༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ།
རྒྱ་གར་འཕགས་པའི་ཡུལ་གྱི་བྱང་ཕྱོགས་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མཐོ་སྒང་ དུ་ཆགས་པའི་བོད་གངས་ཅན་གྱི་ལྗོངས། སྟོན་པ་ཤཱཀྱ་ཐུབ་པས་བྱིན་གྱིས་རླབས་ཏེ་ནང་ཆོས་དར་བར་ལུང་བསྟན་པ་དང༌། རྒྱ་གར་གྱི་གཡུང་དྲུང་ཆོས་ལུགས་པ་རྣམས་ཀྱིས་གཙོས་ཕྱི་ནང་ཡོངས་ཀྱིས་ཆེས་རྩ་ ཆེར་འཛིན་པའི་རི་བོ་ཀཻ་ལཱ་ཤ་དང༌། ཡིད་ཀྱི་ཆུ་གཏེར་ཏེ་མཚོ་མ་དྲོས་པའམ་མ་ཕམ་པ་བཅས་གང་དུ་ཆགས་པའི་ལྗོངས། ཆུ་བོ་ཆེན་པོ་བཞི་རྒྱ་གར་དུ་བབས་ཏེ་རྒྱ་མཚོར་འགྲོ་བ། འཕགས་ཡུལ་གྱི་སྐྱེས་ཆེན་མང་པོས་སུམ་ཅུ་རྩ་གསུམ་དུ་འབོད་པའི་པུར་རྒྱལ་བོད་ ནི་ས་བབ་ཀྱི་ཆ་ནས་རྒྱ་གར་གྱི་ཡང་ཐོག་ལྟ་བུ་དང༌། དེར་མིའི་འགྲོ་བའང་ས་འོག་ནས་ཐོན་པའི་གནའ་རྫས་ལ་གཞིགས་ན་ལོ་ཁྲི་ཕྲག་སྔོན་ནས་ ཡོད་པ་དང། བོན་གཞུང་ནས་དེ་ལས་སྔ་བར་བཤད་ཅིང༌། བངྒཱལ་གྱི་སློབ་དཔོན་ཤེས་རབ་གོ་ཆ་པྲཇ྄ཉཱབརྨཱ་ལྟར་ན་མཧཱབྷཱརཏའི་དམག་འཁྲུགས་ སྐབས་ལྷོ་ཕྱོགས་ཀྱི་རྒྱལ་པོ་རུ་པ་ཏི་དཔུང་དང་བཅས་པ་གངས་ལྗོངས་སུ་བྲོས་ཏེ་ གནས་པ་ལས་མཆེད་པར་བཤད་པ་དང༌། རྒྱལ་པོའི་ཐོག་མའང་ཕྱི་ལོ་སྔོན་གྱི་ལོ་བརྒྱ་ཕྲག་གཅིག་དང་ཕྱེད་ཙམ་དུ་མགདྷའི་ རྒྱལ་སྲས་ཤིག་ཡུལ་ནས་བསྐྲད་པ་བོད་དུ་ཕྱིན་པར་བོད་མིས་གཉའ་ཁྲི་བཙན་པོར་འབོད་ དེ་རྒྱལ་པོར་བསྐོས་པ་ནས་བོད་ཀྱི་རྒྱལ་རྒྱུད་བྱུང་བར་གྲགས་པ་བཅས་སྔོན་རབས་ དང་དེ་བྱུང་གང་ནས་བལྟས་ཀྱང་བོད་དང་རྒྱ་གར་གཉིས་ས་བབ་དང་མི་རིགས་རྒྱལ་རྒྱུད་ བཅས་གང་ས་ནས་ཧ་ཅང་འབྲེལ་ལམ་དམ་ཟབ་ཡོད་པ་དང༌། ཕྱི་ལོ་བརྒྱ་ཕྲག་བདུན་པ་བརྒྱད་པའི་ནང་བོད་ཕྲུག་མང་པོས་རྒྱ་གར་ནས་རིག་གནས་ བསླབས་ཏེ་སྐབས་དེའི་དེབནཱགརིའ་ཡིག་གཟུགས་ལས་དཔེ་བླངས་ནས་གསར་གཏོད་དམ། སྔར་ཡོད་ཞང་ཞུང་སྨར་ཡིག་ལེགས་བཅོས་ཀྱིས་བོད་ཀྱི་ཡིག་གཟུགས་དང༌། ལེགས་སྦྱར་གྱི་བརྡ་སྤྲོད་ལས་དཔེ་བླངས་ནས་བོད་ཀྱི་བརྡ་སྤྲོད་ཀྱི་བསྟན་བཅོས་ བརྩམས་པ་ནས་བཟུང་བོད་དུ་སྤྱི་ཚོགས་ཀྱི་དཔལ་ཡོན་དར་འགོ་ཚུགས་པ་མ་ཟད། སངས་རྒྱས་ཀྱི་བསྟན་པའི་དབུ་བརྙེས།
ལྷག་པར་ཕྱི་ལོ་བརྒྱ་ཕྲག་བརྒྱད་པའི་ ནང་བངྒཱལ་གྱི་རྒྱལ་སྲས་ལས་རབ་ཏུ་བྱུང་བའི་དཔལ་ནཱལནྡཱའི་འགྲན་བྲལ་གྱི་མཁས་ དབང་སློབ་དཔོན་ཆེན་པོ་ཞི་བ་འཚོ་བོད་དུ་བྱོན་ཏེ་དགེ་འདུན་གྱི་སྡེ་བཙུགས་པ་ དང༌། རྒྱ་གར་ནུབ་ཕྱོགས་ནས་སློབ་དཔོན་ཆེན་པོ་པདྨསམ྄བྷབ་བྱོན་ཏེ་གསང་སྔགས་ཀྱི་ བསྟན་པ་དར་བར་མཛད་ཅིང༌། དེའི་རྗེས་སླར་ཡང་སློབ་དཔོན་ཞི་བ་ཚོའི་དངོས་སློབ་ཀམལཤིའལ་བོད་དུ་བྱོན་ཏེ་ བསྟན་པ་ལ་དག་ཐེར་མཛད་པ་བཅས་ཀྱི་བཀྲིན་ལས་བོད་དུ་ཐེག་པ་གསུམ་དང་རྒྱུད་སྡེ་ བཞིས་བསྡུས་པའི་རྒྱལ་བའི་བཀའ་སྡེ་སྣོད་གསུམ་དང༌། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཐོགས་མེད་ཀྱིས་དབུས་པཎ་གྲུབ་བཅུ་བདུན་སོགས་འཕགས་ ཡུལ་གྱི་མཁས་གྲུབ་གྲངས་ལས་འདས་པས་བརྩམས་པའི་མདོ་སྔགས་རིག་གནས་དང་བཅས་པའི་ བསྟན་བཅོས་ཧ་ཅང་མང་པོ་བོད་སྐད་དུ་བསྒྱུར་ཏེ་དཔལ་ནཱལནྡཱ་དང༌། བིཀྲཱམཤིའལ། ཏཀྵཤིའལ། ཨོདནྟཔུརི་ལ་སོགས་པའི་གདན་ས་ཆེན་པོ་རྣམས་ཀྱི་སྲོལ་རྒྱུན། ཚང་ལ་མ་ནོར་བའི་རྒྱལ་བའི་བསྟན་པ་བོད་དུ་དར་རྒྱས་སུ་གྱུར་པ་དང༌། བོད་ཀྱི་མཁས་གྲུབ་ཚོས་ཀྱང་རྒྱལ་བའི་ལུང་དང་འཕགས་ཡུལ་གྱི་གཞུང་ལུགས་ཁོ་ནར་ བརྟེན་པར་མཛད་པ་ལས་བསྲེ་ལྷད་མེད་པར་གནས་ཞིང༌། དེང་གི་ཆར་རྒྱ་གར་གྱི་སྲོལ་རྒྱུན་དྲི་མ་མེད་པ་ཆ་ཚང་བ་ཞིག་བོད་ལས་གཞན་པའི་ ཡུལ་ཁམས་གང་དུའང་མ་གནས་པར་མ་ཟད། རྒྱ་གར་དུའང་ཉམས་རྒུད་དུ་གྱུར་ཟིན།
དུས་རབས་བདུན་པའི་ནང་ལོ་ཙཱ་བ་ཆེན་པོ་ཐོན་མི་སཾབྷོཊ་དང་ལོ་ཆེན་དྷརྨཀོཤས་ སྤྱན་རས་གཟིགས་ཀྱི་མདོ་རྒྱུད་དང་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་སོགས་དམ་ཆོས་མང་ དུ་བསྒྱུར་བ་དེ་ནས་བཟུང་ཀ་ཅོག་ཞང་གསུམ་གྱིས་མཚོན་ལོ་ཙཱ་བ་ལེགས་པའི་བློ་ གྲོས་བར་བོད་ཀྱི་ལོ་ཙཱ་བ་མཁས་དབང་གྲངས་ ༡༩༢ ཙམ་དང༌། ཞུ་ཆེན་གྱི་སློབ་དཔོན་གྲངས་ ༩༣ བྱུང་བ་བུ་སྟོན་ཆོས་འབྱུང་དུ་གསལ་བ་དང༌། སྔ་རྗེས་ལོ་ཙཱ་བ་བདུན་བརྒྱ་བརྒལ་བ་བྱུང་ཡོད། སློབ་དཔོན་ཞི་འཚོ་ཡབ་སྲས་དང༌། སུརེན྄དྲབོདྷི་སོགས་ནས་བཟུང་ཕྱི་ལོ་བརྒྱ་ཕྲག་བཅུ་བདུན་པའི་ནང་སློབ་དཔོན་བལ་ བདྲ་སྐུ་མཆེད་རྣམ་པའི་བར་འཕགས་ཡུལ་གྱི་སློབ་དཔོན་བརྒྱ་ཕྲག་མང་པོས་ལེགས་ སྦྱར་གྱིས་མཚོན་པའི་རྒྱ་གར་གྱི་སྐད་རིགས་ཁག་དང༌། རྒྱ་ཡིག་བཅས་ནང་བཞུགས་པའི་བཀའ་བསྟན་འགྱུར་པོད་སུམ་བརྒྱ་བརྒལ་བ་བསྒྱུར་པའི་ ནང་རྒྱ་ནག་ནས་བསྒྱུར་བ་པོད་བཅུ་ཙམ་ལས་དེ་འཕྲོས་རྒྱ་གར་ནས་བསྒྱུར་པ་བཅས་དེ་ དག་ནི་གཞུང་གི་གྲངས་འབོར་མང་ཤོས་དང༌། འགྱུར་གྱི་སྤུས་ཚད་བཟང་ཤོས་ཡིན་པ་དང༌། དེ་དག་ལ་ཆ་ཤས་ཙམ་ཡང་བསྒྲུན་ཐུབ་པའི་སྒྲ་སྒྱུར་བྱས་པའི་གཞུང་སྐད་ཡིག་གཞན་དུ་ དཀོན། དེ་ནི་བོད་ཀྱི་སྐད་དང་བརྡ་དག་ལེགས་སྦྱར་དང་དོ་མཉམ་པ་བཟོ་ཐུབ་པའི་དབང་གིས་ ཡིན།
བོད་ནི་ས་བབ་མཐོ་ཞིང་འགྲུལ་བཞུད་དཀའ་ཡང་འཕགས་པའི་ཡུལ་ནས་མཁས་གྲུབ་ཀྱི་ སྐྱེ་བོ་གྲངས་ལས་འདས་པ་ཞིག་བསྟན་པ་དང་རིག་གཞུང་ཁོ་ནའི་ཆེད་ཕེབས་ཡོད་པ་རྣམས་ ཀྱི་ནང་ཁ་ཆེ་པཎ་ཆེན་ཤཱཀྱཤྲཱི་དང༌། པཎྜིཏསྨྲྀཏིཇ྄ཉཱན། ཇོ་བོ་རྗེ་དཔལ་ལྡན་ཨཏིཤ་ལ་སོགས་པ་ཆེས་གྲགས་ཅན་གྱི་མཁས་དབང་མང་པོ་ཡོད་པ་མ་ ཟད། བོད་ནས་ཀྱང་མཁས་གྲུབ་སྟོང་ཕྲག་མང་པོ་རྒྱ་གར་དུ་ཕེབས་ཏེ་སློབ་གཉེར་བྱས་ནས་ མང་ཆེ་བ་བོད་དུ་ཕྱིར་ལོག་བྱས་པ་དང༌། རེ་ཟུང་རྒྱ་གར་དུའང་ཀུན་གྱི་བརྩི་མཐོང་ཡོད་པའི་གྲགས་ཅན་དུ་གྱུར་ཏེ་དཔེར་ན་ ཙ་མི་སངས་རྒྱས་གྲགས་རྡོ་རྗེ་གདན་གྱི་མཁན་པོ་གནང་བ་ལྟ་བུ་ཇི་སྙེད་ཅིག་བྱུང་ ཡོད། དུས་ཕྱིས་རྒྱ་གར་གྱི་ཆོས་སྡེ་རྣམས་ཏུ་རུ་ཁའི་དཔུང་གིས་བཅོམ་པ་ན་བོད་དུ་བཙན་ བྱོལ་དུ་ཕེབས་པའི་མཁས་པའང་ཇི་སྙེད་ཅིག་བྱུང་བ་བཅས་མདོ་དོན་འཕགས་བོད་ཀྱི་ ཆོས་དང་རིག་གཞུང༌། ལེགས་བྱང་བཅས་ཀྱི་འབྲེལ་བ་ནི་ཐ་དད་དབྱེར་མེད་ལྟ་བུ་གྱུར་ཡོད། སྐུ་གཤེགས་མོརཱརཇཱིདེསཱཨཱི་མཆོག་གིས་ངོས་ལ་གནང་བའི་ཕྱག་བྲིས་ཤིག་གི་ནང་ འཕགས་བོད་གཉིས་ནི་བྱང་ཆུབ་ལྗོན་ཤིང་རྩ་བ་གཅིག་གི་ཡལ་ག་གཉིས་དང་མཚུངས་པ་ཡིན་ ཞེས་དཔེར་བཀོད་གནང་འདུག་པ་དོན་ལ་གནས། གོང་གི་གནས་ཚུལ་དེ་དག་ལ་བརྟེན་ནས་ངས་རྒྱུན་དུ་རྒྱ་གར་ནི་ང་ཚོའི་སློབ་དཔོན་ དང་ང་ཚོ་རྒྱ་གར་བའི་སློབ་མ་ཡིན་ཞེས་བརྗོད་ཀྱི་ཡོད་པ་ནི་རབ་བཏགས་མ་ཡིན་པར་ རང་བཞིན་བརྗོད་པ་ཉིད་ཡིན།
རྒྱ་ གར་དུ་སངས་རྒྱས་ཀྱི་བསྟན་པ་ཉམས་པའི་རྗེས་ཆོས་དང་རིག་གཞུང་གི་འབྲེལ་བ་ཆད་པ་ དང་མཉམ་དུ་སྤྱི་ཚོགས་ཀྱི་འབྲེལ་བ་ཡང་ཆད་པ་ལྟ་བུ་གྱུར་ཡོད་ཀྱང༌། བོད་ནས་ནང་པའི་གནས་ཆེན་ཁག་མཇལ་མཁན་དང༌། རྒྱ་གར་ནས་གངས་ཏི་སི་དང་མཚོ་མ་དྲོས་པ་སོགས་མཇལ་མཁན་གནས་སྐོར་བ་རྒྱུན་མ་ཆད་ པ་ཞིག་ཕྱི་ལོ་ ༡༩༥༩ ལོ་བར་ལག་འཁྱེར་དང་ཐོངས་མཆན་སོགས་ཀྱི་དགོས་མཁོ་མེད་པར་རང་དབང་གིས་འགྲོ་འོང་ དང་གནས་སྡོད་ཅི་དགར་བྱེད་བཞིན་པར་མཆིས། བོད་དང་ས་འབྲེལ་གྱི་ལ་དྭགས་ནས་ཨརུནཱཅལ་པྲདེཤ་བར། བངྒཱལ་དང༌། ཨུཏ྄ཏརཔྲདེཤ། ཧིམཱཅལ། ཨུཏ྄ཏརཱཁཎ྄ཌ་སོགས་སུ་ས་མཚམས་ཀྱི་ཚོང་འབྲེལ་མུ་མཐུད་དུ་གནས་པར་མ་ཟད། ས་མཚམས་ཀྱི་རྒྱལ་ཕྲན་ཁག་དང་མཉམ་དུ་གནད་དོན་མང་པོའི་ཐོག་ཆོད་གན་འཇོག་པ་དང༌། ས་མཚམས་ཀྱི་གནས་ཆེན་འགའ་ལ་བོད་ནས་རྒྱུན་དུ་མཆོད་འབུལ་བ་གཏོང་བ་སོགས་ཀྱི་ལམ་ སྲོལ་རྒྱུན་གནས་ཡོད། དུས་རབས་ཉི་ཤུ་པའི་ནང་དུའང་མཧཱཔཎྜིཏརཱཧུལསཱཾཀྲིཏཡཱཡན་བོད་དུ་ལན་གསུམ་ཕེབས་ ཏེ་རྒྱ་གར་དུ་མ་བཞུགས་པའི་ལེགས་སྦྱར་གྱི་གཞུང་ལུགས་མང་པོའི་མ་ཕྱི་བོད་ནས་ བསྣམས་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པ་རླབས་ཆེན་མཛད།
ཆབ་སྲིད་ཀྱི་ཕྱོགས་ནས་ཀྱང་ཕྱི་ལོ་ ༡༩༠༤ ལོར་དབྱིན་ཇིའི་དཔུང་འཇུག་དང༌། དམག་མཚམས་ཆོད་པའི་ཆིངས་ཡིག་བཞག་པ། ཕྱི་ལོ་ ༡༩༡༠ ལོར་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་པ། ཕྱི་ལོ་ ༡༩༡༣།༡༩༡༤ ལོར་སིམ་ལའི་ཆིངས་ཡིག་བཞག་པ། ཆིངས་དོན་རྣམས་ལོ་བཅུ་རེའི་མཚམས་འཆར་ཅན་བསྐྱར་གསོ། བོད་དང་རྒྱ་གར་དབར་ཚོང་འབྲེལ་དང་ཚོང་ལམ་སྲུང་སྐྱོབ་ཀྱི་དཔུང་ཚོ་བོད་དུ་གནས་ སྡོད། ཡིག་ཟམ་དང་ལྕགས་སྐུད་ཀྱི་འབྲེལ་ལམ། ལྷ་སར་རྒྱ་གར་གཞུང་གི་ལས་དོན་ལས་ཁུངས་ཚུགས་པ་སོགས་འབྲེལ་ལམ་གཏིང་ཟབ་གོང་ འཕེལ་དུ་ཡོད་མུར་ཕྱི་ལོ་ ༡༩༤༧ ལོའི་ཕྱི་ཟླ་གསུམ་པའི་ནང་རྒྱ་གར་བར་བརྒལ་གཞུང་གིས་ཤར་གླིང་འབྲེལ་ལམ་གྱི་ ཚོགས་ཆེན་དུ་བོད་གཞུང་གི་སྐུ་ཚབ་གདན་ཞུ་གནང་བ། རྒྱ་གར་རང་བཙན་བྱུང་རྗེས་ཕྱི་ལོ་ ༡༩༥༦ ལོར་སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༢༥༠༠ འཁོར་བའི་དུས་ཆེན་ཐོག་ངོས་དང་པཎ་ཆེན་རིན་པོ་ཆེས་གཙོས་བོད་ཀྱི་བླ་ཆེན་མང་པོ་ མགྲོན་འབོད་གནང་བ། བོད་མི་ཡོངས་ལ་ནང་པའི་གནས་ཆེན་ཆ་ཚང་གནས་མཇལ་ཞུ་ཆེད་མེ་འཁོར་གླ་འབབ་ཕྱེད་ བཅག་གནང་བ་སོགས་མཐུན་འགྱུར་རླབས་ཆེན་གནང་ཞིང༌། སྐབས་དེར་ངོས་རང་རྒྱ་གར་དུ་གནས་སྡོད་རིང་ཕྱི་ནང་གི་གནས་ཆེན་མང་པོ་མཇལ་རྒྱུ་ བྱུང་བར་མ་ཟད། རྒྱ་གར་གྱི་འཛུགས་སྐྲུན་རྟེན་གཞི་མང་པོར་ལྟ་སྐོར་གྱིས་ཡིད་འགུལ་དང་རྣམ་ དཔྱོད་གསར་པ་མང་པོ་རྙེད་ཅིང༌། ལྷག་དོན་རྒྱ་གར་གྱི་གལ་ཆེའི་དབུ་ཁྲིད་མང་པོ་དང་མཇལ་འཕྲད་ཀྱིས་རླབས་ཆེའི་ སློབ་སྟོན་ཐོབ་པ་དང༌། ཡང་སྒོས་སྲིད་བློན་དམ་པ་པཎ྄ཌིཏནེཧརཱུས་ནང་ལུགས་ཀྱི་ལམ་སྟོན་ཐུགས་བརྩེ་ཆེན་ པོས་གནང་བ་དེ་དག་བོད་མིའི་རྩ་དོན་ལ་ཕུགས་རྒྱང་རིང་པོའི་ཕན་ཐོགས་བྱུང༌། སྐབས་དེར་ངོས་རང་སྐྱབས་བཅོལ་དུ་མ་བསྡད་པར་བོད་དུ་ཕྱིར་ལོག་བྱས་པའང་ད་ལྟ་ ཕྱི་མིག་ལྟ་སྐབས་ཆོས་སྲིད་གཉིས་ཐད་ནས་ཐག་གཅོད་མ་ནོར་བ་ཞིག་བྱས་འདུག་སྙམ་པ་ ཡོང་གི་འདུག ངོས་རང་བོད་དུ་ཕྱིར་ལོག་རྗེས་དགེ་བཤེས་དམ་འཇོག་སོགས་ཆོས་ཕྱོགས་ཀྱི་གལ་ཆེའི་ བྱེད་སྒོ་མང་དག་ཅིག་གྲུབ་པར་མ་ཟད། རྒྱ་ནག་གི་འགོ་ཁྲིད་ཚོར་སླར་ཡང་མ་ལན་མ་འགྱོད་པའི་འབྲེལ་གཏུགས་གོ་བསྡུར་བྱ་ རྒྱུའི་གོ་སྐབས་བྱུང༌།
ཀུན་གྱིས་མཁྱེན་གསལ་ལྟར་ངོས་དང་བོད་ས་གནས་གཞུང་གི་ངོས་ནས་གྲོས་མཐུན་ དོན་ཚན་བཅུ་བདུན་འོག་བོད་རྒྱ་མཉམ་གནས་ཡོང་ཐབས་ཡོད་རྒུ་རྩལ་སྤྲུགས་གང་བྱས་ དོན་མེད་དུ་སོང་རྗེས་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ལྷ་སའི་མང་ཚོགས་ནས་ཞི་བའི་ངོ་རྒོལ་མ་བྱས་ཐབས་མེད་བྱུང་རྐྱེན་ཛ་དྲག་གི་ གནས་ཚུལ་བྱུང་བ་དང༌། དེའི་སྐབས་སུའང་ངོས་ནས་ཛ་དྲག་སེལ་ཐབས་དང་དྲག་གནོན་མི་ཡོང་བའི་འབད་རྩོལ་གང་ ཐུབ་བྱས་ཀྱང་དོན་འབྲས་མ་སོན་པར་མཐའ་དོན་དེ་ཟླའི་ཚེས་ ༡༧ མཚན་མོ་བཀའ་ཤག་དང༌། ལས་ཞབས་ཧྲག་བསྡུས་བཅས་གསང་བགྲོད་ཀྱིས་བོད་ལྷོ་ཁུལ་དུ་འབྱོར་སྐབས་ཡང་བསྐྱར་ རྒྱ་གཞུང་དང་འབྲེལ་མོལ་བྱ་ཐབས་བྱས་ཀྱང་དེ་ཟླའི་ཚེས་ ༡༩ མཚན་མོ་ནས་ལྷ་སར་དྲག་གནོན་ཚད་མེད་ཀྱིས་ཉིན་མཚན་གཉིས་ཀྱི་རིང་ཉེས་མེད་བོད་ མི་ཁྲི་ཚོ་གཉིས་ལྷག་བསད་པ་དང༌། རྨས་སྐྱོན་འཛིན་བཟུང་བཙོན་འཇུག་སོགས་བྱས་སྟབས་དེ་འཕྲལ་རྒྱ་གར་དུ་བཙན་བྱོལ་ བྱ་རྒྱུ་མ་གཏོགས་ཐབས་ལམ་གཞན་གང་ཡང་མ་ལྷག་པར་བརྟེན། ཉིན་མཚན་ཤད་བསྐྱོད་ཀྱིས་ཟླ་བ་དེའི་ཚེས་ ༣༡ ཉིན་རྒྱ་གར་གྱི་ས་མཚམས་ནང་འཛུལ་ཞུགས་ཐུབ་སྟེ་ལུས་སྲོག་གི་འཇིགས་པ་གྲོལ་ནས་ རང་དབང་གིས་འཚོ་བའི་གོ་སྐབས་ཐོབ་པ་དེ་ངོས་ཀྱི་མི་ཚེའི་ནང་གལ་ཆེའི་ཉིན་མོ་ ཞིག་ཡིན་པར་མ་ཟད། བོད་མི་རིགས་ཀྱི་བྱུང་རབས་སུའང་རླབས་ཆེའི་འགྱུར་བའི་སོ་མཚམས་ཤིག་ཏུ་གྱུར།
