ཐེ་བོ་སངས་རྒྱས།
ལོ་རྒྱུས་རང་བཞིན་ཅན་གྱི་ཨ་ཤོ་ཀའི་སེངྒེའི་ཀ་མགོ་དེ་ཡུལ་དུས་དང་བསྟུན་ནས་རྒྱ་གར་བའི་རྒྱལ་རྟགས་སུ་བདམས་པ་རེད། འདི་ནང་བ་སངས་རྒྱས་པའི་ངོས་ནས་གཟི་བརྗིད་དུ་བརྩིས་ན་ཆོག་ཀྱང་འདི་རིགས་ལ་སྣང་འཇོག་བྱེད་མཁན་དཀོན་པར་གདའ།
དེ་ཡང་ཨེ་ཤ་ཡའི་སེངྒེ་བཞིས་གཅིག་གིས་གཅིག་ལ་རྒྱབ་བརྟེན་ཅིང་ཡར་ལངས་པ་དེས་སྙིང་སྟོབས་དང་། སྤོབས་པ། གདེང་ཚོད། སྟོབས་ཤུགས་བཅས་མཚོན་ཅིང་། སེངྒེའི་རྟེན་གཞི་རྡོ་ཡི་མཇའ་རིས་མཐའ་རྒྱན་གོར་མོ་ཅན་ཞིག་བརྐོས་པར་མ་ཚད། དེའི་རིམ་པ་འོག་མའི་འཕྲེད་སྟེགས་ཀྱི་མཐའ་སྐོར་ལ་རྡོ་བརྐོས་འབུར་གཟུགས་ཀྱིས་ཤར་དུ་གླང་པོ་ཆེ་དང་། ལྷོར་བ་ལང་། ནུབ་ཏུ་རྟ་མཆོག བྱང་དུ་སེངྒེ་རྣམས་ཀྱི་བར་མཚམས་འཁོར་ལོ་བཞིས་བཅད་པར་སྣང་། དེ་དག་ཀྱང་མེ་ཏོག་པདྨ་མངོན་པར་བཞད་པའི་འཕྲེད་གདན་དུ་བཀོད་འདུག
དེའི་མཚན་གཞི་ནི་ཚེ་སྲོག་གི་རྩ་བའི་འབྱུང་ཁུངས་ལས་ཀྱིས་སྐྱེད་པའི་ཆོས་ཉིད་དྲན་སྐུལ་བཏང་ཞེས་བཀྲལ། ཆོས་འཁོར་འབུར་མ་གཅིག་ཀ་མགོའི་མདུན་ངོས་ཀྱི་དབུས་སུ་གསལ་བར་ཁོད་པ་དང་། བ་ལང་དེ་གཡས་ཕྱོགས་དང་རྟ་མཆོག་གཡོན་ཕྱོགས་ཐོག་གཡས་གཡོན་གྱི་སྣེ་གཉིས་སུ་ཆོས་འཁོར་གྱི་ཟུར་རེ་ཏག་ཏག་ཁེལ། གསོན་ཉམས་དོད་པའི་བརྐོས་རིས་དག་འཕྱིད་བརྡར་ལེགས་པར་བྱས་པའི་བྱེ་རྡོ་དུམ་བུ་ཉིས་བརྩེགས་ཅན་ཞིག་ཡིན། དོན་དངོས་ཐོག་འདི་ཆོས་རྒྱལ་མྱ་ངན་མེད་ལ་ཁོང་གི་བཙུན་མོ་དང་པོ་སམ་རཱ་ཇི་ཝི་ངྷི་ཤཱ་ངྷེ་ཝིའི་མཛུབ་སྟོན་ལྟར་བསྐྲུན་པར་བཤད། ཁོ་མོ་ཡང་ནང་བ་སངས་རྒྱས་པའི་རྗེས་འཇུག་ཅིག་ཡིན་ཚོད་རེད། བདག་ཅག་གི་སྟོན་པ་ཤཱཀྱ་མུ་ནེས་ཝ་ར་ན་སིར་ཆོས་འཁོར་དང་པོ་བསྐོར་ཅིང་ནང་བའི་དགེ་འདུན་གྱི་གཞི་བཙུགས་པའི་སར་ཀ་གཞུ་དེ་དྲན་རྟེན་དུ་བསླངས།
