རྩོམ་ཁུངས། ཝཱི་ཀི་པེ་ཌི་ཡ། དགའ་བ་མཇེ་ཕྲུག་གིས་བསྒྱུར།
རྒྱ་གར་གྱིས་འཁྲིག་སྤྱོད་རིག་པའི་ལོ་རྒྱུས་ཐོག་ནུས་པ་གལ་ཆེན་བཏོན་ཡོད། རྒྱ་གར་ལ་རྩོམ་རིག་ཐོག་མ་དར་མགོ་བརྩམས་པ་ནས་ཕོ་མོའི་ལུས་འབྲེལ་ནི་རིག་པའི་གནས་ཤིག་ལ་འདོད་པ་ཉེ་རབས་མཚན་ཉིད་རིག་པ་བ་དག་གིས་འཁྲིག་སྤྱོད་ལ་བཟུང་བའི་ལྟ་བ་དང་གཅིག་མཐུན་ཆགས་ཡོད། རྒྱ་གར་གྱི་སྒྱུ་རྩལ་དང་རྩོམ་རིག་ལ་བརྟེན་ནས་འཁྲིག་སྤྱོད་རིག་གནས་གསར་གཏོད་བྱས་ཡོད་ཅེས་བརྗོད་ཆོག རྒྱ་གར་སྤྱི་ཚོགས་ཁྲོད་མིའི་གནས་རིམ་མཐོ་དམན་ལ་དཔག་པའི་འཁྲིག་སྤྱོད་ཀྱི་གནས་བབ་སྣ་ཚོགས་ཡོད་ཅིང་། དབང་ཐང་ལྡན་པའི་མི་དག་གིས་སྐབས་ཕྲལ་ཆགས་སྲེད་ཞི་ཆེད་འཁྲིག་སྤྱོད་རང་ཡན་དུ་བསྟེན་པའི་སྲོལ་ཡན་གར་རེ་ཡིས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་འཁྲིག་སྤྱོད་སློབ་གསོ་མཚོན་ཐུབ་པ་མིན། དེང་སང་འཛམ་གླིང་ནང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་འཁྲིག་སྤྱོད་བསྟེན་ཚུལ་ཁྲོད། འོ་སྐྱེལ་བའི་སྒྱུ་རྩལ་དང་གོམས་གཤིས་དག་རྒྱ་གར་ནས་དར་ཁྱབ་བྱུང་སྟེ། གོ་ལ་སྤྱིར་དར་འཕེལ་སྔ་ཤོས་ཀྱི་གྲས་སུ་ཡོད།
འཁྲིག་སྤྱོད་སྐོར་ལ་ཆེས་ཐོག་མའི་བསམ་གཞིག་བྱུང་བ་ཧིན་དུ་དང་ནང་པ། ཇེན་གྱི་གནའ་བོའི་གསུང་རབ་དག་གིས་ར་སྤྲོད་བྱས་ཡོད་ལ། གཞུང་ལུགས་དེ་དག་འཛམ་གླིང་གི་བརྩམས་ཆོས་རྙིང་ཤོས་སུ་རྩིས་ཆོག་མོད། གནའ་བོའི་ཧིན་དུའི་གསུང་རབ་ནང་འཁྲིག་སྤྱོད་དང་གཉེན་སྒྲིག གཤིན་པོར་གསོལ་འདེབས་ཀྱི་ཐོག་ལ་བཟང་ངན་རྣམ་འབྱེད་ཀྱི་ལྟ་ཚུལ་བྱུང་། འཁྲིག་སྤྱོད་ཀྱི་རྫུ་འཕྲུལ་ནི་རིག་བྱེད་མང་པོའི་ཁྲོད་དུ་བྱུང་བ་ཡིན་ལ། ཆེས་མངོན་གསལ་ཆེ་བ་ནི་ཨཱ་སི་ཝ་མེ་ཌ། ཡ་ཇི་ན། (Asvamedha