སྐལ་བཟང་བློ་གྲོས།
རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་འཛིན་སྐྱོང་ཆེད་དུམ་བུར་དབྱེ་བ་དེས་བོད་མིར་ཤུགས་རྐྱེན་ཇི་འདྲ་ཞིག་ཡོང་གི་ཡོད་པར་སོ་སོའི་ལྟ་ཚུལ་མདོར་ཙམ་བརྗོད་ན། ཐོག་མར་རྟོགས་དགོས་པའི་དོན་གནད་འགའ་མཐོང༌།
དང་པོ།
སྤྱི་ཆབ་སྲིད་སྟེགས་བུའི་སྟེང་དུ་བཞེངས་པའི་སྤྱི་སྒེར་གང་ངོས་ནས་ཡིན་ཡང༌། བསྒྲིགས་འཛུགས་དང་དམིགས་ཡུལ་ཁྲིམས་བཅས་ཡོད། དེ་དག་ཆ་ཚང་མིན་དང་ཡང་དག་ཡིན་མིན་མི་སྒེར་གྱི་དགའ་ཁྲོ་དང་རྟ་མིག་སྐྱོན་ཅན་གྱིས་རྩ་ཟས་པ་ལྟ་བུ་མ་ཡིན་པར། བདེན་པ་བདེན་ཐོག་དང་དངོས་དོན་བདེན་འཚོལ། གནས་ལུགས་དངོས་གནས་ལ་བློ་གཟུ་བོའི་སྒོ་ནས་བསམ་དགོས་པ་ནི་གལ་ཆེན་ལས་ཀྱང་ཆེས་གལ་ཆེན་དུ་མཐོང༌། དེའི་དམིགས་ཡུལ་དང་བསྒྲིགས་ཁྲིམས་དེ་མིའི་བཟོས་པ་ཡིན་པས། དེ་ནི་བརྒྱ་ཆའི་བརྒྱ་བདེན་པ་དང་སྐྱོན་མེད་ཡིན། ཚོགས་པ་དང་ཡང་ན་རྒྱལ་ཁབ་ལ་དགའ་ཞེན་དང་ལྷག་བསམ་མཚོན་ཆེད། སུ་ཡིན་ཡང་ཁས་ལེན་དགོས་ཟེར་ན་ནོར་འཁྲུལ་ཆེན་པོ་རེད་སྙམ། ཐོག་མར་དེའི་ངོ་བོར་ངོས་འཛིའན་གསལ་བོ་འི་ངང་ཤེས་རྟོག་ཐུབ་དགོས། དེ་ཕྱིར་དང་པོ་ཆབ་སྲིད་འཐབ་རྩོད་བྱ་ཡུལ་གྱི་གཞི་གང་ཡིན་ངོས་འཛིན་གསལ་བོ་དགོས་ལ། དེ་ནས་དེའི་ཆབ་སྲིད་ཀྱི་ངོ་བོ་དང་ལྟ་བ། ལངས་ཕྱོགས། མཐར་ཐུག་གི་དམིགས་ཡུལ་དང་ད་ལྟའི་ལག་ལེན་བྱེད་སྟངས་བཅས་ལ་བསམ་ཞིབ་བྱ་དགོས། དེ་ནི་བོད་ཀྱི་ཆོས་སྲིད་ཤེས་དཔལ་གང་ལ་བལྟས་ནའང་ཉག་ཕྲ་བའི་སྐབས་འདི་བོད་ཀྱི་ཆབ་སྲིད་པ་དང་ཤེས་ཡོན་ཅན་དག་གིས་གཟབ་ནན་ཞིབ་གསལ་ངང་ངོས་དགོས་པའི་དོན་ཆེན་ཞིག་ཏུ་བསམ། སྤྱི་རྒྱལ་ཁབ་དང་སྤྱི་ཚོགས་གང་ཡིན་ཡང་དེའི་ཁྲིམས་ལུགས་དང་གྲོས་ཆོད། མཐའ་ན་ལོ་རྒྱུས་ཀྱི་གནས་སྟངས་སོགས་སྤྱི་ཚོགས་དང་ཁོར་ཡུག་ལ་བསྟེན་ནས་འགྱུར་སྲིད་པ་རེད་ལ། འགྱུར་ཆོག་པ་ཞིག་ཀྱང་རེད། དེང་གི་དུས་སྐབས་འདིར་ང་ཚོས་ཕྱི་མིག་ཅིག་བལྟས་ཏེ་ཤེས་དགོས་པ་ནི། རྒྱ་ནག་གིས་དྲག་པོའི་དབང་བསྒྱུར་བྱས་ནས་ལོ་འཁོར་དྲུག་ཅུའི་རིང་བོད་ལ་བཟུང་བའི་སྲིད་བྱུས་དང་ལངས་ཕྱོགས་ལ་འགྱུར་བ་ག་ཚད་ཕྱིན་པ་དང་ང་ཚོས་སོ་སོའི་སྲིད་བྱུས་ལ་འགྱུར་བ་ག་ཚད་ཕྱིན་ཡོད། ང་ཚོས་རྒྱ་གཞུང་དང་ཞི་མཐུན་ཡོང་ཆེད་བོད་ཀྱི་རྒྱལ་གླུ་དང་རྒྱལ་དར་ཡང་མེད་པར་བཟོ་དགོས་ཆགས་ཉེ་ཡོད་པའི་འགྱུར་བ་ཆེན་པོ་བྱུང་ཡོད། གཞི་ལུས་མི་མང་གི་གནས་སྟངས་སྔར་ལྟར་ཡིན་པ་དང༌། ྋགོང་ས་