ལྷ་མོ་ཚེ་རིང་།
རང་རེ་བོད་ཀྱི་གནའ་བོའི་ལོ་རྒྱུས་དང་། ཆ་ལུགས། སྤྱོད་ལམ་སོགས་ཐང་གུར་དུས་ཀྱི་རྩོམ་པ་པོས་བྲིས་པ་མང་། དེང་སང་བརྩམས་ཆོས་དེ་དག་བོད་ཡིག་ཏུ་བསྒྱུར་ཡོད། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་གྱི་ལོ་རྒྱུས་ཁག་ཏུ་རང་རེའི་མེས་པོ་དག་གི་སྤྱོད་ལམ་སོགས་བྲིས་མེད་པ་ཅུང་ཟད་མཚར། བྲིས་ཀྱང་ཡོད་པར་སྲིད་མོད། ཁ་ཆེའི་དམག་གིས་རྒྱ་གར་ལ་བཙན་འཛུལ་བྱས་པའི་དབང་གིས་གླེགས་བམ་མང་པོ་ཞིག་འཇིག་པར་སྣང་། དེ་ལྟ་ནའང་། དེང་སང་རྒྱ་གར་བས་བོད་ཀྱི་སྤྱོད་ལམ་སོགས་འབྲི་སླ། བོད་མི་ཁྲི་ཚོ་འགའ་རྒྱ་གར་དུ་ཡོད། གལ་སྲིད་བདག་རྒྱ་གར་བ་ཞིག་ཡིན་ཚེ་བཙན་བྱོལ་བོད་མིའི་ལོ་རྒྱུས་སོགས་འདི་ལྟར་འབྲི་བར་བྱའོ། །
ངྷ་རམ་ས་ལ་ནི་རྒྱ་གར་གྱི་བྱང་ཕྱོགས་སུ་ཡོད་ལ། དགུན་ཁར་ཡུལ་དེའི་རླུང་གྲང་། ས་གཞི་འཁྱག་པས་མི་བསྡམས། རྫ་མགོ་གངས་ཀྱིས་བཟུང་། དབྱར་ཁར་ཐོག་ལྡིར། གློག་འཁྱུག་མོད། སྐབས་རེར་ཚ་བ་ཆེ། སྐྱིད་དུས་ནི་དཔྱིད་ཀ་དང་། སྟོན་ཁ་གཉིས་ཡིན། དབྱར་དགུན་མེད་པར་ཤིང་ནགས་སྔོ་ལྗང་ངེར་ཡོད། ང་དགུ་ལོར་ཏཱ་ལའི་བླ་མ་དང་། ཁོང་གི་ཆབ་འབངས་སྐོར་ཞིག་བཙན་བྱོལ་དུ་འབྱོར། དམངས་གཙོ་ཀ་བ་གསུམ་གྱིས་གྲུབ་པའི་བཙན་བྱོལ་བོད་གཞུང་བཙུགས། རིམ་གྱིས་གཞིས་ཆགས་དང་། དགོན་སྡེ། སློབ་གྲྭ་སོགས་ཀྱང་རྒྱ་གར་གྱི་ས་ཆ་གང་ས་གང་དུ་བཙུགས། མི་རིགས་འདི་བཙན་བྱོལ་དུ་གྱར་ནས་མི་ལོ་དྲུག་ཅུ་ལྷག་འགོར་བཞིན་ཡོད། ཐོག་མར་རང་བཙན་བརྩད། བར་ནས་རང་སྐྱོང་གླེང་། ད་ལྟ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་གླེང་བས། བཙན་བྱོལ་དུ་རང་བཙན་དང་དབུ་མའི་ལམ་གཉིས་ཀྱི་བར་ལ་རྩོད་པ་ཆེ། ཁྱོད་ཤི་ང་གསོན་གྱི་གནས་སྟངས་འོག་ཡོད། རང་བཙན་གླེང་མཁན་ཚོར་ལྟ་སྟངས་ཡག་པོ་མེད། དབུ་མ་པས་ཁོང་ཚོར་དགྲ་བོའི་འདུ་ཤེས་འཛིན། དེ་ཚོའི་ཁ་རྒྱ་ནག་ལ་བསྐོར་ན་འཇམ། འདི་ནི་བཀྲ་ཤིས་མི་ཤེས་པའི་གནས་ཚུལ་ཞིག་ཡིན། ད་དུང་ཤུགས་ལྡན་གྱི་རྩོད་རྙོག་ཅིག་ཡོད་དེ། དེ་ནི་དེ་ཙམ་གྱིས་ཛ་དྲག་པོ་ཞིག་མིན། རྒྱ་ནག་གིས་དོལ་རྒྱལ་སྟེན་མཁན་ཚོར་སྒོར་མོ་མ་སྤྲད་ན་ཁོང་ཚོར་སྟོབས་ཤུགས་མེད། ཚོགས་པ་བཅུ་གསུམ་དང་། ཆུ་བཞི་སྒང་དྲུག་གི་རྙོག་དྲ་དེ་དག་གི་ལེའུ་མཇུག་བསྒྲིལ་ཡོད་མོད། ཆོལ་ཁའི་འཐེན་འཁྱེར་ད་དུང་ཡང་རྒྱུན་འཇགས་སུ་གནས་ཡོད། བོད་མི་ཚོས་ཁ་ནས་ཆིག་སྒྲིལ་བཤད་ཀྱང་ཅུང་ཟད་དགོད་བྲོ།
ཆོལ་ཁ་གསུམ་ནི་དབུས་གཙང་དང་། མདོ་སྟོད། མདོ་སྨད་ལ་ཟེར། ངྷ་རམ་ས་ལར་དབུས་གཙང་དང་། མདོ་སྟོད། མདོ་སྨད་ཀྱི་མི་འདུས་ཏེ་གནས། དབུས་གཙང་བའི་གཤིས་ཀ་འཇམ། མདོ་སྟོད་པ་སྟོབས་ཆེ། མདོ་སྨད་པར་ཡོན་ཏན་ཆེ་བར་གྲགས་ཤིང་། ད་ལྟ་མི་རིགས་འདིའི་མི་རབས་རྒན་པ་རྣམས་ཤི་ཚར། རྒན་གསོ་ཁང་ཁག་ཏུ་རེ་ཟུང་ཡོད། དཀའ་ལས་རྒྱག་མཁན་ནི་མི་རབས་རྒན་པ་རྣམས་ཡིན། དེང་སང་མི་རབས་བར་པ་ཕལ་ཆེ་བ་ཕྱི་རྒྱལ་དུ་ཡོད། བོད་པ་ཡིན་པའི་རྟགས་མཚན་ཁྱིམ་གྱི་གྱང་ངོས་ན་ཐང་ག་རེ་ཟུང་བཀལ་ཡོད། མང་པོ་ཞིག་ཕྱིའི་རྒྱལ་ཁབ་ཀྱི་མི་སེར་ཆགས་པས་རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་འབུལ་མི་འདོད་མཁན་མང་། འོན་ཀྱང་གསུམ་བཅུ་དུས་དྲན་སྐབས་སུ་ལག་ཏུ་རྒྱལ་དར་རེ་བཟུང་སྟེ་རྒྱ་ནག་གི་གཞུང་ཚབ་ཁག་གི་མདུན་ནས་ངོ་རྒོལ་བྱེད་ཅིང་། དུས་སྟོན་དང་སྤྲོ་སྐྱིད་སོགས་ཀྱི་སྐབས་སུ་བོད་ལྭ་རེ་གྱོན་ནས་བོད་མི་ཡིན་ཚུལ་སྟོན། མི་རབས་གཞོན་པ་རྣམས་ཕྱི་རྒྱལ་གྱི་རིག་གཞུང་གི་ནང་དུ་ཐིམ་པར་བྱེད། ཁོང་ཚོའི་ཕ་མ་རྣམས་ཀྱིས་ཀྱང་བུ་དང་བུ་མོ་ཚོར་བོད་སྐད་མི་བཤད། རྒྱ་གར་ནས་འཚར་ལོངས་བྱུང་བའི་ཕ་མ་ཚོས་བོད་ཡིག་མི་ཤེས། བོད་སྐད་ར་མ་ལུག་ལྟ་བུ་བཤད།
