ་ཅན་གྱི་འཕྲིན་ཐུང་མཉེན་ཆས་འདི་ཡིས། ཁ་པར་བེད་སྤྱོད་གཏོང་མཁན་དེའི་འབྲེལ་ཐོ་ཁག་དང་ཁ་པར་གྱི་ལོ་རྒྱུས། འཕྲིན་ཐུང་ཁག ཁ་པར་གྱི་དྲ་འབྲེལ་ས་ཚིགས་ཁག་བཅས་གཏོར་བཅོམ་བྱེད་མཁན་ཚོས་སྟངས་འཛིན་བྱེད་བཞིན་པའི་ཞབས་ཞུ་འཕྲུལ་ཆས་དེར་གཏོང་ཐུབ་གི་ཡོད། བྱེད་ལས་འདི་དག་གིས་གཏོང་བཅོམ་གཏོང་མཁན་དེར་། ཁྱེད་ཀྱི་འབྲེལ་ལམ་ཁག་ལ་ལྐོག་ལྟ་བྱེད་པ་དང་ཁྱེད་ཀྱི་སྡོད་གནས་རྗེས་འདེད་གཏོང་བ། སུ་དང་སུ་ལ་ཁྱེད་ཀྱིས་ཁ་པར་བརྒྱུད་སྐད་ཆ་བཤད་པ་སོགས་བལྟ་བཅུག་གི་ཡོད།
ལྷག་པར་དུ། སྤྱི་ལོ་༢༠༡༣ལོའི་ཟླ་༤པའི་ཚེས་༡ཉིན། མི་མང་བརྟག་དཔྱད་ཁང་(Citizen Lab)ཁང་ནས་སྙན་ཐོ་འདི་བཏོན་པའི་རྗེས་སུ། དྲ་ངོས་ཞིབ་བཤེར་ཡོ་ཆས་5/42རྟགས་ཅན་དག་(VirusTotal)ཡི་སྟེང་ཚོད་ལྟ་བྱས་ཡོད་ཅིང་། ཁ་ཁོ་འཕྲིན་ཐུང་མཉེན་ཆས་དེ་ལ་སྐྱོན་ཤོར་ཡོད་པ་ངོས་འཛིན་དང་དྲ་འབུ་བརྟག་དཔྱད་ཡོ་ཆས་1/42རྟགས་ཅན་དེས་ཀྲོན་ལན་(Tuneln)ཡི་མ་དཔེ་དེར་ཡང་སྐྱོན་ཤོར་ཡོད་པ་ངོས་འཛིན་ཐུབ་ཡོད།
གལ་སྲིད་ཁ་ཁོ་འཕྲིན་ཐུང་དེར་སྐྱོན་ཤོར་ཡོད་ཚེ་ཇི་ལྟར་བརྟག་དཔྱད་བྱེད་དགོས་སམ།
གལ་སྲིད་ཁྱེད་ཀྱི་ཁ་པར་སྟེང་དུ་ཁ་ཁོ་ཟེར་བའི་འཕྲིན་ཐུང་མཉེན་ཆས་དེ་ཕབ་ལེན་བྱས་ཡོད་ན། དེ་དངོས་མ་དང་དྲ་འབུ་ཅན་ཡིན་མིན་ལ་བརྟག་དཔྱད་གཏོང་ན། གཤམ་གྱི་གོ་རིམ་འདི་དག་བརྒྱུད།
༡) སྒྲིག་བཟོའི་ཁོངས་སུ་སོང་།
༢) བཀོལ་སྤྱོད་མ་ལག་ཁོངས་སུ་སོང།
༣) ཚང་མ་ཟེར་བ་དེར་བསྣུན།
༤) ཁ་ཁོ་འཕྲིན་ཐུང་དེ་བཙལ་ནས་ཆོག་མཆན་ཁག་སྟོན་པ་ལ་རྟགས་རིས་དེའི་སྒང་ལ་བསྣུན།
༥) ཁྱེད་ཀྱི་ཁ་པར་སྟེང་དུ་བསྟན་པའི་ཆོག་མཆན་ཁག་འདྲ་རིས་དང་ལྷན་དུ་བསྡུར།
