ཕྱི་རྒྱལ་གྱི་མིས་རྒྱ་གར་ལ་བཙན་འཛུལ་བྱེད་མཁན་དང་པོ་ནི་སྒི་རིག་གི་མི་ཞིང་། ལེགས་སྦྱར་སྐད་དུ་སྒི་རིག་གི་མིའི་སྐད་དོད་ཡ་ཝ་ན་yavanaདང་། པྰ་ལིའི་སྐད་དུ་ཡ་ན་yanaཟེར་བའི་སྒྲ་འདི་Ionlaཞེས་པའི་སྒྲ་ནས་བྱུང་བར་གྲགས། ཨེ་ལེག་ཟན་སྒྲར་Alexandrosགྱིས་ཕྱི་ལོ་མ་ཚུགས་གོང་༣༢༧ལོར་རྒྱ་གར་ལ་བཙན་འཛུལ་བྱས་ཏེ་རེ་ཞིག་རྒྱ་གར་སྒི་རིག་གི་མངའ་འོག་ཏུ་གནས་དགོས་བྱུང་ཡང་མི་རིང་བར་ཟླ་བ་སྦས་པས་མཐར་སྐྲོད་བཏང་། རྒྱལ་པོ་ཨེ་ལེག་ཟན་སྒྲར་འདས་རྗེས་རྒྱ་གར་ནུབ་ཕྱོགས་ས་ཆ་རྣམས་སི་རི་ཡའི་Syriaརྒྱལ་པོ་སེ་ལེའུ་ཀོ་སས་Seleucosདབང་དུ་བསྡུས་རྗེས་མེ་སྒ་སེ་ཐེ་ནེ་ཞེས་པའི་སྐྱེས་བུ་ཞིག་རྒྱ་གར་གྱི་གྲོང་ཁྱེར་པ་ཏ་ལི་པུ་ཏྲ་རུ་གཞུང་ཚབ་པའི་མིང་ཐོག་ནས་བསླེབས། དེ་ནས་སེ་ལེའུ་ཀོ་སའི་དབང་སྒྱུར་ཁོངས་ནས་སྦག་ཀྲི་ཡ་Bactriaས་ཁུལ་དང་། ཕར་ཐི་ཡའི་Parthiaས་ཆ་རྣམས་ཕྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་རང་བཙན་བྱས། སྦག་ཀྲི་ཡ་དེང་སང་སྦེལ་ཁ་ Belkhརུ་འབོད་པ་ཨ་ཧྥུ་སྒ་ནི་སི་ཐན་གྱི་བྱང་ཕྱོགས་ས་ཁུལ་རེད། དུས་སྐབས་དེར་སི་རི་ཡའི་རྒྱལ་ཐོག་གསུམ་པ་དང་སྦག་ཀྲི་ཡའི་རྒྱལ་ཐོག་བཞི་པས་ཕྱི་ལོའི་སྔོན་གྱི་དུས་རབས་གཉིས་ནས་གསུམ་པའི་བར་རྒྱ་གར་བྱང་ཕྱོགས་དབང་དུ་བསྡུས་རྗེས་རྒྱ་གར་ཡུལ་དབུས་སུ་ཡང་བཙན་འཛུལ་བྱས་པར་གྲགས། དེའི་རྗེས་ཕྱི་ལོའི་སྔོན་གྱི་དུས་རབས་དང་པོ་ཙམ་ལ་ཤ་ཀའི་Sakaརྒྱལ་རབས་ཀྱིས་རྒྱ་གར་བྱང་ཕྱོགས་སུ་བཙན་འཛུལ་མ་བྱས་བར་དུ་ཡུལ་ཕྱོགས་དེ་བཞིན་སྒི་རིག་གི་དབང་སྒྱུར་འོག་ཏུ་གནས། སྐབས་དེའི་ཆེན་པོ་སྒི་རིག་གི་རྒྱལ་རབས་ནང་རྒྱལ་པོ་མང་པོ་ཡོད་ཁོངས་ནས་སྙན་གྲགས་ཆེ་ཤོས་ཤིག་ནི་རྒྱལ་པོ་མི་ལིན་ད་ཟེར་བ་དེ་ཡིན་ཞིང་། རྒྱལ་པོ་འདིས་ནང་པའི་ཐེག་དམན་པའི་གནས་བརྟན་ཀླུ་སྡེ་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་སོགས་ལས་བརྩམས་པའི་དྲི་བ་དྲི་ལན་གནང་བ་རྣམས་ལ་དགེ་སློང་ཀླུ་སྡེའི་མདོ་ཞེས་པ་ཞིག་བྱུང་། མདོ་སྡེ་འདི་འམ་བསྟན་བཅོས་འདི་ནི་ཕྱི་ལོའི་སྔོན་གྱི