yajna) མཛད་སྒོའི་སྐབས་སུ་ཡིན། མཛད་སྒོ་དེའི་དབུ་བཞུགས་རྒྱལ་མོ་དང་ཤི་རྟ་གཉིས་མཉམ་དུ་ལད་ཟློས་རང་བཞིན་གྱི་འཁྲིག་སྤྱོད་ཀྱི་ཚུགས་ཀར་ཡོད་པས། དེ་ནི་རྒྱལ་སྲིད་ཀྱི་ཐོན་སྐྱེད་ནུས་ཤུགས་དང་དམག་དོན་སྟོབས་ཤུགས་སྲུང་སྐྱོབ་དང་། མཐར་འདེགས་གཏོང་རྒྱུ་དམིགས་ཡུལ་དུ་འཛིན་པའི་བུ་བཙའི་མཛད་སྒོ་ཞིག་ཡིན་པ་ཧ་ཅང་གསལ་པོ་མཚོན་ཡོད། ཕྱི་ལོ་སྔོན་གྱི་ལོ་༡༤༠༠ཡས་མས་ལ་བརྩམས་པའི་རྒྱ་གར་གྱི་གནའ་བོའི་དཔའ་བོའི་རྟོགས་བརྗོད་ནང་གི་རཱ་མ་ཡཱ་ཎ་དང་མཧཱབྷཱརཏ་གཉིས་ནི་ཤར་གླིང་ཨེ་ཤི་ཡའི་རྒྱལ་ཁབ་རྒྱ་ནག་དང་ཉི་ཧུང་། བོད་རིགས།ལྷོ་ཤར་ཁུལ་སོགས་ཀྱི་རིག་གཞུང་ལ་ཤུགས་རྐྱེན་རིམ་པས་ཐེབས་ཡོད། གསུང་རབ་འདི་ཚོས་གནའ་བོའི་རྒྱ་གར་གྱི་འཁྲིག་སྤྱོད་ཅེས་པ་ནི་གཉེན་སྒྲིག་བྱས་ཟིན་པའི་བཟའ་ཟླ་གཉིས་པོས་ཕན་ཚུན་རམ་འདེགས་དང་གཅིག་མཚུངས་རང་བཞིན་གྱི་སྒོ་ནས་བདེ་ཚོར་སྟེར་བའི་ལྟ་ཚུལ་ལ་མོས་མཐུན་བྱས། འོན་ཀྱང་། འཁྲིག་སྤྱོད་ནི་སྒེར་གྱི་བྱེད་སྒོ་ཁོ་ནར་འཛིན་མཁན་ནི་རྒྱ་གར་གྱི་ཆོས་ལུགས་དང་བསྟུན་མཁས་བྱེད་མཁན་དག་རེད། ཆུང་མ་མང་བསྟེན་གྱི་ལམ་སྲོལ་དེ་གནའ་བོའི་དུས་ནས་ཡོད་སྣང་སྐྱེ་སྲིད་ཀྱང་། ལམ་སྲོལ་དེ་ནི་དབང་སྒྱུར་མཁན་ཁོ་ནའི་ཁྲོད་ལས། མི་མང་དཀྱུས་མ་ཚོས་བཟའ་གཉིས་ལམ་སྲོལ་རྒྱུན་སྲིང་བྱེད་ཀྱི་ཡོད། དབང་སྒྱུར་བ་ཚོས་ཆུང་མ་མང་དུ་བསྟེན་པ་ནི་རིག་གཞུང་མང་པོའི་ནང་ལ་ཡོངས་གྲགས་སུ་སྣང་ཞིང་། དེ་ཡང་རྒྱལ་རྒྱུད་མངའ་ཐང་གཅེས་སྲུང་བྱེད་པའི་ཐབས་ལམ་ཞིག་ཀྱང་ཡིན་པར་འདོད།
རྒྱ་གར་སྤྱི་ཡོངས་ལ་དར་ཁྱབ་ཆེ་བའི་འཁྲིག་སྤྱོད་ཀྱི་སྐོར་ལ་བརྩམས་ཆོས་ <<འདོད་པའི་བསྟན་བཅོས་>> (Kama Sutra) ཞེས་པ་དེ་ཡིན། བརྩམས་ཆོས་འདིའི་རིགས་ནི་རིག་པ་སྨྲ་བ་དང་དམག་མའི་སྡེ། མཐོ་རིམ་མི་སྣ་དང་ཁོ་ཚོའི་ཁོར་གཡོག དེ་བཞིན་ཟུར་བསྟེན་ཆུང་མ་སོགས་ཆོས་ཕྱོགས་ཀྱི་གོ་གནས་དམིགས་བསལ་ཡོད་མཁན་དག་གི་ཆེད་དུ་བྲིས་ཤིང་ཁོང་ཚོས་རྒྱུན་སྐྱོང་བྱས་པ་ཞིག་རེད། ཁོར་ཡུག་འདིའི་ནང་ཡོད་པའི་མི་རྣམས་ནི་ཡིག་རྨོངས་སེལ་ཞིང་ཤེས་ཡོན་སློབ་ཁྲིད་ཀྱི་གོ་སྐབས་ལྡན་པ་ཤ་སྟག་ཡིན། འདོད་པའི་སྒྱུ་རྩལ་དྲུག་བཅུ་རེ་བཞི་ནི་རྒྱ་གར་ནས་