(དོ་སྣང་། པར་གཞི་མི་འདྲ་བའི་ཨན་སྒོ་རྟགས་ཅན་ལ་ཐོ་གཞུང་སྡེབ་སྒྲིག་མི་འདྲ་ཡོད་སྲིད་པ་རེད། དེར་བརྟེན། སྒང་གི་གོ་རིམ་དག་བསྟུན་འགྱུར་བྱེད་དགོས་སྲིད།)
གཤམ་གྱི་ཕྱོགས་ངོས་གཉིས་སུ་ཡོད་པའི་འདྲ་རིས་ཁག་བསྡུར་ནས་དོན་དངོས་སུ་ཁྱེད་ཀྱིས་ཁྲིམས་མཐུན་གྱི་བསྐོལ་སྤྱོད་མ་ལག་དེའི་པར་གཞི་བེད་སྤྱོད་གཏོང་གི་ཡོད་མེད་ལྟོས།
(གཡོན་ཕྱོགས་དེ་ཁྲིམས་མཐུན་ཁ་ཁོ་ཡི་འཕྲིན་ཐུང་པར་གཞི་དང་གཡས་ཕྱོགས་དེ་དྲ་འབུ་ཅན་གྱི་ཁ་ཁོ་ཡི་པར་གཞི་རེད།)
གལ་སྲིད་ཀྲོན་ལན་ལ་སྐྱོན་ཤོར་ཡོད་ཚེ་ཇི་ལྟར་བརྟག་དཔྱད་བྱེད་དགོས་སམ།
གལ་སྲིད་ཁྱོད་ཀྱིས་སོ་སོའི་ཁ་པར་སྟེང་དུ་ཀྲོན་ལན་རླུང་འཕྲིན་(Tuneln Radio)དེ་ནང་འཇུག་བྱས་ཡོད་ཅིང་། དེ་དངོས་མ་དང་དྲ་འབུ་ཅན་ཡིན་མིན་བརྟག་དཔྱད་གཏོང་ན། གཤམ་གྱི་གོ་རིམ་འདི་དག་བརྒྱུད།
༡) སྒྲིག་བཟོའི་ཁོངས་སུ་སོང་།
༢) བཀོལ་སྤྱོད་མ་ལག་ཁོངས་སུ་སོང།
༣) ཚང་མ་ཟེར་བ་དེར་བསྣུན།
༤) ཀྲོན་ལན་རླུང་འཕྲིན་དེ་བཙལ་ནས་ཆོག་མཆན་ཁག་སྟོན་པ་ལ་རྟགས་རིས་དེའི་སྒང་ལ་བསྣུན།
༥) ཁྱེད་ཀྱི་ཁ་པར་སྟེང་དུ་བསྟན་པའི་ཆོག་མཆན་ཁག་འདྲ་རིས་དང་ལྷན་དུ་བསྡུར།
(དོ་སྣང་། པར་གཞི་མི་འདྲ་བའི་ཨན་སྒོ་རྟགས་ཅན་ལ་ཐོ་གཞུང་སྡེབ་སྒྲིག་མི་འདྲ་ཡོད་སྲིད་པ་རེད། དེར་བརྟེན། སྒང་གི་གོ་རིམ་དག་བསྟུན་འགྱུར་བྱེད་དགོས་སྲིད།)
གཤམ་གྱི་ཕྱོགས་ངོས་གཉིས་སུ་ཡོད་པའི་འདྲ་རིས་ཁག་བསྡུར་ནས་དོན་དངོས་སུ་ཁྱེད་ཀྱིས་ཁྲིམས་མཐུན་གྱི་བསྐོལ་སྤྱོད་མ་ལག་དེའི་པར་གཞི་བེད་སྤྱོད་གཏོང་གི་ཡོད་མེད་བལྟོས།
(གཡོན་ཕྱོགས་དེ་ཁྲིམས་མཐུན་ཀྲོན་ལན་ཡི་པར་གཞི་དང་གཡས་ཕྱོགས་དེ་དྲ་འབུ་ཅན་གྱི་ཀྲོན་ལན་ཡི་པར་གཞི་རེད།)
གོང་འཁོད་གནས་ཚུལ་དང་སྙན་ཐོ་དག་ལ་གཞི་བཞག་པའི་སྒོ་ནས། མི་མང་བརྟག་དཔྱད་ཁང་(The Citizen Lab)གིས་ལམ་སྟོན་གཙོ་བོ་འདི་དག་བྱས་འདུག