དེའི་ངོ་བོའམ་མཚོན་རྟགས་ཀ་མགོའི་གཤམ་ན་ཌེ་ཝ་ན་ག་རའི་ཡི་གེར་ satyam-eva jayate सत्यमेव जयते; སཱ་ཏི་ཡམ་ཨི་ཝཱ་ཛ་ཡནྟུ་(བདེན་པ་ཉིད་རྒྱལ་གྱུར་ཅིག) ཞེས་རྩ་ཚིག་ཏུ་བྲིས་ཡོད། ཕྱི་ལོ་ ༡༩༥༠ ལོར་སྐུ་ཞབས་མཱ་རྡ་ཝུ་སའ་ཝ་ནེས་ Madhav Sawhney,སེངྒེ་གསུམ་མངོན་ཞིང་གཅིག་རྒྱབ་ཏུ་གབ་པ་རྒྱ་གར་གྱི་རྒྱལ་རྟགས་སུ་བདམ་གསེས་བྱས་ཤིང་། ལོ་དེའི་ཕྱི་ཟླ་དང་པོའི་ཚེས་ཉེར་དྲུག་སྟེ་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་ཨ་ཤོ་ཀའི་སེངྒེའི་ཀ་མགོ་དེ་རྒྱལ་རྟགས་སུ་གཏན་འབེབས་བྱས། སེངྒེའི་ཀ་མགོ་ངོ་མ་དེ་དེང་སང་ཝ་ར་ན་སིའི་ཉེ་འཁོར་ས་ར་ན་ཐཱའི་འགྲེམ་སྟོན་ཁང་ཞིག་ཏུ་ཉར་ཚགས་བྱས་ཡོད་པ་ངས་ཀྱང་མཐོང་མྱོང་། རྒྱལ་རྟགས་དེ་སྤྱི་འགྲོས་ལྟར་རྒྱ་གར་གཞུང་གི་ལས་ཁུངས་ཁག་གི་ལས་ཤོག་དང་དངུལ་ལོ་སོགས་སུ་དཔར་ཡོད། གཞན་ཡང་ཨ་ཤོ་ཀའི་ཆོས་འཁོར་ངྷརྨ་ཙཀྲ་དེ་རྒྱ་གར་གྱི་རྒྱལ་དར་དུའང་བཞག་ཡོད་དོ། །
སཱ་ཏི་ཡམ་ཨི་ཝཱ་ཛ་ཡནྟུ་
satyam-eva jayate
सत्यमेव जयते
བདེན་པ་ཉིད་རྒྱལ་གྱུར་ཅིག
བདེན་པ་ཉིད་རྒྱལ་འགྱུར་ཅིག། ཞེས་པའི་ཚིག་འདི་ལ་ནུས་པ་ཚད་ལས་འདས་པ་རེད་བཞག། བདེན་པ་ཉིད་རྒྱལ་འགྱུར་ཅིག།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱལ་རྟགས་ལབ་དགོས་རེད་ལས་རྟགས་ལབ་དགོས་མགོ་ཚོད་མ་སོང་སྟེ། ཉེ་དུས་གསར་དུ་གཏན་འབེབས་བྱས་པའི་རྩ་ཚིག་ཏུའང་བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་པ་འདི་བྲིས་ཡོད། དེ་དབྱིན་ཡིག་ནང་Truth alone Triumphs,ཟེར།
རྒྱལ་པོ་མྱ་ངན་མེད་ཀྱིས་རྒྱ་གར་གྱི་ཡུལ་གྲུ་མང་པོར་རྡོ་རིང་འཛུགས་སུ་བཅུག དེ་དག་གི་སྟེང་དུ་རང་གི་བཤད་པ་བྲིས་པ་བཀོད། ཆོས་འཁོར་གནས་སུ་ཡང་རྡོ་རིང་བསླངས་ཡོད་པ་དེའི་ཏོག་ལྟ་བུར་སེང་གེ་ཕྱོགས་བཞིར་བལྟས་པ་ཡོད་ངེས། “རྩོམ་ཡིག་པས། སྙིང་སྟོབས་དང་། སྤོབས་པ། གདེང་ཚོད། སྟོབས་ཤུགས་བཅས་མཚོན།” ཤིན་ཏུ་ལེགས་པས་ཁུངས་གཏུགས་པ་ཞིག་ཡིན་ངེས། སཱ་ར་ནཱ་ཐའི་འགྲེམ་སྟོན་ཁང་གི་ཚོམས་ཀྱི་རྒྱ་སྒོ་ཞུགས་མ་ཐག་ཏུ་སེང་གེ་སོགས་ཐེ་བོ་སངས་རྒྱས་མཆོག་གིས་བྲིས་པ་ལྟར་མཇལ་ཐུབ། སེང་གེ་དེ་དག་དང་། ཕྱི་ལོགས་ན་ཡོད་པའི་རྡོ་རིང་གི་མདངས་འོད་འཚེར་བ་དེ་ཇི་ལྟར་བྱས་ནས། དེ་འདྲ་བཟོ་ཐུབ་པ་ཡིན། ད་ལྟ་ཞིབ་དཔྱོད་པ་དག་གིས་ཀྱང་རྩད་གཅོད་ཐུབ་མེད་པ་ཐོས།
སཱ་ཏི་ཡམ་ཨི་ཝཱ་ཛ་ཡནྟུ་(བདེན་པ་ཉིད་རྒྱལ་གྱུར་ཅིག) ཡི་གེ་ཕབ་སྒྱུར་གཉིས་ཀ་ནོར། ཨིན་ཡིག་ཇི་ལྟ་བ་བཞིན་བྲིས། satyam-eva jayate सत्यमेव जयते;
ཀ་ཁའི་རྫི་བོ་མཆོག་གིས། Truth alone Triumphs, ཞེས་པ་སྒྱུར་ལེགས་པར་མངོན།
དེས་ན། རྒྱ་གར་ཡི་གེ་དེ་དག་བོད་ཡིག་ཏུ་འབྲི་ན། འདི་ལྟར་དགོས་ཏེ། སཏྱམེབ ཛཡཏེ། བདེན་པ་ཉིད་རྒྱལ། འདི་ལ་རྫོགས་ཚིག་སྦྱར་ན། བདེན་ཉིད་རྒྱལ་ལོ། ཞེས་སོ།
བདེན་ཉིད་རྒྱལ་ལོ། ཞེས་པ། བདེན་པ་ཉིད་རྒྱལ་ལོ། ཞེས་བཅོས་སོ།
satyam-eva jayate
Truth alone Triumphs
सत्यमेव जयते
སཏྱམེབ ཛཡཏེ།
བདེན་པ་ཉིད་རྒྱལ་གྱུར་ཅིག
सत्यमेव जयते སཏྱམེབ ཛཡཏེ། འདི། སཏྱམེབ ཇཡཏེ། མིན་པར། སཏྱམེབ ཛཡཏེ། ཞེས་འབྲི་དགོས་དོན་ཅི་ཡིན་ནམ། རྒན་འཇམ་དཔལ་ལགས།
འདི་རྒྱལ་རྟགས་སུ་གཏན་འཁེལ་བྱེད་སྐབས་སེང་གེའི་མགོར་འཁུར་བའི་འཁོར་ལོ་དེ་འདམས་མི་འདུག ག་རེ་ཡིན་ན་ཇུས་མེད་ཇུས་ཏོག་རང་རེད།
རྒན་ལ་དྭགས་པ་མཆོག་ལ་བཀའ་འདྲི་ཞུ་རྒྱུར། རྒྱ་གར་གཞུང་གིས་ངོས་ལེན་ཐོབ་པའི་སྐད་ཡིག་མང་པོའི་ཁྲོད་བོད་ཡིག་ཚུད་ཡོད་ས་མ་རེད། དཔེར་ན་ངོས་ལེན་ཐོབ་པའི་སྐད་ཡིག་དག་ཤོོག་དངུལ་ཐོག་བཀོད་པ་རྣམས་ཡིན་ཚོད་རེད། ལ་དྭགས་དང་སྤི་ཏི། གར་ཤ ཁུ་ནུ། འབྲས་ལྗོངས། སོགས་སུ་ཕ་མེས་ནས་ཡོད་པའི་སོ་སོའི་སྐད་ཡིག་དེ་གཞུང་འབྲེལ་ཡི་གེར་ཚུད་པའི་ཐོབ་ཐང་ཡོད་དམ། གལ་སྲིད་ཡོད་ན་ཐོབ་ཐང་དེ་རྩོད་ལེན་གནང་གི་ཡོད་དམ།
ཐུགས་རྗེ་ཆེ།
ཀརྡོ་གཉེར་ཕྱག་པ་མཆོག་