མཆོག་བོད་ཀྱི་ལུགས་ཟུང་དབུ་ཁྲིད་ཡིན་པ་དང་བཙན་བྱོལ་གཞུང་འདི་དེ་སྔའི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་རྒྱུད་འཛིན་ཡིན་པ་ཁས་མི་ལེན་པ་འདིས། རྒྱ་ནག་གིས་བོད་ཐོག་ལ་བཟུང་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་མེད་པ་གསལ་བོ་རེད། ང་ཚོའི་སེམས་ཕྲད་ཆེ་ཤས་དེ་བོད་གཞི་གྱེས་གཉིས་སུ་ཆགས་ཡོད་པའི་ནང་ནས་གཞི་ལུས་མི་མང་གི་གནས་སྟངས་དེ་རེད། གང་ཡིན་ཟེར་ན། ཁོང་ཚོ་ནི་རང་སྲོག་འབེན་ལ་བཙུགས་ནས་རང་ཡུལ་སྲུང་མཁན་གྱི་དཔའ་པོ་དཔའ་མོའམ་ཡང་ན་དེ་དག་གི་རྗེས་འཇུག་རེད། དེ་ཕྱིར་འཛམ་གླིང་གང་ས་ནས་བོད་ལ་རྒྱབ་སྐྱོབ་ཐོབ་པ་དེའང་བོད་གཞི་གྱེས་གཉིས་ཀྱི་གནས་སྟངས་ལ་དམིགས་པ་ཡིན་པའང་གསལ་བོ་རེད།
གཉིས་པ།
རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་འཛིན་སྐྱོང་ཆེད་དུམ་བུར་དབྱེ་བ་དེས་བོད་མི་རིགས་ཀྱི་མཐུན་སྒྲིལ་དང་གཅིག་གྱུར་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད་པ་མ་ཟད། ས་ཁུལ་དེ་དག་གི་ཆབ་སྲིད་དང་ཤེས་ཡོན་སློབ་གསོ། ཆོས་ལུགས། དཔལ་འབྱོར་དང་འཛུགས་སྐྲུན་བཅས་ལ་ཚད་བཀག་དང་ཏང་འཛིན་བྱེད་བདེའི་ཆེད་ཡིན་པ་གསལ་བོ་རེད། སྤྱི་བོད་ཡུལ་ནི་མི་གྲངས་ཉུང་ལ་ས་རྒྱ་ཆེ། ཐོན་ཁུངས་སྣ་མང་འཛོམས་ས་ཞིག་ཡིན་པས། རྒྱ་ནག་གིས་དེ་དག་ལ་ཧམ་སེམས་ཀྱིས་ས་གནས་སོ་སོར་དྲག་ཤུགས་ཀྱིས་དབང་དུ་བསྒྱུར། བོད་ཀྱི་སྤྱི་ཚོགས་དང་གནས་བབས་ལ་མི་མཐུན་པའི་ལས་འགུལ་སྣ་ཚོགས་སྤེལ་ཏེ་བོད་མིའི་ལྷུང་འཇགས་ཀྱི་འཚོ་བ་དང་མཐུན་སྒྲིལ་ལ་གཏོང་བཤིག་བཏང༌། མི་མང་ཚང་མ་འཇིགས་སྐྲགས་གི་ཁྲོད་འཚོ་གནས་བྱེད་པ། བོད་ས་ཡོངས་རྫོགས་དུམ་བུ་བགོསཏེ་ཞིང་ཆེན་བཞི་དང་རང་སྐྱོང་ལྗོངས་གཅིག་བཅས་ལ་བགོས་ཡོད། དེ་ལྟར་དུམ་བུ་ལྔར་བགོས་པས། དེ་རེ་རེ་ལ་རྒྱ་ནག་དབུས་གཞུང་གི་རྩ་ཁྲིམས་ལྟར་མི་རིགས་རང་སྐྱོང་བཅའ་ཁྲིམས་ཟེར་བ་གཏན་འབེབས་བྱས་ཡོད་མོད། དོན་ངོས་སུ་རྒྱ་ནག་དབུས་གཞུང་གི་ཡུལ་སྤོར། ཤེས་ཡོན་སློབ་གསོ། དཔལ་འབྱོར། ས་གནས་དཔོན་རིགས་བརྗེད་སྤོར། སྲིད་དོན། སྤྱི་ཚོགས་བདེ་འཇགས་བཅས་ལ་ཐད་ཀར་བཀོད་ཇུས་བྱེད་བཞིན་ཡོད། བཏང་འཛིན་བྱེད་བདེར་དམིགས་ཏེ་྄ཏང་སྲིད་དམག་གསུམ་གྱི་ལས་ཁུངས་སྣ་ཚོགས་བཙུགས་ཏེ་རྒྱ་མི་འབོར་ཆེན་བོད་ཀྱི་ས་ཁུལ་གང་སར་གནས་སྤོར་བྱས་དང་བྱེད་གཞིན་ཡོད། དེའི་སྐོར་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ནས་དཔར་སྐྲུན་གནང་བའི་རང་སྐྱོང་གི་བཀོད་སྒྲིག་གི་ལམ་ནས་གཞུང་སྲིད་རང་སྐྱོང་ཡོང་ཐབས།ཞེས་པའི་ཤོག་གྲངས་༡༧༤ པའི་སྟེང༌། ༡༩༥༩ ལོ་ནས་རྒྱ་རིགས་འབོར་ཆེན་བོད་ནང་གནས་སྤོར་བྱས་ཡོད་པས་ད་ལྟའི་ཆར་རྒྱ་མི་ས་ཡ་བདུན་ཙམ་བོད་ནང་གནས་མུས་ཡིན། ཞེས་གསལ། དཔེར་ན། སྣུམ་གྱིས་ཤོག་བུ་ཟོས་པ་བཞིན་བོད་མི་རིགས་བོད་རང་གི་ཡུལ་དུ་གྲངས་ཉུང་བཟོས་ཏེ་མཐར་དམན་ཟུ་མི་རིགས་ལྟར་དེའི་མིང་ཙམ་ལས་མེད་པར་བཟོ་བའི་བྱ་ཐབས་ལ་སྒྱུར་བཞིན་པ་དེ་རེད། ༡༩༨༤ ལོ་རྒྱ་ནག་གི་མི་རིགས་ས་ཁུལ་རང་སྐྱོང་རྩ་ཁྲིམས་གཏན་འབེབས་ནང་རང་སྐྱོང་ས་ཁུལ་གང་ཞིག་གི་མི་མང་འཐུས་མིའི་ཚོགས་ཆེན་དེར་ས་ཁུལ་རང་སྐྱོང་དང་འབྲེལ་བའི་ཁྲིམས་ལུགས་གཏན་འབེབ་དང་ས་ཁུལ་དེའི་ཆབ་སྲིད་དང་དཔལ་འབྱོར། རིག་གཞུང་བཅས་ཀྱི་ཁྱད་ཆོས་གཞི་རྩར་བཟུང་བའི་ཁྲིམས་ལུགས་གཏན་འབེབ་ཀྱི་དབང་ཆ་ཡོད་ཅེས་གསལ་ཡང༌། དོན་ངོས་ལག་བསྟར་བྱ་བར་རྒྱ་ནག་དབུས་གཞུང་དང་རྒྱ་ནག་མི་མང་འཐུས་ཚོགས་ཀྱི་ཆོག་མཆན་དགོས་པས་ལག་ལེན་བསྟར་དཀའ། དཔེར་ན། བཅའ་ཁྲིམས་ལྟར་ན་ཆབ་འབངས་རང་ལོ་བཅོ་བརྒྱད་ལོན་པ་ཡོངས་ལ་འོས་འཕེན་དང་འོས་གཞིར་ཞུགས་པའི་ཐོབ་ཐང་ཡོད་ཟེར་མོད། འོས་བསྡུའི་ལས་དོན་ཆ་ཚང་ས་གནས་དམར་ཕྱོགས་མི་སྣ་དང་ཡང་ན་ས་གནས་སྲིད་འཛིན་ལས་ཁུངས་དག་གིས་སྔ་ས་ནས་འོས་གཞི་གཏན་འབེབས་བྱས་ཟིན། དེ་དག་ལ་འོས་ཤོག་འཕངས་ཏེ་གསར་འགྱུར་ཁག་ཏུ་ཁྱབ་སྒྲགས་བྱེད། དེ་ཕྱིར་དམར་ཕྱོགས་ཀྱི་ལས་མིར་ཞུགས་རྒྱུ་དེ་དང་པོ་ཆབ་སྲིད་ཀྱི་ལྟ་སྤྱོད་དམར་ཕྱོགས་དང་མཐུན་དགོས་པས་བོད་རིགས་ལས་བྱེད་ལ་དོན་དངོས་སུ་སྲིད་འཛིན་ལས་ཁུངས་ཀྱི་དབང་ཆ་རང་བཞིན་གྱིས་བཀག་ཡོད། བོད་ཀྱི་ས་གནས་དེ་ག་རང་ནས་སྐྱེས་པའི་བོད་རིགས་དེ་དག་ལ་ཆབ་སྲིད་ཀྱི་ཐོབ་ཐང་མེད་པ་མ་ཟད། མཐའ་ན་རྒྱལ་ཁབ་གཞན་པའི་མིའི་མདུན་དུ་སྤྱི་བཏང་གི་གནས་སྟངས་སྐོར་གྱི་སྐད་ཆ་ཙམ་ཡང་བཤད་པའི་སྨྲ་བརྗོད་ཀྱི་ཐོབ་ཐང་ཡང་ཧ་ཅང་ཕྲ། རྒྱ་ནག་ནང་ཁུལ་དུ་མི་གྲངས་འཕེལ་བས་དཀའ་ངལ་བྱུང་བར་བསྟེན་ནས། མི་རིགས་གྲངས་ཉུང་གནས་སྡོད་ས་ཁུལ་ཡོངས་ལའང་འཆར་ལྡན་བུ་སྐྱེའི་ལས་འགུལ་སྤེལ་ཏེ་བོད་མིའི་གོམ་སྲོལ་དང་ལྷུང་འཇགས་ཀྱི་འཚོ་བ་བཀྲུགས། གསར་འཕྲིན་ཁག་ནས་ཀྱང་རྒྱ་གཞུང་གི་ལམ་སྟོན་ལྟར་བྱ་དགོས་པ་ལས་རང་སྐྱོང་བསྒྲིགས་ཁྲིམས་ལྟར་རང་སྐྱོང་ས་གནས་ཀྱི་དཀའ་ཁག་དོན་དངོས་ལྟར་བརྗོད་མི་ཆོག་པ་ནང་ཁུལ་ལམ་གསང་བའི་བསྒྲིགས་ཁྲིམས་རེད། བོད་མིའི་སྤྱི་བཏང་གི་གཤིས་ཀ་གཞན་ཕན་སྙིང་རྗེ་དང༌། ཡ་རབ་སྤྱོད་བཟང༌། རྒན་བཀུར་གཞོན་བྱམས་ཀྱི་གོམ་སྲོལ་བཟང་པོ་དག་ཉམས་དམས་སུ་གཏོང་ཆེད། མ་རབ་ཐ་ཤལ་གྱི་སྤྱོད་པ་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ཁྱབ་བསྒྲགས་གང་མང་བྱེད་པ། དཔེར་ན། རྒྱན་རྩེད་ཁང༌། སྤྲོ་ཚོགས་ཁང༌། ཆང་ཁང༌། མཚན་ཚོགས་རྭ་བ་སོགས་འཚུགས་ཏེ་བོད་ཀྱི་གཞོན་སྐྱེས་གང་མང་གཡོ་སྒྱུའི་དོང་དུ་ལྷུང་སྟེ་རང་མི་རིགས་ཀྱི་འདུ་ཤེས་ཀྱང་རྩ་ཡལ་དུ་འགྱུར་ལ་ཉེ།
གསུམ་པ།
སྤྱི་ཤེས་ཡོན་ནི་མིའི་བསམ་བློའི་ཕྱུག་ཚད་ལ་དངོས་འཛིན་དགོས་ལ། དེ་ཡར་རྒྱས་སུ་གཏོང་བ་ལ་སློབ་གསོ་དགོས། སློབ་གསོ་དེ་ཡང་ཤེས་པར་བྱ་བའི་གནས་དེ་སློབ་པ་ནི་སློབ་མར་འཇུག་ལ་སློ་བ་ཡ་དེ་ནི་སློབ་དཔོན་ལ་འཇུག གསོ་ནི་སྐྱོང་བའི་དོན་ཡིན་པས་སྐྱོང་མཁན་ནི་ཕ་མ་དང་སྐབས་འདིར་སློབ་དཔོན། སྐྱོང་བ་ནི་བུ་དང་སྐབས་འདི་སློབ་མར་ངོས་འཛིན་དགོས། དེ་ཕྱིར་མིའི་བསམ་བློར་བག་ཆགས་ཡག་པ་ཞིག་འཇོག་པར་ཕ་མ་དང་སློབ་དཔོན་ནི་ཧ་ཅང་གལ་གནད་ཆེ། སྤྱི་བསམ་བློའི་བག་ཆགས་དེའང་ཆུང་དུས་སུ་ཡང་ཡང་གོམ་པར་བྱ་དགོས་ན། དང་ཐོག་ཕ་མ་དང་དེ་ནས་དགེ་རྒན་རེད། ཕ་མ་གལ་ཆེ་བའི་སྐོར་ྋགོང་ས་མཆོག་གིས་བཀའ་སློབ་༼ཚོགས་པ་ཁག་ལ་སྩལ་བའི་བཀའ་སློབ་ཕྱོགས་བསྡེབས༽ ༡༩༩༤ ལོའི་ཟླ་བ་ ༤ པའི་ཚེས་༡ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཐེངས་བཞི་པར་སོགས་ལ་བསྩལ་བའི་བཀའ་སློབ་མང་པོ་གསུངས་ཡོད་པས་དེ་ལ་གཟིགས་རོགས། དགེ་རྒན་དེར་སེམས་ཤུགས་དང་ལྷག་བསམ་ཡོད་དགོས་པ་མ་ཟད་ས་གནས་དེའི་སྐད་དང་སྲོལ་རྒྱུན་རིག་གནས་དང་སློབ་གསོ་སྤེལ་སྟངས་སོགས་ཀྱང་ཧ་ཅང་གལ་གནད་ཆེ། རྒྱ་མིས་བོད་ཡོངས་རྫོགས་བཙན་དབང་བསྒྱུར་རྗེས་བོད་ས་ཁུལ་གྱི་ཤེས་ཡོན་སློབ་གསོའི་ལས་དོན་མཐའ་དག་རྒྱ་ནག་དབུས་གཞུང་གིས་ཐད་གར་བཏང་འཛིན་བྱ་དགོས་པ་ཁྲིམས་ལུགས་ཀྱིས་གཏན་འབེབས་བྱས་ཡོད། དཔེར་ན། སྤྱི་ཚོགས་རིང་ལུགས་ཀྱི་ཤེས་ཡོན་སློབ་གསོའི་ལམ་ལུགས་གཞིར་བཟུང་སྟེ། མི་རིགས་རང་སྐྱོང་ས་ཁུལ་གྱི་ས་གནས་སྲིད་གཞུང་དང་འཐུས་མི་ཚོགས་ཆེན་གྱིས་ཤེས་ཡོན་ཡར་རྒྱས་ཆེད་འཆར་གཞི་ཐག་གཅོད། སློབ་གྲྭ་དང་སློབ་ཚན་གསར་འཛུགས་བྱེད་ཆོག་ཅེས་གཏན་ལ་ཕབ་ཡོད། འོན་ཀྱང་སློབ་གསོའི་ལས་དོན་སྒྲུབ་