བོད་སྐད་གསར་འགྱུར་འགན་འཛིན་ཤག་སྒང་གིས།
རྒྱ་གར་གཞུང་གི་ཕྱི་སྲིད་དྲུང་ཆེ་དང་འཆར་འགོད་ཚོགས་མི་ཟུར་པ་སྐུ་ཞབས་ཤིབ་ཤཱངྐར་མི་མོན་(Shiv Shankar Menon) མཆོག་ཏཱ་ལའི་བླ་མ་མཐོ་སློབ་ཏུ་ཕེབས་ནས་སྒྱུ་རྩལ་སྡེ་ཚན་གཙོ་བའི་དགེ་སློབ་དབར་ཉིན་དགུང་ཚོུད་ ༡༢:༣༥ ནས་དབུ་འཛུགས་ཀྱིས་སྐར་མ་ ༥༠ རིང་བོད་དོན་དང་འབྲེལ་བའི་འདྲི་བ་དྲིས་ལེན་གནང་སོང་།
ཁོང་གིས་དེ་རིང་ང་རང་བྷེང་ལོར་དུ་ཡོང་བ་དང་ཞོར་དུ་བོད་ཀྱི་མཐོ་སློབ་འདིར་ཡོང་དགོས་པར་སྒེར་གྱི་རྒྱུ་མཚན་དམིགས་བསལ་ཞིག་གིས་ངོ་བཅག་ཐུབ་མ་སོང་། གང་ལ་ཟེར་ན་ང་ནི་ལྷ་སར་འཚར་ལོངས་བྱུང་ཞིང་། ལྷ་ས་ནི་ངའི་རྐང་འཁོར་སྦྱོང་ས་དང་ཆུ་རྐྱལ་སྦྱོང་ས་ཡང་ཡིན། གནས་ཚུལ་གཅིག་ནི་ལྷ་སར་སློབ་གྲྭ་མེད་པས་ངའི་ཨ་མས་ང་ལ་ནང་དུ་སློབ་སྦྱོང་སློབ་ཀྱི་ཡོད།
ཁྱེད་ཚོ་འདིར་འདུས་ནས་སློབ་སྦྱོང་བྱེད་པ་ནི་ཁྱེད་རང་གཅིག་པུ་ཙམ་མིན་པར་བོད་པ་སྤྱི་དང་། ལྷག་པར་དུ་སྔར་ནས་ཆད་སོང་བའི་གནའ་བོའི་རྒྱ་གར་གྱི་དཔལ་ཡོན་དང་འབྲེལ་བའི་རིག་གཞུང་བཟང་པོ་རྣམས་རྒྱ་གར་བར་སླར་ཡང་ཕྱིར་སློག་ངོ་སྤྲོད་ཐུབ་ཀྱི་ཡོད་པས་ཧ་ཅང་གནད་འགག་རེད།
ད་ལྟའི་འཛམ་གླིང་ནི་དངོས་པོ་དང་ཚན་འཕྲུལ་གྱི་གཞན་དབང་དུ་སོང་ནས་རང་གི་རིན་ཐང་ཡོད་པ་དང་། ལྷག་པར་དུ་མི་ཞིག་གི་འཚོ་བའི་དཀྱིལ་ནས་བླང་དགོས་པའི་ལེགས་བྱང་བོར་རླགས་ཤོར་བ་རྣམས་ཁྱེད་ཚོའི་ས་ནས་ལེན་རྒྱུ་ཡོད་པ་དེ་རྩ་ཆེན་པོ་རེད།
གནའ་དུས་རྒྱ་དཀར་རྒྱ་ནག་བོད་གསུམ་ནི་རྒྱལ་ཁབ་མ་འདྲ་བ་དང་། རིག་གཞུང་མ་འདྲ་བ། དཔལ་ཡོན་མ་འདྲ་བ་གསུམ་མཉམ་གནས་ཀྱི་རྒྱལ་རབས་ལོ་རྒྱུས་གཅིག་པ་ཡོད་པ་རེད། སྟབས་ངན་པ་ཞིག་ལ་ལོ་རབས་གཉིས་ཀྱི་སྔོན་ཙམ་ན་རྒྱ་དཀར་དང་རྒྱ་ནག་གཉིས་དེང་རབས་ཅན་གྱི་ནུབ་ཕྱོགས་རིང་ལུགས་སུ་སོང་ནས་སྔར་སྲོལ་རྒྱུན་སྐྱོང་གི་ནུས་པ་ཆད་ཅིང་རླགས་སོང་བ་དང་། བོད་ནི་སྔར་སྲོལ་གང་ཡོད་པའི་རིག་གནས་སྲུང་སྐྱོབ་ཀྱི་ངོ་བོར་གནས་པ་ནི་དེང་སྐབས་བལྟ་དུས་གྲུབ་འབྲས་ཆེ་ཤོས་དེ་རེད།
