༢༡/༠༢/༢༠༡༢་ རེས་གཟའ་མིག་དམར།
གནས་ཚུལ་མཁོ་གཏོང་བ། གཅན་སྣང་བ་ཚེ་རིང་བཀྲ་ཤིས།་(ལྡི་ལི་མཐོ་སློབ།)
ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སློབ་གཉེར་བྱེད་བཞིན་པའི་རྒྱ་གར་གཞོན་སྐྱེས་ཚོ་དང་བོད་པའི་སློབ་ཕྲུག་ཚོས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་དེ་རྒྱ་གར་གཙོའི་འཛམ་གླིང་གི་རྒྱལ་ཁག་ཁག་གི་ནང་གསལ་སྟོན་དང་རྒྱ་ནག་གཞུང་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་ཚུལ་མིན་གྱི་བྱེད་ལས་ཁག་གང་མགྱོགས་མཚམས་འཇོག་ཡོང་ཕྱིར་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་རྭ་བའི་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་དང་ཞི་བའི་གོམ་བགྲོད་ཅིག་བྱས་ཡོད། དེ་ཡང་མདོ་སྨད་རྔ་པ་ཁུལ་འཛམ་ཐང་བར་མ་ཡུལ་ཚོ་ཆོས་རྗེ་ཚོ་བའི་སྡེ་མི་རང་ལོ་ ༡༨ཡིན་པའི་སྣང་གྲོལ་ལགས་ཀྱིས།ཟླ་འདིའི་ཚེས་༡༩་ཉིན་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་ལ། ཕྱི་ལོ་༢༠༠༩་ལོའི་ཟླ་༢་པའི་ཚེས་༢༧་ནས་བརྩིས་ན་ད་བར་བོད་མི་༢༣་ལྷག་གིས་བོད་པའི་རྩ་དོན་གྱི་ཆེད་དུ་རང་ལུས་མཆོད་མེ་སྤར་ཡོད།
ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ཡན་ལག་མཐོ་སློབ་སན་སི་ཌད་ཧྥིན(St.Stephens) དང་། ཧིན་རྡི(Hindu), མེ་རན་ཌ།(Miranda House) ཀེ་རོ་རེ་མལ།(Kirori Mal) ཧན་སི་རཱ་ཇི།(HansRaj) ཁཱལ་ས།(Khalsa) རམ་ཇཱ་སི།(Ramjas) རྡོ་ལ་རྡི་རམ(Dhauladram)་སོགས་ནས་ཡིན་པའི་སློབ་ཕྲུག་བརྒྱ་ཕྲག་ལྷག་གིས་རྒྱ་ནག་གཞུང་གིས་བོད་ནང་གི་མི་སྤྱོད་ལས་འདས་པའི་དྲག་གནོན་ལ་ངོ་རྒོལ་མཚོན་ཆེད་ཞི་བའི་གོམ་བགྲོད་ཀྱི་ཁྲོད་དུ་འཛུལ་ཞུགས་གནང་ཡོད། ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་མཐུན་ཚོགས་ཀྱི་ཟུང་དྲུང་བདེ་པག་བྷན་སིལ(Deepak Bansal)་ལགས་ཀྱིས་བརྗོད་དོན་“བོད་དང་རྒྱ་གར་གཉིས་ལ་རིག་གཞུང་དང་ལོ་རྒྱུས་རང་བཞིན་གྱི་འབྲེལ་བ་ཟབ་མོ་ཡོད་པའི་རྒྱུ་མཚན་གྱིས་ང་ཚོས་བོད་མི་ཚོའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ངཚོའི་ཀུན་སྤྱོད་ངོས་ཀྱི་འགན་འཁྲི་ཞིག་རེད་”ཅེས་བརྗོད་སོང་།ཁོས་མུ་མཐུད་ནས་“ཉེ་ལམ་བོད་ནང་གི་བོད་མི་ཚོའི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དང་རྒྱ་ནག་གཞུང་གི་