་དུས་རབས་དང་པོ་དང་གཉིས་པའི་དུས་སྐབས་ཀྱི་ནང་ཆོས་འཕེལ་རིམ་ལས་བརྩམས་པའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཡིན་ཞིང་། དེའི་ནང་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བྱུང་བའི་ཆོས་ཀྱི་ཐ་སྙད་དང་རྣམ་གྲངས་ཅི་ཡང་མི་གསལ། བསྟན་བཅོས་འདི་ནི་དེང་སྐབབ་ཨ་རིའི་སེ་ཨ་ཁྲལ་དུ་བཞུགས་པའི་ལོ་ཙྰ་བ་ཐུབ་བསྟན་བྱམས་པ་ལགས་ནས་ལོ་མང་སྔོན་པྰ་ལི་དང་དབྱིན་ཡིག་གཞིར་བཞག་གངས་ཅན་བོད་ཀྱི་ཡི་གེར་བསྒྱུར་ཡོད་པ་དང་། དབྱིན་ཡིག་ཏུ་ཡོད་པ་དེ་ཁོ་བོས་ཀྱང་མཇལ་མྱོང་། འདིའི་ནང་དུ་གནས་བརྟན་མི་ལིན་ད་སྐུ་མ་འཁྲུངས་སྔོན་གྱི་བྱུང་བ་དང་སྐུ་འཁྲུངས་རྗེས་ཀྱི་སློབ་དཔོན་སོགས་ཀྱི་སྐོར་ཧ་ཅང་སྙན་པའི་གཏམ་རྒྱུད་དང་སྦྲགས་ནས་བྲིས་འདུག སྤྱི་ལོ་༡༩༣༧ལོར་སེང་གེ་ཁ་འབབ་གཙང་པོའི་མགོ་ཁུངས་དང་ཉེ་བའི་ས་ཆ་ཤིན་ཀོ་ཏShinkotཞེས་པ་ནས་རིང་བསྲེལ་གྱིས་གཏམས་པའི་བུམ་པ་ཞིག་རྙེད་པའི་ཕྱི་ལོགས་སུ། འདི་ནི་མི་ལིན་དས་Milindraདབང་སྒྱུར་བྱེད་སྐབས་འདི་ལ་མཆོད་ཅིང་བཀུར་བ་ཡིན་ནོ་ཞེས་སྔོན་རབས་ཀྱི་ཡི་གེ་བྲིས་པ་ཞིག་ཡོད་པས། སྐབས་དེར་རྒྱ་གར་ནུབ་ཕྱོགས་སུ་ནང་ཆོས་དར་ཡོད་པ་ཁས་ལེན་ནུས་པ་ཞིག་རེད། ཡང་དོ་སྣང་བྱེད་འོས་པ་ཞིག་ལ་ཕྱི་ལོའི་སྔོན་གྱི་དུས་རབས་དང་པོ་ཙམ་ནས་སྒི་རིག་གི་མི་དག་ནང་པའི་ཆོས་ལ་ཉམས་ལེན་དང་སློབ་སྦྱོང་བྱས་ཡོད་ཚུལ་གསལ་བའི་བྲིས་བརྐོས་ཡི་གེ་ཡང་རྙེད་སོན་བྱུང་ཡོད་ཅིང་། དེ་ཡང་ཕྱི་ལོའི་སྔོན་གྱི་དུས་རབས་དང་པོ་ཙམ་ལ་བྲིས་པར་གྲགས་པའི་ཁ་རོ་ཥ་ཐིའི་kharosthiཡི་གེ་ཞིག་སེང་གེ་ཁ་འབབ་ཀྱི་ཆུ་མགོའི་སུ་བ་ཚུ་Suvatsuནས་རྙེད་པའི་རིང་བསྲེལ་བཞུགས་པའི་སྟེང་དུ་སྒི་རིག་གི་མངའ་སྡེའི་སྤྱི་ཁྱབ་དཔོན་པོ་ཐོ་ཨོ་དོ་རོ་སས་རྒྱལ་བ་ཤྰཀྱ་ཐུབ་པའི་རིང་བསྲེལ་ཉར་ཚགས་བྱས་སོ་ཞེས་སྔོན་གྱི་ཡི་གེས་བཏབ་པ་དང་། འདིའི་ཁ་རོ་ཥ་ཐིའི་ཡི་གེ་འདི་ནི་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་ཡིག་གཟུགས་འབྲི་དཔེ་ཐོན་མིའི་འཛུབ་རིས་བྱ་བ་ལས། འཕགས་པའི་ཡུལ་དུ་ཥ་རོ་ཋི་ལ་