ཡོང་ཁུངས། བོད་ཀྱི་བང་ཆེན།
“ངས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་ཀྱི་རང་སྲིད་རང་སྐྱོང་གནད་དོན་གསལ་ཆེད་ཕན་ཐོགས་ཡོད་པ་ལས། དཀའ་རྙོག་གི་ཆ་ཤས་ཤིག་ཡིན་པ་ངོསའཛིན་བྱེད་ཀྱི་མེད།” ཅེས་ཨ་རིའི་གྲོས་ཚོགས་འཐུས་མི་མེག་གྷོ་ཝེན་གྱིས་གསུངས་འདུག
ཟླ་འདིའི་ཚེས་ ༡༥ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱ་ནག་དང་བོད་ལ་སྐོར་སྐྱོད་གྲུབ་ནས། ཨ་རིའི་མངའ་སྡེ་ཨ་ལ་སེ་ཀར་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་འདུག
ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནན་སེ་པེ་ལོ་སིས། ཐེངས་འདིའི་སྐོར་སྐྱོད་ནི་ཕན་ཐོགས་ཆེན་པོ་དང་གནས་ཚུལ་མང་པོ་ཞིག་གོ་རྟོགས་བྱུང་བ། དེ་བཞིན་ཕྱོགས་གཉིས་ཀྱི་བར་ལ་འབྲེལ་བའི་ཟམ་པ་ཞིག་འཛུགས་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡོད་པས། མ་འོངས་པར་ཟམ་པ་དེ་མུ་མཐུད་འཛུགས་སྐྲུན་བྱ་རྒྱུའི་འདུན་པ་ཡོད་སྐོར་སོགས་གསུངས་འདུག
གྲོས་ཚོགས་འཐུས་མི་མེག་གྷོ་ཝེན་གྱིས་“ང་ཚོ་བོད་དང་རྒྱ་ནག་གང་དུ་ཕྱིན་ནའང། རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷག་པར་དུ་བོད་དང་རྒྱ་ནག་ནང་ཡོད་པའི་མཐོ་སློབ་སློབ་མ་མཉམ་དུ་བོད། ༧གོང་ས་ཏཱ་ལའི་བླ་མ་མཆོག འགྲོ་བ་མིའི་ཐོབ་ཐང། ཆོས་ལུགས་དང་རིག་གཞུང་ལ་གུས་བརྩི་བྱེད་རྒྱུ་གལ་ཆེན་ཡིན་པ་སོགས་ཀྱི་སྐོར་གླེང་མོལ་བྱས་པ་ཡིན།
ཐེངས་འདིའི་སྐོར་སྐྱོད་ནི་རྒྱ་ནག་གཞུང་གི་རྣམ་འགྱུར་གལ་ཆེན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ད་དུང་ལེགས་བཅོས་གཏོང་རྒྱུ་མང་པོ་ལྷག་འདུག དཔེར་ན། ལྷ་སར་ཨ་རིའི་གཞུང་ཚབ་འཛུགས་བཅུག་རྒྱུ། ཨ་རིའི་གྲོས་ཚོགས་འཐུས་མི་དང་གསར་འགོད་པ། རྒྱལ་ཁབ་གཞན་གྱི་གྲོས་ཚོགས་འཐུས་མི་དང་མི་མང། བོད་མི་སོགས་བོད་ནང་དུ་རང་དབང་ངང་འགྲོ་བཅུག་པ། བོད་རང་སྲིད་རང་སྐྱོང་གི་གནད་དོན་གསལ་ཆེད། ཏཱ་ལའི་བླ་མ་མཆོག་དང་གྲོས་མོལ་བསྐྱར་གསོ་བྱེད་རྒྱུ། ངས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་ཀྱི་རང་སྲིད་རང་སྐྱོང་གི་གནད་དོན་གསལ་བའི་ཆེད་དུ་ཕན་ཐོགས་ཡོད་པ་ལས། དཀའ་རྙོག་གི་ཆ་ཤས་ཤིག་ཡིན་པ་ངོསའཛིན་བྱེད་ཀྱི་མེད”ཅེས་དང་།