དྲག་པོའི་དམག་དཔུང་གིས་བོད་མི་གང་མང་རྐྱེན་ལམ་དུ་བཏང་བའི་གནས་ཚུལ་ཁག་གིས་ང་ཚོ་ཚང་མ་ཧ་ལས་སུ་བཅུག་སོང་། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་རྒྱ་ནག་གཞུང་གིས་བོད་ནང་གི་འཚེ་མེད་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཁྲོད་དུ་ཞུགས་མཁན་གྱི་བོད་མི་ཚོའི་ཐོག་མཚོན་ཆ་བཀོལ་ནས་དྲག་གནོན་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་བཞིན་ཡོད་”ཅེས་བརྗོད་སོང་།
དེ་རིང་གི་ངོ་རྒོལ་སྐད་འབོད་ཀྱི་ཁྲོད་དུ་ལ་དྭགས་དང་། ཨ་རོ་ན་ཅལ་ལ་སོགས་ཧི་མ་ལ་ཡའི་རི་བརྒྱུད་ནས་ཡིན་པའི་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་མི་མི་ཉུང་བ་ཞིག་ཀྱང་མཉམ་ཞུགས་གནང་ཡོད་པ་རེད། “ལ་དྭགས་དང་། ཨ་རོ་ན་ཅལ་གཉིས་ཀ་གནའ་སྔ་མོའི་ལོ་རྒྱུས་ཀྱི་ཐོག་ནས་བོད་དང་མཛའ་གྲོགས་ཀྱི་འབྲེལ་བ་དམིགས་བསལ་ཡོད་པ་རེད་ལ།ང་ཚོའི་དབར་ལ་གཞན་དང་མ་འདྲ་བའི་ཆོས་ལུགས་དང་།་རིག་གཞུང་། སྐད་ཡིག་སོགས་གང་གི་ཐད་ནས་འདྲ་ས་མང་པོ་ཞིག་ཡོད་པ་རེད། ད་ཆ་རྒྱ་ནག་གཞུང་གིས་བོད་ས་བརྒྱུད་ནས་ཧི་མ་ལ་ཡ་རི་རྒྱུད་ཀྱི་ས་ཁུལ་གཞན་ཁག་ལ་ཡང་འདྲེ་ལག་རྐྱོང་བཞིན་པའི་གནས་ཚུལ་ཉིན་རེ་ལས་ཉིན་རེར་མངོན་གསལ་དོད་དུ་དང་ཤུགས་ཆེ་རུ་འགྲོ་བཞིན་ཡོད། བོད་དོན་འཐབ་རྩོད་ཀྱི་བདེན་མཐའ་གང་མགྱོགས་སེལ་ཐུབ་པ་ཡིན་ན་ད་ལྟའི་དཀའ་རྙོག་ཡོད་ཚད་ཀྱང་རང་བཞིན་གྱིས་གཙང་སེལ་བྱེད་ཐུབ་”་ཅེས་ལ་དྭགས་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་མཁས་སྐྱབས་ལགས་ཀྱིས་བརྗོད་སོང་།
ད་ལོར་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་དྲག་པོའི་སྲིད་ཇུས་ལ་གདོང་ལེན་དང་འགོག་རྒོལ་གྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་བརྩམས་ཡོད་ལ། རྒྱ་ནག་གཞུང་གི་དྲག་དམག་གིས་བོད་ལ་རང་དབང་དགོས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ལ་སོགས་པའི་འབོད་ཚིག་སྒྲོག་མཁན་གྱི་བོད་མི་ཞི་རྒོལ་བ་ཚོའི་ཁྲོད་དུ་མེ་མདའ་བརྒྱབ་ནས་བོད་མི་གང་མང་ཤི་རྨས་བཏང་བའི་གནས་ཚུལ་ཕྱི་ཕྱོགས་ཀྱི་དྲ་ལམ་ཁག་ཏུ་མ་ཁྱབ་པའི་ཕྱིར་་བོད་ས་གནས་ཡོངས་རྗོགས་ལ་སྔར་ལས་ལྷག་པའི་དམ་དྲག་ཤུགས་ཆེར་བྱས་ཤིང་། ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་དང་གསར་འགོད་པ་ཚོ་བོད་ནང་དུ་འགྲོ་བསྐྱོད་བྱེད་པར་བཀག་སྡོམ་བྱས་ཡོད། “ད་ལྟའི་བོད་ནང་དུ་འཕྱུར་བཞིན་པའི་ཟུངས་ཁྲག་གི་མེ་ལྕེ་རེ་རེས་རྒྱ་ནག་གཞུང་གིས་བོད་ནང་དུ་བསྟར་བཞིན་པའི་གདུག་རྩུབ་ཀྱི་སྲིད་བྱུས་ཕྱིར་མངོན་དུ་བཅུག་ཡོད་པས། ད་ནི་འཛམ་གླིང་གི་རྒྱལ་ཁབ་ཁག་གི་ཆབ་སྲིད་ཀྱི་དབུ་ཁྲིད་ཚོས་མཉམ་རུབ་ཀྱི་ཐོག་ནས་ངེས་པར་དུ་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་རང་བཞིན་ཅན་གྱི་གནོན་ཤུགས་ཆེན་པོ་སྤྲོད་པའི་དུས་ལ་བབ་འདུག་”ཅེས་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བརྗོད་སོང་།
“བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་ཕུལ་པའི་དཔའ་བོ་དཔའ་མོ་ཚོར་མྱ་ངན་གུས་འདུད་མཚོན་ཆེད་ད་ལོར་བོད་ཕྱི་ནང་གཉིས་ཀའི་བོད་མི་ཚོས་ལོ་གསར་བ་སྲུང་བརྩི་ཞུ་གི་མེད་ལ། དེའི་ཚབ་ཏུ་འཛམ་གླིང་གི་ས་ཕྱོགས་གང་སར་བོད་མི་ཚོས་ཟས་བཅད་ངོ་རྒོལ་དང་། ཞི་བའི་གོམ་བགྲོད་ལ་སོགས་པའི་ལས་འགུལ་གང་མང་སྤེལ་བཞིན་ཡོད།”ཅེས་ཀྱང་བརྗོད་སོང་། དེ་རིང་གི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དེ་རྒྱ་གར་གི་རྒྱལ་ས་ནང་ལྡི་ལི་རྟེན་གཞི་བྱས་པའི་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་མཐུན་ཚོགས་དང་བོད་རང་བཙན་སློབ་ཕྲུག་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གཉིས་ཀྱིས་མཉམ་རུབ་ཐོག་བཀོད་སྒྲིག་གནང་ཡོད་པ་རེད།
ངོ་མ་འགྲིག་གི་ ད་ལྟའི་སྐབས་འདིར་མཐོ་སློབ་འགྲིམ་བཞིན་པའི་སློབ་ཕྲུག་དག་གིས་དབུ་ཁྲིད་གནང་རྒྱུ་ལས་གཞན་རེ་བ་མེད།
ཧི་མ་ལའི་མཐོ་སློབ་སློབ་མ་ཚོས་མགོ་ཚོས་འདུག །བོད་དང་རྒྱ་གར་གཉིས་ཆོས་དང་རིག་གཞུང་གི་འབྲེལ་བ་ཙམ་དུ་མ་ཟད། ད་ལྟའི་ཆར་བོད་ནང་གི་གནས་སྟངས་རྒྱ་གར་མི་དམངས་ཀྱིས་ཤེས་ཐུབ་ན་ཡག་པོ་ཡོད་པ་རེད།
http://youtu.be/4YNFyNvhyR8
སྔོན་རྒྱ་ནག་ལ་མཚོན་ན་ཡང་སློབ་མ་ཚོས་གསར་བརྗེའི་ལས་འགུལ་དང་འཇར་རྒོལ་ལས་འགུལ་སྤེལ་ནས་རྒྱ་ནག་གི་ལོ་རྒྱུས་ནང་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད། དེར་བརྟེན་ང་ཚོ་བོད་ཀྱི་སློབ་མ་ཚོས་ཀྱང་རྒྱ་རྒོལ་གྱི་ལས་འགུལ་ལ་བྱས་རྗེས་ཆེ་ཤོས་འཇོག་དགོས་པ་རེད། ད་རེས་ལ་བསམ་ན་ཡང་ས་མཚམས་དང་བཙན་བྱོལ་གྱི་གནས་སྟངས་གང་ལ་བསམ་ན་ཡང་རྒྱ་གར་གྱི་རྒྱབ་སྐྱོར་ང་ཚོ་ལ་དགོས་མཁོ་ཧ་ཅང་གི་ཆེན་པོ་རེད།