སོགས། །ཡིག་རིགས་དྲུག་ཅུ་རྩ་བཞིའི་ལང་ཚོ་འཛུམ། །ཞེས་པ་དེ་ཡིན་པར་སྙམ། ད་དུང་ཏག་སི་ལའི་མཆོད་རྟེན་ཆེན་པོའི་ཆགས་ཡུལ་ནས་རྙེད་པའི་ཟངས་ཀྱི་གླེགས་བུར་མེ་རི་སྡར་ཁ་Meridarkhདང་ལྕམ་བཅས་ཀྱིས་སངས་རྒྱས་ཀྱི་མཆོད་རྟེན་བཞེངས་སོ་ཞེས་སྔོན་གྱི་ཡི་གེ་བཏབ་པའི་སྟེང་གི་མེ་རི་སྡར་ཁ་ཞེས་པ་ནི་སྒི་རིག་གི་སྐད་དུ་མངའ་སྡེའི་སྤྱི་ཁྱབ་དཔོན་པོ་ཞེས་པའི་དོན་ཡིན་པས། དེ་ལ་བརྟེན་ནས་སྐབས་དེའི་སྒི་རིག་གི་གཞུང་འབྲེལ་དཔོན་རིགས་ཚོ་ཡང་ནང་པའི་ཆོས་ལ་སྐྱབས་སུ་ཕྱིན་པ་ཤེས་ནུས། དེའི་གོང་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་དུས་སུ་ཨ་པ་རནྟ་ཀ་ལ་ཆོས་སྤེལ་བར་ཕེབས་མཁན་གནས་བརྟན་ཆོས་འཚོའང་སྒི་རིག་གི་མི་རིགས་ཡིན་པར་གྲགས། དེ་བཞིན་སན་ཅིའི་མཆོད་རྟེན་གྱི་བྲིས་བརྐོས་སུའང་སྒི་རིག་གི་མིའི་མིང་གསལ་བ་སོགས་ཀྱིས། སྐབས་དེར་སྒི་རིག་པ་ཚོས་ནང་ཆོས་ལ་ཇི་ཙམ་ཞིག་གདེངས་འཇོག་དང་ཉམས་ལེན་བྱས་ཡོད་པ་མཚོན་ཐུབ། གོང་གི་ལོ་རྒྱུས་འདི་དག་ལ་བརྟེན་ནས་ལོ་རྒྱུས་སྨྲ་བ་སྐོར་ཞིག་གིས་ས་ཁར་ཁྲེ་དང་ཕིས་ལ་ཁྲོ། ཨ་རི་སི་ཁྲོ་ཁྲལ་ཏེ་ནུབ་ཕྱོགས་མཚན་རིག་པའི་སློབ་དཔོན་ཆེན་པོ་གསུམ་གྱི་ལྟ་གྲུབ་དང་། སྟོན་པ་ཡེ་ཤུའི་ཆོས་ལུགས་ཀྱི་ནང་དུ་ནང་པའི་འཚེ་མེད་ཞི་བའི་ལྟ་གྲུབ་དག་གང་ལ་གང་འཚམ་རེ་འདྲེས་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད་པ་རེད། རྩོམ་ཐུང་འདིའི་དཔྱད་གཞིའམ་ཁུངས་གཏུགས་ས་ནི་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ་ཡིན་ནོ།།
གནས་བརྟན་ཀླུ་ཡི་སྡེ་དང་རྒྱལ་པོ་མི་ལིན་དའི་དྲི་བ་དྲིས་ལན་དབྱིན་འགྱུར་མར་དྲ་ཐག་འདི་ནས་གཟིགས་ཐུབ།
http://web.singnet.com.sg/~rjp31831/nagasena.htm
བོད་ཡིག་ལས་གཞན་པའི་ཡིག་རིགས་ལ་ཤེས་རྒྱ་ཆུང་བའི་ང་ལྟ་བུ་ལ་མཚོན་ན་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག ཐུགས་རྗེ་ཆེ་ཞུས་པ་ཡིན། མུ་མཐུད་ནས་རྩོམ་ཡིག་འདི་འདྲ་བ་མང་སེ་བསྒྱུར་གནང་རོགས་ཞུ།
ཉིད་ཀྱིས་བཀླགས་པར་ཐུགས་རྗེ་ཆེ་ཞུ། གང་ཐུབ་བྱེད་ཡོང་།