མཁན་མང་ཆེ་བ་རྒྱ་ནག་དམར་ཕྱོགས་ཀྱིས་བཏང་འཛིན་འོག་དམར་ཕྱོགས་ཀྱི་ལྟ་བ་འཛིན་མཁན་རྒྱ་མི་རིགས་གཙོ་བོ་ཡིན་པས། ཁོང་ཚོས་བོད་ཀྱི་སྲོལ་རྒྱུན་སློབ་གསོ་དང་བོད་ཀྱི་སྐད། བོད་ཀྱི་གོམ་གཤིས་བཅས་ལ་སློབ་སྦྱོང་དང་དོ་སྣང་བྱ་རྒྱུ་ཕར་གཞོག་ད་རུང་དེ་ལ་མཐོང་ཆུང་དམའ་འབེབས་བྱེད་པ། བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ལམ་ནས་ཤེས་ལྡན་མི་སྣ་གྲངས་ལས་འདས་པ་བྱུང་མྱོང་ཡོད་པ་ཤེས་བཞིན་དུ་ཁས་མི་ལེན་པ། ལྷག་པར་བོད་ཀྱི་རིག་གནས་ཀྱི་གཞི་རྩར་གྱུར་བའི་སུམ་རྟགས་དག་གསུམ་ནི་ཁྲིད་གཞི་རྗེས་ལུས་དང༌། ནང་དོན་རིག་པ་ནི་རྨོངས་དད་དུ་ངོས་འཛིན་བྱེད་པ། རྒྱ་རིགས་དགེ་རྒན་མང་ཆེ་བའི་སློབ་མའི་སེམས་ཁམས་སུ་ཀུན་སྤྱོད་སློབ་གསོའི་མ་དཔེར་སྟོན་མི་ཐུབ་པ་མ་ཟད། སློབ་མའི་ཀུན་སྤྱོད་ལའང་ཆབ་སྲིད་ཀྱི་ལྟ་བ་གཙོ་བོར་བཟུང་ཡོད། སློབ་སྦྱོང་གི་གྲུབ་འབྲས་ཀྱང་ཆབ་སྲིད་ལངས་ཕྱོགས་སྟེང་ནས་ངོས་འཛིན་བྱེད། བོད་ཀྱི་རིག་གཞུང་ལ་ཤུགས་སྣོན་རྒྱག་མཁན་ཧ་ཅང་ཉུང༌། སློབ་ཁྲིད་སྐབས་བོད་ཀྱི་སྐད་ཡིག་སློབ་ཚན་ལས་གཞན་ཚང་མ་རྒྱ་སྐད་སྟེང་ནས་ཁྲིད་བཞིན་ཡོད་པས། བོད་རིགས་སློབ་མར་དཀའ་ངལ་བྱེ་བྲག་པ་ཞིག་ཕྲད་ཡོད། རྒྱ་ནག་གིས་ཁྱབ་བསྒྲགས་ལྟར་ན་རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་པའི་སྔོན་དུ་བོད་ལ་སློབ་གསོ་བྱ་བའི་གནས་མེད་ཅེས་འུར་བརྗོད་བྱེད་པ་དེ་རང་མིག་རང་གིས་སྒྲིབ་ནས་འདིར་མུན་ནག་རེད་ཅེས་བརྗོད་པ་དང་ཀུན་ནས་མཚུངས། བོད་དུ་བཅུ་ཕྲག་རིག་པའི་གནས་ལ་སློབ་པའི་བསྟི་གནས་དགོན་པ་ཁྲི་ལྷག་ཡོད་ལ་དེར་འཛུལ་ཞུགས་བྱེད་པར་དབུལ་ཕྱུག་གི་དབྱེ་བ་མེད་ལ་ས་ཁུལ་གྱི་ཁྱད་པར་ཡང་མེད། གྲངས་ཀའི་བཅད་མཚམས་ཀྱང་མེད། དེ་ཕྱིར་བོད་ཀྱི་རིག་གཞུང་འདི་བོད་ཀྱི་ཡུལ་གྲུ་ཀུན་ལ་ཁྱབ་ཐུབ་ཡོད་ལ། མདོ་དབུས་ཁམས་གསུམ་གྱི་མཐུན་མོང་མ་ཡིན་པའི་྄རིག་གཞུང་ཕན་ཚུན་སྤེལ་རེ་དང་བརྗེད་རེ་བྱེད་པའི་ཁྱད་ཆོས་ཀྱང་ཡོད། དེ་ཕྱིར་གནའ་དེང་གི་སློབ་གསོའི་འགྲོ་ལུགས་ལ་བླང་དོར་མ་ནོར་བ་གལ་ཆེ་སྙམ། སྤྱི་ ༡༩༥༩ ལོའི་གོང་དུ་བོད་ལ་སློབ་གསོ་ཡོད་མེད་ཧོར་ཁང་བསོད་ནམས་དཔལ་འབར་ལགས་ཀྱི་༼དེ་སྔ་བོད་ཀྱི་སློབ་གསོའི་སྐོར།༽ ཞེས་པ། ༡༩༩༣ ལོར་བོད་ལྗོངས་ཞིབ་འཇུག་དུས་དེབ་གསུམ་པའི་ཤོག་དངོས་༡༥ སྟེང་གསལ་བོ་བཀོད་འདུག་པས་དེ་ལ་གཟིགས། བོད་མི་རིགས་ཀྱི་ཤེས་ཡོན་རིག་གནས་ཡར་རྒྱས་སུ་གཏོང་དགོས་ན་བོད་རིགས་ཀྱི་དགེ་རྒན་གསོ་སྐྱོང་བྱ་བར་ཤུགས་རྒྱག་དགོས། རྒྱ་གཞུང་གི་ཁྲིམས་ལྟར་ས་གནས་རང་སྐྱོང་དག་གིས་མི་རིགས་དེའི་སྐད་ཡིག་གཙོ་བཟུང་བྱས་ཏེ་དཔེ་ཁྲིད་བྱ་དགོས་ཟེར་བ་སྣང་ཚུལ་ཙམ་ལས། དོན་ངོས་སུ་བོད་ཡིག་ནི་སློབ་གྲྭ་ཁག་གི་ནང་སྦྱང་བྱ་སློབ་ཚན་གཅིག་ལ་ངེས་བཟུང་སྟེ་མཐོ་སློབ་ཁག་ལ་རྒྱུགས་ལེན་སྐབས་སློབ་ཚན་ཅིག་གི་གོ་ལས་ཆོད་གྱིན་མེད། བོད་རིགས་སློབ་མས་ཀྱང་སྦྱོང་འདོད་མེད་པར་བཟོས་ཡོད་ལ་སྤྱི་ཚོགས་སྟེང་དུའང་དོ་སྣང་ཆེས་མི་བྱེད་པར་བཟོས་ཡོད། མདོར་ན་བོད་ས་ཁུལ་གྱི་ཞིང་ཕྱུག་ལས་ཡར་རྒྱས་སུ་གཏོང་དགོས་ན་སློབ་གསོའི་ལས་དོན་ལ་ཤུགས་རྒྱབ་སྟེ་སློབ་མའི་གསར་གཏོད་ཀྱི་སྙིང་སྟོབས་དང་ཉམས་ལེན་གྱི་འཇོན་ཐང་ལ་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་ཏེ་གསོ་སྐྱོང་བྱ་དགོས། ལྷག་པར་དུ་བོད་ཀྱི་ཤེས་ཡོན་སློབ་གསོ་འདིའང་མི་རིགས་གཞན་གྱི་སློབ་གསོའི་རྗེས་ཟིན་པར་བྱ་དགོས་ན་ཁ་གཡང་འབོད་པ་ཙམ་གྱིས་མི་ཆོག་པར་རང་རེ་སྤྱི་ཚོགས་ནང་བོད་ཡིག་བཀོད་སྤྱོད་ཀྱི་ཁོར་ཡུག་རྒྱ་ཆེར་སྐྲུན་ཏེ། བོད་ཀྱི་འབྱུང་འགྱུར་ལ་འགན་ཁུར་ཐུབ་པའི་ལྷད་མེད་ཀྱི་བསམ་བློ་ཡོད་མཁན་དང༌། འཛམ་གླིང་ལ་ཁ་ཕྱོགས་པའི་མིག་རྒྱང་རིང་པོར་བལྟས་ནས་སློབ་གསོའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གསལ་བོས་ངང་འབད་དགོས། གཞི་བྱེས་གཉིས་སུ་བཞུགས་པའི་དབུ་ཁྲིད་དང་མཁས་དབད་དག་གི་འགན་ཆེན་ཡིན་པ་མ་ཟད། རྒྱ་ཆེ་མི་མང་གིས་ཀྱང་གོ་རྟོགས་གསལ་བོས་ངང་རྒྱབ་སྐྱོབ་བྱ་རྒྱུ་ཤིན་ཏུ་གལ་ཆེ།
བཞི་བ།
མི་རིགས་གང་དང་གང་ཡིན་ཡང་གནའ་སྔ་མོ་ནས་དར་ཡོང་བའི་ཆོས་དང་རིག་གཞུང་ཡོད། དེ་ཕྱིར་བོད་དུ་དར་བའི་ནང་ཆོས་ནི་བོད་ཀྱི་རིག་གཞུང་གི་སྲོག་རྩ་ལྟ་བུ་ཆགས་ཡོད་པས། བོད་མི་ཡོངས་ཀྱི་ཆོས་ནི་རང་གི་སྲོག་ལྟར་གཅེས་ལ་ཡིད་ཆེད་ཀྱང་བརྟན་པོ་ཡོད། ཆོས་ལུགས་ཀྱི་བྱེད་སྒོ་མང་པོ་ཞིག་འཚོ་བའི་ཁྲོད་དུ་དར་ཁྱབ་ཧ་ཅང་ཆེ། རྒྱ་ནག་གིས་བཙན་བཟུང་མ་བྱས་པའི་སྔོན་དུ་མའོ་ཙེ་ཏུང་གིས་བོད་ཀྱི་ལས་དོན་སྐོར་གསུངས་དོན་བོད་ལ་ལས་ཀ་གང་འདྲ་ཞིག་བྱས་རུང་ཐོག་མར་མི་རིགས་དང་ཆོས་ལུགས་གཉིས་ལ་བསམ་གཞིག་བྱེད་དགོས་ཟེར་མོད། ལག་ལེན་དུ་བསྟར་ཐུབ་མེད། བཙན་བཟུང་བྱས་རྗེས་ཆོས་ལུགས་དད་མོས་རང་དབང་གི་རྩ་ཁྲིམས་གཏན་ལ་འབབ་ཀྱང༌། རིམ་གྱི་