བོད་ནང་དྲག་གནོན་མཚམས་འཇོག་མེད་ཁར་ས་ཁུལ་ཡོངས་སུ་ཁྱབ་པར་བརྟེན། བོད་མི་འབུམ་ལ་ཉེ་བ་ཞིག་དེ་ལོ་རང་དུ་མོན་ཡུལ་དང་འབྲུག་ཡུལ་བརྒྱུད་རྒྱ་གར་ དུ་སྐྱབས་བཅོལ་དུ་འབྱོར་ཞིང༌། དེ་དག་འབྱོར་མ་ཐག་པ་ནས་ཨཱསཱམ་མི་ས་མ་རི་དང༌། བངྒཱལ་གྱི་སྦག་ས་ཌོ་བ་གཉིས་སུ་འཕྲལ་སེལ་སྡོད་སྒར་གོ་སྒྲིག་གིས་ཟས་གོས་གནས་ མལ་སྨན་བཅོས་བཅས་ཀྱི་མཐུན་རྐྱེན་ཆ་ཚང་བསྐྲུན་ཏེ་དབུགས་དབྱུང་མཛད་པ་དང༌། དེ་ནས་རིམ་བཞིན་སོ་སོའི་འཁོས་ཀར་གཞིགས་པའི་གྲྭ་བཙུན་རྣམས་ལ་གཞུང་ཆེན་སློབ་ གཉེར་དང༌། ན་གཞོན་ཚོར་ཤེས་ཡོན་སློབ་སྦྱོང༌། རྒས་འཁོགས་རྣམས་ལ་རྒས་གསོ། ལས་འཕེར་བ་རྣམས་ལ་འཚོ་ཐབས་ལས་རིགས་ལ་སྦྱར་བས་མཚོན། མདོ་དོན་བཙན་བྱོལ་བོད་མི་ཡོངས་རྫོགས་སྐབས་འཕྲལ་ཟས་གོས་གནས་མལ་གྱིས་མི་ཕོངས་ ཤིང༌། ཆོས་དང་ལེགས་བྱང་གི་རྒྱུན་འཛིན་དང༌། བོད་མི་རིགས་ཀྱི་ངོ་བོ་མ་བརླགས་པའི་ཐབས་ཚུལ་ལ་འབད་འབུངས་ཐུབ་པ་བྱུང་ཡོད། ལྷག་པར་སྲིད་བློན་ནེཧརཱུས་སྐུ་སྒེར་གྱི་ཐུགས་འགན་བཞེས་ཏེ་བཙན་བྱོལ་བོད་མི་ རྣམས་ཁ་མ་འཐོར་བར་མཉམ་སྡོད་ཐུབ་པའི་སོ་ནམ་གཞིས་ཆགས་ཁག་མང་གསར་འཛུགས་དང༌། བོད་ཕྲུག་ཡོངས་ལ་དེང་དུས་ཀྱི་ཤེས་ཡོན་དང་མཉམ་དུ་བོད་ཀྱི་སྐད་ཡིག་དང༌། ཆོས་རིག ལེགས་བྱང་བཅས་པའང་སློབ་སྦྱོང་བྱ་ཡུལ་གྱི་བོད་མིའི་སློབ་གྲྭ་ཁག་ཟུར་འཛུགས་ གནང་བ་བཅས་ནི་ཕུགས་ཐག་རིང་པོའི་གཟིགས་རྒྱང་དང་ལྡན་པའི་ལམ་སྟོན་བླ་མེད་ཅིག་ བྱུང་འདུག་པ་བཅས། མདོ་དོན་འདས་པའི་མི་ལོ་ལྔ་བཅུའི་རིང་བཙན་བྱོལ་བོད་མི་ཆིག་འབུམ་ཙམ་ཞིག་རྒྱ་ གར་ཡུལ་མི་དང་ཆ་འདྲ་བའི་སྤྱི་ཚོགས་ཀྱི་ཐོབ་ཐང་ལ་རོལ་ཏེ་ད་ཆ་མི་རབས་གསུམ་པ་ རྣམས་འཚར་ལོང་ཡོང་བཞིན་པ་དང༌། དུས་ཡུན་དེ་སྲིད་དུ་རྒྱ་གར་དབུས་དང་མངའ་སྡེའི་གཞུང་འཛིན་ཚོགས་པ་མང་པོ་ཞིག་ འཕོ་འགྱུར་སོང་ཡང་བོད་མིའི་བདེ་སྡུག་ལ་གཟིགས་སྐྱོང་གནང་རྒྱུའི་སྲིད་བྱུས་ འགྱུར་མེད་བརྟན་འཛིན་གནང་བ་དང༌། ཁྱད་པར་མང་ཚོགས་ཀྱི་ངོས་ནས་མཛའ་བརྩེ་དང༌། ཆེ་མཐོང་གིས་བོད་མི་ཕལ་མོ་ཆེར་རང་ཡུལ་བྲལ་ཏེ་སྐྱབས་བཅོལ་དུ་གནས་པའི་ཚོར་ སྣང་ཡང་ཕལ་ཆེར་མེད་པ་དང༌། རང་ཉིད་ཤེས་འཇོན་ལྡན་ཚེ་ལས་ཞབས་དང་འཚོ་ཐབས་གང་གི་ནང་དུའང་རྒྱ་གར་ཡུལ་མི་དང་ འདྲ་མཉམ་གྱིས་ཞུགས་ཆོག་པ་བཅས་ནི་རྗེས་སུ་ཡི་རངས་བྱ་ཡུལ་ཞིག་ཡིན། མདོར་ན་རྒྱ་གར་རང་ལ་སྤྱི་ཚོགས་དང་དཔལ་འབྱོར། ཆབ་སྲིད་བཅས་ཀྱི་སྐུ་ངལ་དང་མཛད་དཀའ་མང་དག་ཡོད་མིན་ལ་མ་ལྟོས་པར་ཕྱོགས་ཡོངས་ ནས་བཙན་བྱོལ་བོད་མིར་རྒྱབ་སྐྱོར་དང་མཐུན་འགྱུར་ཆེ་ཤོས་གནང་མཁན་དེ་ཆགས་ཡོད། འདས་ལོ་ལྔ་བཅུའི་ཉམས་མྱོང་ལས་ད་ཆ་བཙན་བྱོལ་བོད་མི་ཡོངས་ལ་ང་ཚོས་སྐྱབས་བཅོལ་ ཞུ་ཡུལ་ནོར་མི་འདུག་སྙམ་པའི་ཡིད་ཆེས་བརྟན་པོ་རྙེད་ཡོད།
དེ་མཚུངས་རྒྱ་གར་མང་ཚོགས་ཀྱི་ཁྲོད་རིགས་རུས་དང༌། ཆོས་ལུགས། ཆབ་སྲིད་ཚོགས་པ་བཅས་ཀྱི་དབྱེ་བ་མེད་པར་འཕགས་བོད་མཛའ་འབྲེལ་ཚོགས་པ་དང༌། འཕགས་བོད་མཐུན་འབྲེལ་སྡིངས་ཆ། རྒྱ་གར་བོད་ཀྱི་གྲོགས་པོ་སོགས་ཀྱིས་མཚོན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སྣ་ མང་དང༌། གཞན་ཡང་གང་ཟག་སྒེར་གྱི་ངོས་ནས་བཙན་བྱོལ་བོད་མིའི་བདེ་དོན་དང་བོད་ཀྱི་རྩ་ དོན་ཐོག་རང་དོན་ལས་ལྷག་པའི་ཐུགས་ཁུར་བཞེས་མཁན་གྲངས་ལས་འདས་པ་ཞིག་བྱུང་དང་ ཡོང་བཞིན་པ་དེ་ནི་རྒྱ་གར་གྱི་ཐུན་མིན་ལེགས་བྱང་དང༌། དགེ་རྒན་གྱིས་དགེ་ཕྲུག་ལ་བརྩེ་གདུང་མཚོན་པ་ཞིག་ཡིན། བོད་མི་རིགས་ཀྱི་ངོ་བོ་དང༌། རྒྱ་གར་ནས་བྱུང་བའི་བོད་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་བཅས་ཆགས་འཇིག་གི་སོ་ མཚམས་སུ་གྱར་བའི་སྐབས་འདིར་རླབས་ཆེའི་གྲོགས་ཕན་འདི་ལྟ་བུ་གནང་བ་ནི་དགོས་ དུས་སུ་ཕན་པའི་གྲོགས་པོ་ནི་གྲོགས་པོ་ངོ་མ་ཡིན་ཞེས་དབྱིན་སྐད་ཀྱི་གཏམ་དཔེ་ ནང་ཡོད་པ་ལྟར་དངོས་སུ་བྱུང་ཡོད།
སྐད་དང་གོམས་གཤིས། རྒྱུན་སྤྱོད་སོགས་མི་འདྲ་བའི་དབང་གིས་ཡུལ་མི་རྣམས་ལ་སྐུ་ངལ་དང་ཐུགས་བསུན་ ཡོང་སྲིད་པ་ཡིན་ནའང༌། ལོ་ལྔ་བཅུའི་རིང་གནས་ཚུལ་ཆུང་ཙག་ཉུང་ཤས་ཕུད་པའི་ཁྱོན་ཡོངས་ནས་བོད་མི་དང་ ཡུལ་མིའི་དབར་དཀའ་རྙོག་མ་བྱུང་བ་ནི་ངོ་མཚར་དང་ཡི་རངས་བྱ་འོས་པ་དང༌། རྒྱ་གར་གྱི་བཟོད་བསྲན་གྱི་ལེགས་བྱང་མཚོན་པ་ཞིག་ཀྱང་ཡིན། རྒྱ་གར་དུ་ཁྱིམ་མཚེས་རྒྱལ་ཁབ་ཅི་རིགས་ནས་ཡོང་བའི་སྐྱབས་བཅོལ་བ་གཞན་དང་ བསྡུར་ན་གྲངས་འབོར་གྱི་ཆ་ནས་བོད་མི་སྐྱབས་བཅོལ་བ་ཉུང་ཤོས་ཡིན་རུང༌། གཞུང་དང་མང་ཚོགས་ཀྱི་མཐུན་འགྱུར་དང་ངོས་འཛིན་ཆེ་ཤོས་འཐོབ་ཡོད་པར་མ་ཟད། རྒྱ་གར་གྱི་གྲོང་ཚོ་ཕལ་ཆེ་བའི་ནང་དགུན་ཁའི་སྐབས་བལ་གོས་ཚོང་པའི་ངོ་བོར་ དངོས་གསལ་དོད་པོས་མཐོང་རྒྱུ་ཡོད་པ་ཞིག་ཀྱང་ཡིན། སོ་ནམ་ཞིང་ལས་ཐོག་འཚོ་ཐབས་ཁ་གསབ་ལྟ་བུར་བོད་མི་མང་ཆེ་བ་དགུན་དུས་ཟླ་ཤས་རིང་ རྒྱ་གར་གྱི་གྲོང་ཁྱེར་ཕལ་མོ་ཆེའི་ནང་བལ་གོས་འཚོང་འགྲེམས་སུ་བསྐྱོད་རྒྱུའི་ ལམ་སྲོལ་ཞིག་བྱུང་བ་དེ་བཙན་བྱོལ་བོད་མིའི་འཚོ་ཐབས་ལ་རོགས་སྐྱོར་མ་ཟད། འཕགས་བོད་མང་ཚོགས་དབར་འབྲེལ་ལམ་དང་གོ་རྟོགས་སྤེལ་རེས་ཀྱི་ཆ་རྐྱེན་བཟང་པོ་ ཞིག་ཀྱང་བྱུང་ཡོད། བཙན་བྱོལ་བོད་མི་མང་ཆེ་བ་ད་ཆ་རང་ཁ་རང་གསོ་ཐུབ་པའི་གནས་སུ་སླེབས་ཡོད་ཀྱང༌། གཞི་རིམ་སློབ་གྲྭ་ཁག་གིས་མཚོན་ད་ལྟའང་སྡེ་ཚན་དང་སྒྲིག་འཛུགས་མང་པོ་ཞིག་རྒྱ་ གར་དབུས་སའི་གཞུང་གི་དཔལ་འབྱོར་གྱི་མཐུན་འགྱུར་ལ་བརྟེན་བཞིན་གནས་ཡོད།