དེ་བཞིན་ཁོང་གིས་གྲོས་མོལ་དེ་ཡང་དུས་ཚོད་ལ་རྩེད་མོ་རྩེ་བ་མ་ཡིན་པར། ཕྱོགས་གཉིས་ཀ་ནས་གྲོས་མོལ་བསྐྱར་གསོ་དེ་ཡིད་ཆེས་དང་ཕྱོགས་གཉིས་ཀ་ལ་དགོས་གལ་ཡིན་པ་ངོས་འཛིན་ཐོག ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཐོན་ཐབས་ལ་འབད་དགོས་པ་དང། རྒྱ་ནག་གིས་བོད་ནང་འཛུགས་སྐྲུན་ཤུགས་ཆེན་བྱས་པ་གསལ་པོ་འདུག་ཏེ། འཛུགས་སྐྲུན་དེས་བོད་ཀྱི་ཆོས་དང་རིག་གཞུང་ལ་གྱོང་གུན་ཐེབས་མི་རུང་བ་ཡིན་སྐོར་གསུངས་འདུག
གསར་འགོད་པའི་དྲི་བ་དང་ལེན་སྐབས། གྲོས་ཚོགས་འཐུས་མི་མེག་གྷོ་ཝེན་གྱིས་ཁོང་གིས་ཁ་གསལ་ངང་རྒྱ་ནག་གིས་འདི་དང་དེ་ལ་མོས་མཐུན་བྱེད་ཀྱི་རེད་ཅེས་ཞུ་ཐུབ་ཀྱི་མེད། འོན་ཀྱང་ཁོང་ཚོས་རྒྱ་ནག་གཞུང་གིས་གོང་གི་བསམ་འཆར་དག་ལ་ཁས་ལེན་དང་ལག་བསྟར་བྱེད་པའི་རེ་བ་རྒྱག་གི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག
དེ་བཞིན་གྲོས་ཚོགས་འཐུས་མི་ཚོས་ཁོང་རྣམས་བོད་ལ་སྐོར་སྐྱོད་ཕེབས་སྐབས་སུ། རྒྱ་གཞུང་གིས་ཁོང་ཚོའི་སྐོར་སྐྱོད་དེར་སྟངས་འཛིན་བྱེད་འདོད་ཡོད་འདུག་པ་དང། རྒྱ་གཞུང་གི་བདེ་འཇགས་མི་སྣ་༣༠ ཙམ་ཞིག་ཁོང་ཚོ་དང་མཉམ་དུ་གང་སར་ཡོང་ཡོད་ཁར། རྒྱ་གཞུང་གི་བསྟན་འདོད་པའི་ས་གནས་ཁག་ལས། ཁོང་ཚོའི་མཐོང་འདོོད་པའི་ས་གནས་ཁག་ལ་འཁྲིད་མེད་པས། རྗེས་སུ་ཨུ་ཚུགས་མང་པོ་བརྒྱབས་རྐྱེན་བོད་ཀྱི་དགོན་སྡེ་ཁ་ཤས་ལ་འགྲོ་རྒྱུ་བྱུང་ཡོད་ཀྱང། ཁོང་ཚོའི་མཉམ་དུ་རྒྱ་ནག་གི་གསར་འགོད་པ་ལས་རྒྱལ་ཁབ་གཞན་གྱི་གསར་འགོད་པ་མེད་སྐོར་སོགས་འགྲེལ་བརྗོད་བྱས་འདུག
ལོ་མང་ནང་ཐེངས་དང་པོར་ཨ་རིའི་གྲོས་ཚོགས་མི་སྣ་བོད་དུ་སྐོར་སྐྱོད་འགྲོ་བཅུག་ཡོད་པ་དང། དེའི་གྲུབ་འབྲས་བཟང་པོ་ཐོན་གྱི་ཡོད་པའི་རེ་བ་རྒྱག་རྒྱུ་སྔ་དྲགས་པ་འདྲ་བོ་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།
་་་་་་་་་ “ངས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་ཀྱི་རང་སྲིད་རང་སྐྱོང་གནད་དོན་གསལ་ཆེད་ཕན་ཐོགས་ཡོད་པ་ལས། དཀའ་རྙོག་གི་ཆ་ཤས་ཤིག་ཡིན་པ་ངོསའཛིན་བྱེད་ཀྱི་མེད།” ཅེས་ཨ་རིའི་གྲོས་ཚོགས་འཐུས་མི་མེག་གྷོ་ཝེན་གྱིས་གསུངས་འདུག ་་་་་་་་་་
ཡག་པོ་འདུག ཐུགས་རྗེ་ཆེ།
བོད་རེ་བས་ཕུང་། རྒྱ་དོགས་པས་ཕུང་། ཟེར་ཡང་ཟེར་ལ་བདེན་ཡང་བདེན་། ཨ་རིའི་འཐུས་མི་ཚོ་རྒྱ་མིའི་མདུན་དུ་ཁ་གྲགས་མ་ཕོད་པ་འདྲ་ཚུར་རང་ཡུལ་དུ་འབྱོར་ནས་གང་བཤད་རང་རེད་
ད་ཨ་རིའི་སྐད་ཆ་དེ་ལ་བལྟས་ན་ཅི་རེ་བ་རྒྱབ་མ་རྒྱབ་ཨ་ཡོད་ང་ཚོའི་རེ་བ་དེ་འོད་ཆུང་དུ་ཆུང་དུ་འགྲོ་གི་མི་འདུག་གམ་།
བོད་རྒྱའི་དཀའ་ངལ་གསེལ་བ་ལ་ཆབ་སྲིད་ཀྱི་ཐབས་ལམ་
འཚོལ་དགོས་ལ་ལས་རྒྱ་མིའི་མཉམ་ཁ་རྩོད་ཐུབ་པ་ཙམ་གྱི་བོད་དོན་གསེལ་བར་ནམ་ཡང་ངོས་འཛིན་བྱ་མི་ཉན་ནོ་།