༡) ཁུངས་སྐྱེལ་མ་བྱས་བའི་འབྲེལ་ཐག་དང་རེ་སྒུག་མེད་པའི་ཟུར་སྣོན་ཁག་ཁ་འབྱེད་པར་དོགས་ཟོན་བྱེད་བཞིན་པའི་ལག་འཁྱེར་ཁ་པར་བེད་སྤྱོད་གཏོང་མཁན་དག་གིས། གནས་ཚུལ་རྒྱས་བའི་སླད་དུ་ Citizen Labཡི་འབྲེལ་ཐག https://citizenlab.org/docs/recommendations.htmlདང་བོད་དོན་ལས་འགུལ་བསྟི་གནས་ཁང་གི https://tibetaction.net/detach-from-attachments/གཉིས་ལ་གཟིགས།
༢) ལག་འཁྱེར་ཁ་པར་བེད་སྤྱོད་གཏོང་མཁན་ཚོས་དྲ་འབུ་ཅན་གྱི་ལག་འཁྱེར་ཁ་པར་ལ་དོགས་ཟོན་དང་ལག་འཁྱེར་ཁ་པར་གྱི་བཀོལ་སྤྱོད་མ་ལག་དེ་འདྲ་ནང་འཇུག་བྱེད་དུས་དོ་གཟབ་བྱེད་དགོས། བེད་སྤྱོད་གཏོང་མཁན་ཚོས་དྲ་འབུ་ཅན་གྱི་མཉེན་ཆས་ཀྱིས་རེ་སྐུལ་བྱས་བའི་ཆོག་མཆན་ཁག་ལ་དོ་གཟབ་ངེས་པར་དུ་བྱེད་དགོས་བ་མ་ཟད་ཆོག་མཆན་མི་དགོས་བའི་བཀོལ་སྤྱོད་མ་ལག་ཁག་ནང་འཇུག་བྱེད་རྒྱུ་གཡོལ་དགོས། སྒར་སྒྲན་ལས་འཆར་(Guardian Project) དང་ལས་འཆར་གཞན་པ་ཁག་གིས་ཉེན་སྲུང་ཅན་གྱི་ལག་འཁྱེར་ཁ་པར་གྱི་བཀོལ་སྤྱོད་མ་ལག་ཡར་རྒྱས་སུ་བཏང་ནས། བེད་སྤྱོད་གཏོང་མཁན་རྣམས་ཀྱི་འབྲེལ་ལམ་དང་སྒེར་གྱི་གནས་ཚུལ་སོགས་ཧམ་འཛུལ་དང་ཉེན་ཁའི་རིགས་ལས་སྲུང་སྐྱོབ་བྱེད་པར་རོགས་རམ་བྱེད་ཀྱི་ཡོད། ལྷག་པར་དུ། ལག་འཁྱེར་ཁ་པར་བེད་སྤྱོད་གཏོང་མཁན་རྣམས་ཀྱིས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ལག་འཁྱེར་ཁ་པར་གྱི་ཉེན་སྲུང་སྐོར་གྱི་རྒྱུ་ཆ་ཁག་ནས་ལམ་སྟོན་ལེན་དགོས་ཤིང་རྒྱུ་ཆ་དེ་དག་ནི་བོད་མི་རྣམས་ལ་ཕན་ཐོགས་ཀྱི་སླད་དུ་ཡིན།
ང་ཚོས་ཤེས་གསལ་ལྟར། བོད་ནང་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་རྒྱུན་མཐུད་ནས་འབྱུང་བཞིན་ཡོད་པ་དང་ལག་འཁྱེར་ཁ་པར་སོགས་དེང་རབས་འཕྲུལ་ཆས་རིགས་ཀྱི་བེད་སྤྱོད་བཏང་ནས་རང་དབང་ལྡན་པའི་འཛམ་གླིང་ཕྱི་ལ་གནས་ཚུལ་མཁོ་གཏོང་སོགས་ཀྱང་མུ་མཐུད་དུ་ཡོང་གི་ཡོད་པས། རྒྱ་གཞུང་གིས་མངོན་ལྐོག་གང་རུང་ནས་སྤེལ་བཞིན་པའི་དྲ་ལམ་གྱི་་གཏོང་བཅོམ་དང་གསང་ཉུལ་ཡང་མུ་མཐུད་དུ་འབྱུང་རྒྱུ་ཡིན་པ་ནི་བརྗོད་མ་དགོས་བ་ཞིག་རེད། དེར་བརྟེན། གནད་དོན་འདིའི་རིགས་ལ་གདོང་ལེན་བོད་མི་ཚང་མས་བྱེད་དགོས། གདོང་ལེན་བྱེད་པའི་ཐབས་ལམ་སྟབས་བདེ་ཤོས་ཤིག་ནི། ལག་འཁྱེར་ཁ་པར་དང་གློག་ཀླད་སོགས་ཚུད་པའི་འཕྲུལ་ཆས་རིགས་ཀྱི་ཉེན་སྲུང་གི་ཡར་རྒྱས་ལ་དུས་ནས་དུས་སུ་བསྟུན་འགྱུར་ཐུབ་པ་དང་གློག་འཕྲིན་དང་འཕྲིན་ཐུང་སོགས་བརྒྱུད་ནས་ཡོང་བའི་ཟུར་སྣོན་རིགས་དང་ལོགས་སུ་སྡོད་པ་དང་འབྲེལ་ཐག་ཀྱི་རིགས་མ་བསྣུན་སྔོན་ལ་བསམ་བློ་གཏོང་བ་བཅས་ནས་འགོ་འཛུགས་དགོས། ལྷག་པར་དུ། སྐུ་ཉིད་རང་དབང་ཅན་གྱི་རྒྱལ་ཁབ་སོགས་སུ་གནས་སྡོད་བྱེད་ཀྱི་ཡོད་ཚེ། ཁ་པར་དང་གློག་ཀླད་བརྒྱུད་ནས་ཅི་ཞིག་ཕབ་ལེན་བྱེད་ན་ཡང་། ངེས་པར་དུ་(GooglePlay)བརྒྱུད་ནས་ཕབ་ལེན་བྱེད་རྒྱུ་གལ་ཆེ། དེ་ལྟར་མ་ཡིན་པར། གལ་སྲིད་སྐུ་ཉིད་རང་དབང་མེད་པའི་ཡུལ་ལུང་སྟེ་བོད་ནང་ལྟ་བུར་གནས་ཚེ། ཁྱོད་ལ་སོ་སོའི་ངོ་ཤེས་དང་གྲོགས་པོ་སོགས་ཀྱིས་ཁ་པར་དང་གློག་འཕྲིན་སོགས་བརྒྱུད་ནས་ཟུར་སྣོན་རིགས་འབྱོར་ཚེ། ཟུར་སྣོན་ཁ་མ་ཕྱེས་བའི་སྔོན་ལ་ངེས་པར་དུ་གཏོང་མཁན་ལ་སྐད་ཆ་དྲིས་ནས་ཟུར་སྣོན་ངོ་མ་ཡིན་མིན་ཁག་ཐག་བྱེད་རྒྱུ་ཡང་ཧ་ཅང་གལ་ཆེ།
(འཇིགས་མེད་ནུབ་པ་ནི། ཡིག་སྒྱུར་དང་རྩོམ་འབྲི། རྩོམ་སྒྲིག་བཅས་ཀྱི་ཕྱག་ལས་གནང་མཁན་བོད་རིགས་ན་གཞོན་ཞིག་ཡིན།)
ཤེས་བྱ་འདིའི་རིགས་ཧ་ཅང་གལ་ཆེན་ཡིན་པ་འདྲ།