“सत्यमेव जयते སཏྱམེབ ཛཡཏེ། འདི། སཏྱམེབ ཇཡཏེ། མིན་པར། སཏྱམེབ ཛཡཏེ། ཞེས་འབྲི་དགོས་དོན་ཅི་ཡིན་ནམ།” དྲི་བ་འདི་དོན་གནད་ཆེ། ལེགས་སྦྱར་གྱི་འཁོར་ལོ་དང་། གྲིབ་མ་དང་། རྒྱལ་པོ་ལ། བོད་ཡིག་ཏུ། ཙ་ཀྲ ཚཱ་ཡཱ རཱ་ཛཱ། ཞེས་པ་བྲིས་པ་མ་གཏོགས་མེད། སྔོན་རྒྱ་གར་པཎྜིཏ་རྣམས་ཀྱིས་རྒྱ་གར་ཡུལ་དབུས་ན་འདོན་པ་བཞིན་དུ། ཅ་ཆ་ཇ་ཞེས་འདོན་པ་ཡོད་ངེས་ཀྱང་། ཙ་ཚ་ཛ་ཞེས་འདོན་པ་སྔར་གཏན་ཕབ་བཙན་པར་མཛད་པ་ལྟར། བོད་ཡིག་ཏུ་ལེགས་སྦྱར་མིང་སྒྲ་དག་འབྲི་བ་ན། སྔར་ཡོངས་དྲག་ཡིན་པ་དེ་བཀའ་བསྟན་ཡོད་པ་ལྟར་དགོས་པའི་རྒྱུ་མཚན་ནོ།
་
སཏྱམེབ ཛཡཏེ། ད་ལྟ་བའི་དུས་སྟོན་པ་མ་གཏོགས། བདེན་པ་ཉིད་རྒྱལ་གྱུར་ཅིག ཅེས་བསྐུལ་ཚིག་གམ་སྨོན་ཚིག་འབྲི་བ་ནི། བྱ་ཚིག་ད་ལྟ་བ་དང་བསྐུལ་ཚིག་དང་། སྨོན་ཚིག་རྣམས་ལ་ཁྱད་པར་ལ་གང་ཡོད་རང་རེས་དཔྱོད་དགོས་པར་མཐོང་། གལ་ཏེ་ད་ལྟ་དང་བསྐུལ་ཚིག་སྨོན་ཚིག་རྣམས་ལ་ཁྱད་པར་མཆིས་ཚེ། ལེགས་སྦྱར་བྱ་ཚིག་ད་ལྟ་བ་དེ། བོད་སྐད་དུ་ཡང་། ད་ལྟ་བ་རང་དུ་སྒྱུར་དགོས་པར་སྣང་སྟེ། རྣམ་པར་དཔྱོད་པར་མཛོད་ཅིག ཅེས་ཞུ་བ་ལགས་སོ།
ལེགས་སོ། ལགས་སོ། རྒན་འཇམ་དཔལ་ལགས་ཀྱིས་གསལ་བཤད་སློབ་སྟོན་ལ་བཀའ་དྲིན་ཆེའོ།།
རྒན་ལ་དྭགས་པ་ལ་བཀྲ་ཤིས་བདེ་ལེགས་ཞུ། བཀའ་འདྲི་ཞུ་རྒྱུ་ཞིག་ནི། སྔགས་ཁ་ཤས་ཀྱི་མཇུག་ཏུ། པུཥྚཾ་ཀུ་རུ་ཡེ་སྭཱཧཱ། པུཥྚཾ་ཀུ་རུ་སྭཱཧཱ། ཡང་། བརྡྷ་ན་ཡེ་སྭཱཧཱ། བརྡྷ་ན་སྭཱཧཱ། ཤྲ་བ་ཎ་ཡེ་་སྭཱཧཱ། ཤྲ་བ་ཎ་སྭཱཧཱ། སོགས་ལ་༼ཡེ༽ཡོད་མེད་གཉིས་འདུག་པའི་གང་ཞིག་གཞུང་དང་མཐུན། ༡སཱ་མཱ་ཡཱ། ༢ས་མཱ་ཡ། ༣ས་མ་ཡ། འདི་གསུམ་ཆ་དཔེ་རྙིང་ལ་འདུག་པས་གང་ལེགས། ས་མ་ཐི། སཱ་མཱཔ་ཐི། དཔལ་ས་སྐྱའི་མཁས་པ་དུ་མའི་གསུང་གི་མཐར་བྱུང་དོན་ཅི་ཡིན། བཀའ་གདམས་ཕ་ཆོས་སོགས་མཀའ་གདམས་པའི་གསུང་འགའ་ཞིག་མཏར། མངྒ་ལ་ཀུ་རུ། ཞེས་འབྱུང་བ་རྒྱ་གར་དུ་དེ་ལྟར་འབྲི་སྲོལ་རྒྱུགས་ཆེ་འམ། བཀའ་དྲིན་སྐྱོངས། །