འགོ་བརྩམས་པ་ཡིན། ལེགས་སྦྱར་ཡི་གེར་བརྩམས་པའི་སྒྱུ་རྩལ་གྱི་ལྟ་ཚུལ་མང་པོ་ཡོད་པ་དག་པེར་ཤཱིན་(Persian)དང་བོད་ཡིག་(Tibetan)སོགས་རྒྱལ་ཁབ་གཞན་གྱི་སྐད་རིགས་ལ་བསྒྱུར་ཡོད། མ་གཞི་ལེགས་སྦྱར་དུ་ཡོད་པའི་བརྩམས་ཆོས་མང་པོ་ཞིག་བོར་བརླག་སོང་བས། དེ་དག་བསྐྱར་འཚོལ་དགོས་ཚེ། སྐད་རིགས་གཞན་གྱི་ཐོག་ལ་མ་གཏོགས་རག་ཐབས་མེད་མོད། ཝཱཏྶཡཡན་ (Vatsyayana) གྱིས་བརྩམས་པའི་འདོད་པའི་བསྟན་བཅོས་(Kama Sutra)ནི་ད་ལྟའང་འཚོ་གནས་ཐུབ་པའི་བརྩམས་ཆོས་ཤིག་དང་སྐུ་ཞབས་རཱི་ཅར་ཁྲི། བྷིར་ཏྲོན་(Richard Burton) དང་ཨེ་ཧྥེ་ཨེ་ཧྥེ། ཨར་བྷུཐི་ནོ་ཁྲི།(F.F. Arbuthnot) གཉིས་ཀྱིས་ཆེས་ཐོག་མར་དབྱིན་ཡིག་ལ་བསྒྱུར། འདོད་པའི་བསྟན་བཅོས་འདི་ཉིད་འཛམ་གླིང་ནང་གློག་གྲངས་ཆེས་མང་ཆོས་སུ་གྱུར་པའི་འཇིག་རྟེན་མིའི་བརྩམས་ཆོས་ཤིག་ལ་ངོས་འཛིན་བྱེད་ཆོག བརྩམས་ཆོས་འདིར་བཟའ་ཟླ་ཕན་ཚུན་འདོད་བདེ་སྟེར་ཚུལ་ཐབས་སྣ་ཚོགས་ལ་བསྟེན་པའི་མན་ངག་རྒྱས་པར་བཤད་ཡོད།
ཁ་ཆེའི་ཆོས་ལུགས་(Islamic)དང་དབྱིན་ཇིའི་ཝིག་ཊོ་རི་ཡའི་(Vitorian English)རིག་གཞུང་རྒྱ་གར་ལ་འབྱོར་བ་ནས་བཟུང་རྒྱ་གར་གྱི་འཁྲིག་སྤྱོད་རང་དབང་ལ་སྔར་མེད་པའི་ཤུགས་རྐྱེན་ཐེབས་ཡོད། རྒྱ་གར་རང་ཉིད་ཀྱི་ཆོས་ལུགས་ཧིན་དུ་དང་གཞན་ནང་པ། ཇེན། སཱིག་དག་ཏུ་འཁྲིག་སྤྱོད་ཅེས་པ་ནི་སྤྱིར་བཏང་བཟའ་ཟླའི་བར་གྱི་རང་འཁྲིའི་ཚུལ་མཐུན་གྱིས་སྒོ་ནས་འབྲེལ་ལམ་རྒྱུན་ཁྱོངས་བྱེད་ཆེད་ཅིག་དང་། ཡང་ན། ཆོས་ཕྱོགས་ཀྱི་ཆགས་སྲེད་སྤང་བར་གེགས་སུ་གྱུར་པས། སྐྱུར་དགོས་པའི་རིགས་སུ་གཏོགས་པར་བཤད།དེང་དུས་རྒྱ་གར་སྤྱི་ཚོགས་སུ་འཁྲིག་སྤྱོད་ཀྱི་རང་དབང་དེ་ཉིད་ཤེས་བྱ་ཡོན་ཏན་ཡོད་མཁན་གྱི་ཁྲོད་དུ་བསྐྱར་དར་བྱུང་རུང་། དབྱེ་འབྱེད་དང་བཙན་པོའི་གཉེན་སྒྲིག་གྱི་ལམ་སྲོལ་དེ་ད་རུང་ཡང་མི་དཀྱུས་མའི་ཁྲོད་ལ་གནས་ཡོད།
འདོད་པའི་མི་ལ་འདོད་པ་སྦྱིན་པ་དེ་།
དགེ་བ་མེད་ན་སྡིག་པ་ག་ནས་ཡོད་།