ལས་འགུལ་སྣ་ཚོགས་ལ་ཁ་གཡར་ཏེ་བོད་ཀྱི་ཤེས་ཡོན་མི་སྣའི་འབྱུང་ཁུངས། རིག་གནས་དང་སྒྱུ་རྩལ་གྱི་མ་དཔེ། མེས་པོའི་ལོ་རྒྱུས་ཀྱི་བདེན་དཔང་ལྟ་བུའི་དགོན་པ་དང་དེའི་ནང་གི་སྐུ་གསུང་ཐུགས་བརྟེན་ཕལ་ཆེ་གཏོར་བཤིགས་བཏང་སྟེ་འཛམ་གླིང་གི་ཡུལ་གྲུ་འདི་ནས་རྩ་ཡལ་དུ་འགྱུར་ཉེ། རྒྱ་ནག་དམར་ཕྱོགས་ཀྱི་གཙོ་འཛིན་མའོ་ཙེ་ཏུང་འདས་རྗེས། སྤྱི་ལོ་ ༡༩༧༨ ལོའི་ཟླ་༡༢ པར་རྒྱ་གཞུང་གི་སྐབས་བཅིུག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཡིག་ཆའི་ཨང་བཅུ་དགུ་བའི་ནང་ཆོས་ལུགས་དད་མོས་རང་དབང་སྲིད་བྱུས་སྐྱར་གསོ་བྱས་པར་ལྟར་ཆོས་ལུགས་སྲིད་བྱུས་སླར་ཡང་གུ་ཡངས་ཅུང་ཟད་སོང་མོད། འོན་ཀྱང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་དགོན་པ་ཁག་དང་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་བླ་གྲྭ་དང་བྱེད་སྒོ་ཁག་ལ་ཚད་གཞི་དང་བཏང་འཛིན་བྱེད་དེ་དགོན་པས་རང་ཁ་རང་གསོ་བྱེད་པའི་སྲིད་བྱུས་ལྟར་ཐོན་བསྐྱེད་ངལ་རྩོལ་ཅན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལ་བསྒྱུར་ཏེ་ད་བར་མི་མང་གི་འདོད་བློ་ཚུམ་པ་ཞིག་བྱུང་མེད། ལྷག་པར་དུ་དམར་ཕྱོགས་ཀྱི་ལམ་ལུགས་ནི་ལྷ་མེད་རིང་ལུགས་དང་དངོས་གཙོ་རིང་ལུགས་ཡིན་པས། རྒྱ་ནག་དམར་ཕྱོགས་ཀྱི་འོག་ནས་ལས་ཀ་བྱ་དགོས་ན། ཐོག་མར་ཆོས་ལུགས་ལ་དགྲར་འཛིན་དགོས། དེ་ཕྱིར་བོད་ཀྱི་ཤེས་ཡོན་ཅན་མང་པོའི་ཆབ་སྲིད་ཀྱི་ལམ་ཁ་རང་བཞིན་གྱིས་བཀག་ཡོད།
༡༩༩༨ ལོ་རྒྱ་ནག་དམར་ཕྱོགས་ཀྱི་ཆེ་མཐོ་དབང་འཛིན་པ་ཅང་ཙེ་མེན་གྱིས། ཆོས་ལུགས་ཀྱི་གནད་དོན་ཐོག་ནན་བཤད་ཚིག་གསུམ་བྱེད་དགོས་པ་སྟེ། གཅིག ཏང་གི་ཆོས་ལུགས་སྲིད་བྱུས་ཆ་ཚང་ལག་ལེན་ཡང་དག་བསྟར་རྒྱུ། གཉིས། ཁྲིམས་ལུགས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོད་རྒྱག་རྒྱུ། གསུམ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་འཆམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ་བཅས་ཡིན། ཏང་གི་ཆོས་དད་རང་མོས་སྲིད་བྱུས་ལག་བསྟར་བྱ་རྒྱུ་ཡིན་ནའང་འདྲ། ཁྲིམས་ལུགས་ལྟར་ལས་དོན་ལ་ཤུགས་སྣོན་རྒྱག་པ་ཡིན་ནའང་འདྲ། གང་ལྟར་དམིགས་ཡུལ་ནི་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་འཆམ་མཐུན་ཡོང་བ་བྱེད་དགོས་དེ་རེད། ཅེས་བརྗོད་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣར་དམར་ཕྱོགས་ཀྱི་འབྲེལ་ཡོན་སྲིད་བྱུས་དང་ཁྲིམས་ལུགས་སློབ་སྦྱོང་དང༌། སྐབས་དོན་ཆབ་སྲིད་སློབ་སྦྱོང་བྱེད་རྒྱུ་བཅས་ལ་རྟག་ཏུ་སྒྲིག་འཛུགས་དང་སྐུལ་འདེབས་བྱེད་དེ་བསམ་བློའི་འདུ་ཤེས་འཛིན་སྟངས་ཚུན་བསྒྱུར་བཅོས་བཏང་ཏེ་དམར་ཕྱོགས་པའི་རྗེས་འཇུག་དངོས་གནས་པ་ཞིག་ཆགས་རྒྱུར་འབད།