ཤ་ཤོ་ཀོ་ཀྲི་ཞེས་པའི་ཤིང་དེ་ཆོས་རྒྱལ་མྱ་ངན་མེད་དགོངས་པ་རྫོགས་སྐབས་ཤིང་འདི་མྱ་ངན་གྱི་ཚུལ་གྱི་ཡ་ག་མར་ལ་གུག་པ་བཤད་ཚུལ་ཞིག་འདུག་པས་བདེན་པའི་ཁུང་ཡོད་ན་བློ་སྐྱེད་ཅིག་ཡོང་བ་ཞུ།
सत्यमेव जयते སཏྱམེབ ཛཡཏེ། འདི། སཏྱམེབ ཇཡཏེ། མིན་པར། སཏྱམེབ ཛཡཏེ། ཞེས་འབྲི་དགོས་དོན་ཅི་ཡིན་ནམ། རྒན་འཇམ་དཔལ་ལགས།
དྲི་མེད་ལྷག་བསམ་མཆོག་དང་གཞན་ལྷན་རྒྱས་ལ་བཀྲ་ཤིས་བདེ་ལེགས། སྐུ་ཁམས་བཟང་། གཟུངས་སྔགས་རིགས་རྣམས་ལ་དད་པ་བྱས་སྔོན་ལུགས་སུ་ཇི་ལྟར་གསལ་བ་འདོན་དགོས་པར་བསམ། པུཥྚཾ་ཀུ་རུ་ཡེ་སྭཱཧཱ། པུཥྚཾ་ཀུ་རུ་སྭཱཧཱ། ཡང་། བརྡྷ་ན་ཡེ་སྭཱཧཱ། བརྡྷ་ན་སྭཱཧཱ། ཤྲ་བ་ཎ་ཡེ་་སྭཱཧཱ། ཤྲ་བ་ཎ་སྭཱཧཱ། སོགས་ལ་༼ཡེ༽ཡོད་མེད་གཉིས་འདུག་པའི་གང་ཞིག་གཞུང་དང་མཐུན། སྤྱིར་བཏང་། སྭཱཧཱ ཞེས་བཀོལ་བ་ན། ཤྲ་བ་ཎ་ཡེ་ཞེས་རྣམ་དབྱེ་བཞི་པ་འཇུག་པ་ཡིན་པ་དང་། དེ་ཡང་སྒྲ་པཱ་ཎི་པ་ལྟར་ན། ཤྲ་བ་ཎཱ་ཡ སྭཱཧཱ། ཞེས་འབྲི། ཤྲ་བ་ཎ་སྭཱཧཱ། འདིལ་རྣམ་དབྱེ་བསྡུས། ༡སཱ་མཱ་ཡཱ། ༢ས་མཱ་ཡ། ༣ས་མ་ཡ། ཕྱི་མ་འདི་དག དེ་ཡང་ས་མ་ཡ་ཞེས་པ་དམ་ཚིག་དང་དུས་ལ་ཡང་འཇུག ས་མ་ཐི། སཱ་མཱཔ་ཐི། དཔལ་ས་སྐྱའི་མཁས་པ་དུ་མའི་གསུང་གི་མཐར་བྱུང་དོན་ཅི་ཡིན། ས་མ་ཡ་ ཨི་ཏི། ཞེས་པ་ཡིན་ནམ་སྙམ། ས་མ་ཡ་ ཞེས་པ་གོང་ལྟར་དང་། ཨི་ཏི། མཇུག་བསྡུ་བའི་སྒྲ་སྟེ། ཞེས་སོ། ཞེས་པ་ལྟ་བུ། ཛ་ཡ་ཏེ། མཆན་༡༠པར་ལན་བརྒྱབས་ཟིན། ལ་དྭགས་ནས་ཤར་ཕྱོགས་མོན་ཡུལ་བར་གྱི་རི་བོ་གངས་གནས་ཀྱི་ཡུལ་མི་དག་གཅིག་ཏ་བསྡོམས་ཀྱང་། མི་གྲངས་མ་ལོངས་པས་རྒྱ་གར་གཞུང་ནས། བྷོ་ཊའི་སྐད་ཡིག་ལ་རྒྱ་གར་མི་རིགས་སྐད་དུ་ངོས་འཛིན་བྱས་མེད་པ་ཐོས། ཞེས་སོ།
དྲིས་ལན་གནང་བར་བཀའ་དྲིན་ཆེ། རྒན་ལ་དྭགས་པ་ལགས།
རྒན་ལ་དྭགས་པར་ཐུགས་རྗེ་ཆེ་ཞུ། །སྐུ་ཚེ་རིང་ཞིང་ཐུགས་བཞེད་འགྲུབ་པར་སྨོན། །