ངོས་རང་སྒེར་ལ་མཚོན་ནའང་རང་དབང་དང་བག་ཕེབས་ཀྱི་ངང་ཡིད་དྭོགས་བློ་ངལ་ ཅིའང་མེད་པར་སྟོན་པ་ཤཱཀྱ་ཐུབ་པས་ལེགས་པར་བསྟན་པའི་དམ་པའི་ཆོས་ཀྱི་ཉམས་ལེན་ དང༌། དེ་ལ་བརྟེན་ནས་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེ་སྒྲུབ་ཐབས་སུ་ཞབས་ འདེགས་མི་དམན་ཙམ་བསྒྲུབས་ཐུབ་པའང་རྒྱ་གར་གྱི་བཀྲིན་ཡིན་ཞིང༌། ངོས་ཀྱི་རང་རྣམ་གསར་པའི་མིང་བྱང་ཡང་ “བཙན་བྱོལ་དུ་རང་དབང་” ཞེས་བཏགས་ཡོད། རྒྱ་གར་ངོས་རང་གི་ཆོས་ཀྱི་བསྟི་གནས་སུ་གྱུར་པ་ནི་དགའ་སྤོབས་འོས་པ་ཞིག་ཡིན་ ཁར། ངོས་རང་གང་དུ་ཕྱིན་ཀྱང་ཡུལ་འདིའི་ལྟ་གྲུབ་ཡང་སྙིང་བྱམས་བརྩེ་དང༌། འཚེ་བ་མེད་པའི་ལམ་བཟང་རྒྱ་གར་བའི་མགྲིན་ཚབ་པ་ལྟ་བུར་ཁྱབ་སྤེལ་བྱེད་ཀྱི་ཡོད། ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མིའི་བཟང་སྤྱོད་སྤེལ་རྒྱུ་དེ་ལས་འགན་གལ་ ཆེ་ཤོས་སུ་འཛིན་གྱི་ཡོད། དེ་ནི་གང་ཟག་སྒེར་དང༌། ཁྱིམ་ཚང༌། སྤྱི་ཚོགས་བཅས་ལ་བདེ་སྐྱིད་འབྱུང་བའི་གཞི་རྩ་ཡིན་པར་སེམས། དེ་ནས་ཆོས་པ་ཞིག་ཡིན་པའི་ཆ་ནས་ངའི་དོ་སྣང་དང་ལས་འགན་གཉིས་པ་ནི་ཆོས་ལུགས་ཕན་ ཚུན་མཐུན་ལམ་སྤེལ་རྒྱུ་དེ་ཡིན། ལྟ་བ་དང་གྲུབ་མཐའ་མི་འདྲ་བ་ཡོད་མིན་ལ་མ་ལྟོས་པར་ཆོས་ལུགས་ཚང་མར་བྱམས་པ་དང༌། བརྩེ་བ། བཟོད་བསྲན། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་གཅིག་མཚུངས་ཡོད་ལ། མི་ཚེ་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་རྒྱུའི་ནུས་པའང་གཅིག་མཚུངས་ཡོད། བོད་ཀྱི་གནད་དོན་ཐད་བྱུང་རབས་ནང་ཆེས་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་བོད་མི་ ཚོས་ངོས་ལ་མུ་མཐུད་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད་སྟབས་ངོས་ལ་དམིགས་བསལ་ གྱི་ལས་འགན་ཡོད། བོད་མིའི་བདེ་དོན་ནི་ངའི་རྒྱུན་ལྡན་གྱི་སེམས་ཁུར་ཞིག་ཡིན་ལ། ངོས་རང་རང་དབང་ལུང་པར་ཡོད་པས་བཙན་འོག་ཏུ་ཡོད་པའི་བོད་མི་ཚོའི་མགྲིན་ཚབ་པ་ ཞིག་ཡིན་པར་བསམ་གྱི་ཡོད།
འདས་པའི་ལོ་ལྔ་བཅུའི་རིང་རྒྱ་གར་གྱི་ཆེས་མཐོའི་ཆབ་སྲིད་ཀྱི་དབུ་ཁྲིད་ རྣམ་པ་དང༌། སྤྱི་ཚོགས་ཞབས་ཞུ་བ། མཁས་དབང་སོགས་གྲངས་ལས་འདས་པ་ཞིག་གིས་ངོས་ལ་མཛའ་བརྩེ་ཆེན་པོས་རྒྱབ་སྐྱོར་དང་ མཐུན་འགྱུར། ལྷག་པར་སྤྱི་སྒེར་གྱི་ལས་དོན་དུ་མའི་ཐོག་སློབ་སྟོན་གནང་བ་དང༌། ཡིད་ཆེས་འཕེར་བའི་མཆེད་གྲོགས་ཀྱི་འདུ་ཤེས་འཛིན་པ་དེ་དག་ནི་ཆེས་རིན་ཐང་ཅན་ གྱི་ཕན་གྲོགས་བརྗེད་ཐབས་བྲལ་བ་ཞིག་ཡིན། དེ་དག་གི་མཚན་ནས་སྨོས་ཀྱིས་མི་ལངས་མོད། མཚོན་དཔེ་ཙམ་འགའ་ཞིག་གི་མཚན་དེ་རིང་རྗེས་དྲན་ཞུ་ན། སྐུ་ཞབས་རཱཇགོཔཱལཱཅཱརིའ་དང༌། ཌོགཊར་རཱཇེན྄དྲཔྲསཱད། པཎ྄ཌིཏཇབཱཧརལཱལནེཧརཱུ། ཨཱཅཱརྱབིནོབཱབྷཱཝེ། སྐུ་ཞབས་ཇཡཔྲཀཱཤནཱརཱཡཎ། ཨཱཅཱརྱ་ཀྲིཔ་ལཱ་ནིའསོགས་དྲན་ཡུལ་དུ་ལྷམ་མེར་གསལ་ཞིང༌། འདིར་མཚན་སྨོས་མ་ཐུབ་པ་རྣམས་གལ་གནད་ཆུང་བར་བརྩི་བ་ནམ་ཡང་མིན་པར། གྲངས་ལས་འདས་པས་མཚན་སྨོས་ཐབས་བྲལ་བ་ཡིན། ད་ལྟ་ཞལ་བཞུགས་པའི་གྲོགས་པོ་རྣམས་ཀྱང་མཚན་ནས་སྨོས་རྒྱུའི་ངལ་བ་མ་བྱས་པར་ཚང་ མའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།