༡༩༩༥ ལོྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཕྲུལ་མེད་ངེས་འཛིན་རྗེས་རྒྱ་གཞུང་ངོ་ཚ་དང་ཁེང་ཁྲོ་ལངས་ཏེ་རུས་ཧོན་དང་ལའོ་ཀན་གཉིས་ཀྱིས་པཎ་རིན་པོ་ཆེའི་ཡང་སྲིད་བཙལ་འཚོལ་འགོ་ཁྲིད་ཚོགས་འདུ་ཐེངས་མང་ཚོགས་ཏེ་ཚོགས་མི་ཡོངས་ལ་བྱ་སྤྱོད་ངོ་མའི་ཐོག་ནས། རྒྱ་ནག་དམར་ཕྱོགས་ཀྱི་ལམ་སྟོན་ཁྲིམས་ལུགས་ཀྱི་ཟིལ་ཤུགས་སྲུང་སྐྱོབ་དང༌། མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོབ། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོབ། མི་རིགས་ཀྱི་མཐུན་སྒྲིལ་སྲུང་སྐྱོབ་བཅས་ཟེར་བར་སློབ་སྦྱོང་བྱས་ཏེ་༡༩༩༥ ལོའི་ཟླ་༥པའི་ཚེས་ ༢༣ ཉིན། ྋགོང་ས་མཆོག་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངེས་འཛིན་བྱས་པར་མི་འཐད་པའི་དོན་ཚན་ལྔར་དབྱེ་སྟེ་ཁྱབ་བསྒྲགས་བྱེད་པ།
༢༠༠༡ ལོ་བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ལགས་ཀྱི་ཅང་ཙེ་མེན་གྱི་གསུང་བཤད་ལ་གཞི་བཅོལ་ནས་ཆོས་ལུགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཁག་བརྒྱད་བགྲངས་པ་འདི་དག་ལས་ང་ཚོས་གསལ་བོ་མཐོང་ཐུབ་པ་ནི་ཆོས་ལུགས་མི་སྣས་ཀྱང་དམར་ཕྱོགས་ཀྱི་བསྒྲིགས་ཁྲིམས་ལ་བརྩི་སྲུང་བྱེད་རྒྱུ་གཙོ་གནད་དུ་འཛིན་དགོས་པ་ལས་ཆོས་ལུགས་དེ་སྲིད་བྱུས་ཙམ་དང་ཕྱིའི་མིར་མངོན་པ་ཙམ་ལས་དོན་དངོས་སུ་སྲུང་སྐྱོབ་དང་དར་སྤེལ་གང་ཡང་བྱེད་གྱིན་མེད་པ་གསལ་བོ་མཐོང་ཐུབ།
གོང་གི་དོན་འདི་དག་ལས་ང་ཚོས་གསལ་བོ་ཤེས་ཐུབ་པ་ནི་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་བོད་ས་དུམ་བུར་བགོས་ཏེ་བོད་མི་རིགས་ཀྱི་མཐུན་སྒྲིལ་དང་གཅིག་གྱུར་ལ་གནོད་གཞི་ཚད་ཆེན་བཟོས་ཡོད་པ་མ་ཟད་ས་ཁུལ་ཡོང་བཏང་འཛིན་བྱེད་བདེའི་ཆེད་ཡིན་པའང་གསལ་བོ་ཤེས་ཐུབ། །
སྐལ་བཟང་བློ་གྲོས་ལགས་ཀྱི་བྲིས་པའི་བརྩོམ་ཡིག་འདིར་ནང་དོན་ལྡན་པ་ཅིག་ཡིན་པ་མ་སྲིད་འདི་ཚང་མས་སེམས་ལ་འཛིན་དགོས་པ་ཞིག་རེད་། སྐལ་བཟང་བློ་གྲོས་ལགས་སུ་ཐུག་རྗེ་ཆེ་ཞུ་།