ད་ལྟ་ཏཱ་ལའི་བླ་མའི་དགུང་ལོ་མཐོ། ཏཱ་ལའི་བླ་མས་ཆབ་སྲིད་ཀྱི་འགན་དབང་མི་དམངས་ལ་གནང་ཟིན། མི་དམངས་ཀྱིས་བདམས་པའི་སྲིད་སྐྱོང་ཞིག་ཡོད། ཕོ་གསར་རྫིག་ཀྱང་བོད་ཡིག་ཡག་པོ་མི་ཤེས། ཁོང་གི་གཞུང་དེ་དམངས་གཙོ་ཡིན་མོད། དཀའ་ངལ་ཆེ་ཤོས་དེ་ནི་ངྷ་རམ་ས་ལར་བོད་མི་ཉུང་དུ་འགྲོ་བཞིན་ཡོད་པ་དེ་ཡིན། ལོ་རེར་སྐྱབས་བཅོལ་དུ་ཡོང་མཁན་བཅུ་སྐོར་ཞིག་ལས་མེད། ཕྱི་རྒྱལ་དུ་འགྲོ་མཁན་ཤིན་ཏུ་མང་། གཞུང་ཞབས་པ་ཚོའི་ནང་ནའང་དགོངས་ཞུ་གནང་མཁན་མང་། འདི་ལྟར་ཡུན་རིང་དུ་ཕྱིན་ན་ངྷ་རམ་ས་ལར་བོད་མི་མེད་པའི་དུས་ཤིག་འབྱུང་སྲིད། དེ་བས་བོད་མིའི་རང་དབང་སླར་གསོ་བྱེད་པར་དཀའ་བར་སྣང་། མ་འོངས་པར་རིགས་ནི་བོད་རིགས་བྱ་བའི་རྒྱལ་ཁབ་མེད་པའི་མི་རིགས་ཁ་འཐོར་འདིར་དོན་དག་ཅི་ཞིག་འབྱུང་རྒྱུ་ཡིན་མིན་བཤད་དཀའ། དེང་སང་རྒྱ་ནག་གི་སྟོབས་ཤུགས་ཀྱང་ཤིན་ཏུ་ཆེ། རྒྱ་ནག་གིས་འཛིན་པའི་སྲིད་ཇུས་མཁྲེགས་པོ་ཡིན། ་་་ ་་་
༢༠༡༧/༠༢/༡༣ ཉིན་བྲིས།
ཁོ་བདེན།
ལྷ་མོ་ཚེ་རིང་ལགས་ནས། ”བཙན་བྱོལ་དུ་རང་བཙན་དང་དབུ་མའི་ལམ་གཉིས་ཀྱི་བར་ལ་རྩོད་པ་ཆེ། ཁྱོད་ཤི་ང་གསོན་གྱི་གནས་སྟངས་འོག་ཡོད། རང་བཙན་གླེང་མཁན་ཚོར་ལྟ་སྟངས་ཡག་པོ་མེད། དབུ་མ་པས་ཁོང་ཚོར་དགྲ་བོའི་འདུ་ཤེས་འཛིན། དེ་ཚོའི་ཁ་རྒྱ་ནག་ལ་བསྐོར་ན་འཇམ། འདི་ནི་བཀྲ་ཤིས་མི་ཤེས་པའི་གནས་ཚུལ་ཞིག་ཡིན། ” ཞེས་པ་འདི་དོན་མ་རྟོགས་པའི་བླུན་གཏན་རང་རེད། འབད་པ་ཆེན་པོས་དམ་ཉམས་འགོང་པོ་ཀླུ་གར་སྐྱབས་དཀར་འདོན་བྱེད་རྩིས་ཡོད་ཀྱང་ད་ཕན་ཐོགས་བཟོ་མི་འདུག རང་བཙན་རྩོད་མཁན་རྣམས་དགྲ་རུ་ག་དུས་བཟུང་སོང་། རང་བཙན་རྩོད་མཁན་ཞེས་པ་དེ་སུ་རེད། དེ་ཚོས་རང་བཙན་ཇི་ལྟར་བརྩད་སོང་། རང་བཙན་ཁ་རུ་འཁྱེར་ནས་སྤྱི་ཚོགས་དཀྲུགས་མཁན་དག་ལ་རང་བཙན་རྩོད་མཁན་ཞེས་འབོད་ཀྱི་ཡོད་དམ། རང་བཙན་རྩོད་ས་དེ་རྡ་རམ་ས་ལ་ཡིན་ནམ། གཡག་རྐུ་བ་དེ་རང་བཙན་གྱི་ལས་འགུལ་ཡིན་ནམ།