མི་མང་པོ་ཞིག་གིས་བོད་འདི་རང་བཙན་ཡིན་མིན་དང་ད་ལྟའི་ཁྲིམས་མཐུན་ཇི་ལྟར་ཡིན་མིན་སྐོར་དྲིས་པ་ནི་ནོར་བ་རེད། དོན་དངོས་ཐོག་དེང་གི་འཛམ་གླིང་ནང་དངོས་པོའི་གནས་ལུགས་དང་རྒྱུ་མཚན་ལ་དཔྱད་པ་བྱེད་པའི་རིག་གཞུང་བཟང་པོ་ཉར་ཚགས་བྱས་པ་ནི་བླ་ན་མེད་པའི་རིན་ཐང་ཞིག་ཡིན། འདི་ད་ལྟའི་འཛམ་གླིང་དུ་ཤིན་ཏུ་མཁོ་དགོས་ཆེ་ཞིང་ནུབ་ཕྱོགས་པའི་རྒྱུ་མཚན་རིག་པ་གང་གིས་ཀྱང་ཁ་གཏད་མི་ཆོག་པ་ཞིག་རེད།
འཛམ་གླིང་ཇི་ཙམ་གནས་མིན་མི་ཤེས་ཀྱང་བོད་མིའི་རྒྱུ་མཚན་ལ་བརྟག་པའི་རིག་གཞུང་འདི་རྟག་ཏུ་གནས་ངེས་ཡིན།
འཛམ་གླིང་ནང་གནས་ཚུལ་སྡུག་པོ་དང་ཛ་དྲག་མང་དག་ཅིག་འགྲོ་བཞིན་ཡོད།འོན་ཀྱང་ང་རང་ལ་གལ་ཆེན་པོ་ནི་ད་ལྟ་ཁྱེད་ཚོས་རང་གི་ངོ་བོ་དམིགས་བསལ་སྲུང་སྐྱོབ་དང་གཅིག་སྒྲིལ་དུ་གནས་པ་དེ་ཡིན། དམིགས་བསལ་སློབ་གཉེར་བ་རྣམས་ཧ་ཅང་གལ་ཆེན་པོ་རེད། ཁྱེད་ཚོ་འདི་ནས་ཐོན་རྗེས་འཛམ་གླིང་ཞི་བདེེ་དང་འཚེ་བ་མེད་པའི་ཕོ་ཉ་དམིགས་བསལ་ཞིག་དགོས་པ་དེ་གལ་ཆེ་ཤོས་ཡིན།
དགེ་སློབ་རྣམས་ཀྱིས་དྲིས་ལན་དུ།
༡ ལོ་བཅུའི་རྗེས་བོད་ཀྱི་གནས་སྟངས་ལ་འགྱུར་བ་འགྲོ་དང་མ་འགྲོ་ཟེར་བ་དེ་བཤད་ཚོད་ཁག་པོ་རེད། འཛམ་གླིང་གི་གསར་འགྱུར་ལ་ལྟོས་དང་ཋོམ་སྲིད་གཞུང་ནས་ཚང་མ་འགྱུར་བའི་རང་བཞིན་རེད། རྒྱ་ནག་གི་ཆབ་སྲིད་ཀྱང་ཧ་ཅང་འགྱུར་བ་ཐེབས་ཡོད། གང་ལྟར་ཁྱེད་ཚོ་རྡོག་རྩ་ཆིག་བསྒྲིལ་གྱིས་རང་གི་ངོ་བོ་སྲུང་སྐྱོབ་བྱེད་ན་ལོ་བཅུའི་རྗེས་ཏན་ཏན་བོད་ལ་འགྱུར་བ་ཡོང་ངེས།
༢ རྒྱ་ནག་གི་རྒྱ་བསྐྱེད་བལ་པོ་དང་ཤྲི་རི་ལངྐ་སོགས་ལ་བསྐྱེད་ཡོད་ཀྱང་། ཚན་འཕྲུལ་གྱི་དུས་རབས་འདིར་རྒྱ་ནག་ཨ་རི་ལྟ་བུའི་སྟོབས་ཆེན་རང་དབང་ལྡན་པ་ཞིག་ཆགས་མི་ཐུབ། རྒྱུ་མཚན་ནི་གཡས་གཞོན་མང་པོ་ཞིག་ལ་བསྟུན་དགོས་པའི་གནས་སྟངས་རེད། གནད་དོན་འདི་འདྲའི་དཀྱིལ་ནས་ཁྱེད་རང་ཚོ་མུ་མཐུད་ནས་རང་གི་སྲིད་བྱུས་བརྟན་པོ་དགོས་པ་དེ་གལ་ཆེན་པོ་རེད།
༣ རྒྱ་གར་གྱི་མི་སེར་བཟོས་དང་མ་བཟོ་ཟེར་བ་དེ་མི་སྒེར་གྱི་འདམ་ཁ་ལས་ངས་ལབ་ཐུབ་པ་ཞིག་མ་རེད། ངོས་འཛིན་དང་ཁེ་ཕན་སྟབས་བདེ་ཡོང་སྲིད་ཀྱང་འདི་ནི་གཙོ་བོ་ཁྱེད་རང་རྒྱ་གར་དང་བོད་པ་ཡིན་བསམ་པའི་འདུ་ཤེས་དངོས་གནས་སླེབས་དང་མ་སླེབ་ཅིག་རེད། དེ་ནི་སོ་སོས་ཐག་གཅོད་དགོས་པ་རེད།
༤ དབུ་རང་གཉིས་ལས་གང་དེ་ཕར་ཕྱོགས་ཀྱི་འདོད་པ་དང་མཐུན་ཞིང་ཞི་མོལ་གྱི་ལམ་ཀ་ཡོད་པ་དེ་བདམས་དགོས་པ་རེད། ང་རང་སྒེར་གྱི་ཐོག་ནས་དབུ་མའི་ལམ་ནང་གནད་དོན་མང་པོ་ཞིག་འདུས་ཡོད་པས་དེར་འདོད་པ་ཡོད།
༥ གོང་ས་མཆོག་གི་ཡང་སྲིད་སྐོར་རྒྱ་ནག་ཁོ་རང་གི་ཁྲིམས་འོག་བཅུག་འདོད་ཡོད་པ་དེ་རེད། འདི་གནད་དོན་ཞིག་རེད། གཙོ་ཆེ་ཤོས་ནི་རྒྱ་ནག་ལ་འདི་སྐོར་གྱི་ཆ་ཤས་དང་ཁོར་ཡུག་གི་གོ་སྐབས་མ་སྤྲད་བ་དེ་རེད།རང་ཉིད་མཁྲེགས་པོར་སྲུང་ནས་འདུག་དགོས་པ་ནི་ཧ་ཅང་བརྗོད་མི་ཐུབ་པའི་མིག་དཔེ་བཟང་ཤོས་ཤིག་རེད།
༦ རྒྱ་གར་དགེ་རྒན་ཞིག་ནས་བོད་པའི་སར་ནས་ང་ཚོའི་རིག་གཞུང་རྩ་ཆེན་རྒྱུན་སྐྱོང་བྱེད་རྒྱུའི་གོ་སྐབས་ཡོད་པ་རེད། རྒྱ་གར་མི་མང་བརྒྱ་ཆ་ཉི་ཤུ་རྩ་ལྔ་ལྷག་གིས་བོད་པའི་གནས་སྟངས་སྐོར་གང་ཡང་ཤེས་ཀྱི་མེད། འདི་སྐོར་རྒྱ་གར་གཞུང་ནས་རྒྱ་གར་ཡུལ་མིར་ངོ་སྤྲོད་མི་བྱེད་པའི་རྒྱུ་མཚན་གང་ཡིན་སྐོར། གཞུང་ནས་ཁག་པོ་ཡིན་རྒྱུ་རེད། སྒེར་ངོ་ནས་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད།ཚོགས་སྐྱིད་ཁག་ནས་འདི་སྐོར་ཆ་ཤས་ལེན་དགོས་པ་ཧ་ཅང་གལ་ཆེན་པོ་རེད།
༧ མཇུག་ཏུ་གལ་སྲིད་གོང་ས་མཆོག་མེད་པའི་དབང་དུ་བཏང་ན་རྒྱ་གར་གཞུང་ནས་ད་ལྟའི་རྒྱབ་སྐྱོར་གྱི་མཐུན་རྐྱེན་སྦྱོར་སྤྲོད་དེ་བོད་པ་རྣམས་ལ་སྤྲད་སྲིད་དམ་ཞེས་པའི་ལེན་དུ། གོང་ས་མཆོག་མ་བཞུགས་ཀྱང་ད་ལྟའི་རྒྱ་གར་གཞུང་ནས་བོད་ཀྱི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་སྐོར་གྱི་མཐུན་རྐྱེན་སྐོར་དེ་བརྒྱ་ཆ་བརྒྱ་ཐམ་པ་སྤྲད་ངེས་རེད་ཅེས་གསུངས་སོང་།
སློབ་སྤྱི་སྤྱི་ཟུར་འབུམ་རམས་པ་བུ་མོ་ཚེ་རིང་ལགས་ནས་ཐུགས་རྗེ་ཆེའི་མཇལ་དར་དང་མཐོ་སློབ་ཀྱི་དཔྱད་དེབ་འབུལ་ཞིང་། སློབ་སྤྱི་གཞོན་པ་རྒན་བསྟན་འཛིན་བཟང་པོ་ལགས་ནས་ཐུགས་རྗེ་ཆེ་ཞུས་ནས་སྟབས་བདེའི་བགྲོ་གླེང་དེ་རྫོགས་སོང་། མང་ཚོགས་ནང་དྲི་བར་ཆ་ཤས་བླང་འདོད་མང་པོ་འདུག་ཀྱང་དུས་ཚོད་ཧ་ཅང་ཉུང་དྲག་སོང་གསུང་མཁན་མང་པོ་འདུག
བོད་སྐད་གསར་འགྱུར་འགན་འཛིན་ཤག་སྒང་གིས་ ༢༠༡༧ ༢ ༨ ཉིན་རྒྱབ་ཚོུད་ ༣:༣༢ ལ་སྤེལ།