བདུད་འཇོམས་་་་་ད་ཡང་རང་བཙན་ལ་དགྲ་རུ་ལྟ་ཡི་འདུག འོ་ད་གོང་གི་བཐིས་པ་དག་བདེན་པ་ཡིན་པ་རང་གི་སྒྲུབ་ཚར་སོང་།
ལྷ་མོ་ཚེ་རིང་ཁོང་གིས་ད་ལྟའི་བར་དུ་ག་རེ་བྲིས་བསྡད་ཡོད་དམ།
འདས་པའི་བོད་ཀྱི་ལོ་རྒྱུས་འབྲི་མ་ཐུབ་ཀྱང་ད་ལྟའི་བཙན་བྱོལ་བའི་ལོ་རྒྱུས་ཁྱོད་ཀྱིས་ཀྱང་འབྲི་རོགས།
ཧཧཧཧ
ཁ་ཆེ། ཞེས་པའི་མིང་ལ་དིང་སང་། ལ་དྭགས་པ་སོགས་ཀྱིས་ནོར་འཕྲུལ་བྱས། དེ་ལ་ཁ་ཆེ་མིན་པར་མུ་སུལ་མན། ཀླ་ཀློ་ཟེར། ཀླ་ཀློས་རྒྱ་གར་ལ་བཙན་དབང་བྱེད་པའི་སྐབས་སུ། ཁ་ཆེ་རྣམས་སངས་རྒྱས་པ་དང་། རྒྱ་གར་མུ་སྟེགས་པ་འདྲེས་མ་ཡིན། རྟོགས་བརྗོད་དཔག་བསམ་ཁྲི་ཤིང་རྩོམ་པ་པོ་ཡང་ཁ་ཆེ་ཡིན་འདུག ཁ་ཆེ་མུ་སུལ་མན་ཆགས་པ་ལ་དིང་སང་། ལ་དྭགས་དང་དབུས་ལྷ་ས་སོགས་སུ་ཁ་ཆེ་ཟེར་ཡང་ཁུངས་དེ་ལྟར་ལགས་སོ། ཁ་ཆེ་པཎ་ཆེན་ཤཱ་ཀྱ་ཤྲཱི་བོད་ལ་ཆོས་མང་པོ་གསུངས། མཐར་རང་ཡུལ་ཁ་ཆེར་ལོག་ཕེབས་པ་ཐོས་སོ།
རྒྱ་གར་བས་བྲིས་པ་རང་རེད་དམངས་གཙོ་དང་མང་གཙོ་ངོ་མ་ཤེས་།
མང་གཙོ་གྲངས་ཀྱི་གསལ་བྱེད་།
དམངས་གཙོ་གྲལ་རིམ་གྱི་གསལ་བྱེད་།
མང་གཙོ་དམངས་གཙོ་དོན་གཅིག་བསམ་མཁན་དང་།
རང་བཙན་རང་དབང་གང་བསམ་བརྗོད་མཁན་དང་།
ཡུལ་མིའི་རྒྱལ་ཁབ་ཡུལ་མིའི་སྲིད་སྐྱོང་སོགས་།
ཆབ་སྲིད་རིག་པས་གོ་རྟོགས་མ་ཐུབ་ནས་།
ཐ་སྙད་ཚད་སྒུབ་ཡིན་པ་བློ་མ་བདེ་།
དའི་སྔོན་འཇུག་མེད་པ། མངས་གཙོ། ཟེར་ནས་འབྲི་ན། ལེགས་པར་མངོན་ཏེ། དའི་སྔོན་འཇུག་ཡོད་པའི་དམངས་ཞེས་པ། རིགས་དམན་ལ་འཇུག་པ་སྔོན་བྲིས་དཔེ་ཆ་ཡོངས་ན་གསལ། སྤྱོད་འཇུག་ན་ཡང་། དམངས་ཀྱིས་རྒྱལ་གཏུམ་བཞིན། ཞེས་པ་གཡོག་པོ་ལ་ཟེར་བ་མ་གཏོགས། མངས་སམ་མང་པོ་ལ་མི་འཇུག
དམངས་ཀྱི་སྐད་དོད་། སྤྱོད་འཇུག་ན། བྷྀཏྱ། གཡོག་པོ་ཞེས་གསལ་ལོ༏
མང་གཙོ་ ( Democracy ) དམངས་གཙོ་ (Proletarain )