འདས་པའི་མི་ལོ་ཉིས་སྟོང་བརྒལ་བའི་བྱུང་རབས་སུ་རྒྱ་གར་གྱིས་བོད་ལ་ བསྐྱངས་པའི་བཀའ་དྲིན་དང༌། ལྷག་པར་ད་ལྟའི་ལོ་ལྔ་བཅུའི་རིང་བོད་མིར་རྒྱ་གར་གཞུང་མང་གིས་བྱམས་གཟིགས་འཚོ་ སྐྱོང་གནང་བའི་བཀའ་དྲིན་ནི་གསབ་ཐུབ་པ་ཞིག་མ་ཡིན་ཡང༌། དེ་རིང་ངོས་རང་འཕགས་ཡུལ་འདིར་བཙན་བྱོལ་དུ་འབྱོར་ནས་ལོ་ལྔ་བཅུ་སོང་བའི་དུས་ ཚིགས་དང་བསྟུན་བཀའ་དྲིན་རྗེས་དྲན་མཚོན་བྱེད་ཙམ་དུ་ཚོགས་འདུ་འདིར་དངོས་སུ་ ཕེབས་པའི་མཆེད་གྲོགས་ཕོ་མོ་རྣམ་པའི་བརྒྱུད་རྒྱ་གར་གཞུང་མང་ཡོངས་ལ་སྙིང་ནས་ ཐུགས་རྗེ་དང་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།
གོང་དུ་ཞུས་པ་ལྟར་བོད་མི་རིགས་ཀྱི་འདས་པའི་ལོ་ ༡༥༠༠ ཙམ་གྱི་རིང་རྒྱ་གར་ནས་བརྒྱུད་པའི་ནང་པའི་ཆོས་དང་དེའི་རིག་པའི་གཞུང་ལུགས། དེ་ལས་བྱུང་བའི་ལེགས་བྱང་བཅས་རྒྱུན་འཛིན་དང་སྲུང་སྐྱོབ་དར་རྒྱས་རླབས་ཆེན་ ཞུས་ཐུབ་པ་དེ་ནི་དྲིན་ལན་བསབས་པའི་བྱ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅིང༌། དེ་དག་རྒྱ་གར་དུ་ཉམས་དམས་སོང་བ་རྣམས་བསྐྱར་གསོའི་ལམ་ནས་རྒྱ་གར་ལ་ཕྱིར་འབུལ་ ཞུ་རྒྱུའི་རེ་འདུན་ཤུགས་ཆེ་ཡོད། སྲིད་བློན་ནེཧ་རཱུས་གནད་དོན་དེའི་ཆེད་འབྲས་ལྗོངས་བོད་རིག་པའི་ཉམས་ཞིབ་ཁང་ དང༌། ལ་དྭགས་མཚན་ཉིད་སློབ་ཁང༌། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་བཅས་ཆེད་འཛུགས་བསྐྱངས་པ་ལྟར་ལེགས་སྦྱར་ གྱི་མ་དཔེ་རྩ་བརླགས་ཟིན་པའི་གཞུང་ལུགས་བོད་སྐད་དུ་བཞུགས་པ་རྣམས་ནས་ལེགས་ སྦྱར་གྱིས་མཚོན་རྒྱ་གར་གྱི་སྐད་རིགས་ཁག་ཏུ་བསྒྱུར་ཏེ་བསྐྱར་གསོ་བྱེད་ རྒྱུའི་ལས་རིམ་གཞི་རྒྱ་ཆེ་བ་ཞིག་བརྩམས་ཡོད་པ་དེ་དག་ད་ལྟ་གང་ལེགས་སྒྲུབ་ བཞིན་ཡོད་པ་ནི་འདོད་བློ་ཚིམས་པའི་གནས་དང༌། བོད་མིས་འཛིན་སྐྱོང་བྱེད་པའི་རྒྱ་གར་གྱི་རིག་གཞུང་རྣམས་ད་ཆ་རྒྱ་གར་ལ་བསྐྱར་ དུ་འབུལ་ལམ་ཞུ་རྒྱུའི་ལས་རིམ་མཚོན་པའི་ཆེད་བོད་སྐད་ཀྱི་བཀའ་འགྱུར་དང་བསྟན་ འགྱུར་ཆ་ཚང༌། ཝཱཎཱ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་ནས་ད་བར་ལེགས་སྦྱར་དུ་བསྐྱར་གསོ་ཟིན་ པའི་ཆོས་ཚན་གྲངས་ ༦༣ དང༌། ཧིན་སྐད་སོགས་སུ་ཕབ་བསྒྱུར་ཟིན་པའི་ཆོས་ཚན་གྲངས་ ༡༥༠ ལྷག་ཙམ་ཞིག་རྒྱ་གར་རྒྱལ་ཁབ་ལ་འབུལ་ལམ་ཞུ་འཆར་ཡོད། དེ་རིང་ཁྱེད་རྣམ་པར་སྙན་གསན་ཞུ་བ་དང་ཆབས་ཅིག་ངོས་ནས་གཞིས་བྱེས་བོད་མི་ཡོངས་ ཀྱི་ཚབ་བྱས་ཏེ་རྒྱ་གར་གྱི་དབུས་དང་མངའ་སྡེའི་གཞུང་དང་མི་མང་ཡོངས་ལ་སྙིང་ནས་ ཐུགས་རྗེ་དང་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཡང་ཡང་ཞུ་རྒྱུ་ཡིན།
དེ་བཞིན་བལ་ཡུལ་དང་འབྲུག་ཡུལ་གཉིས་ཀྱང་བོད་ཀྱི་ཁྱིམ་མཚེས་ཆོས་དང་རིག་ གཞུང༌། སྤྱི་ཚོགས་བཅས་ཀྱི་འབྲེལ་ལམ་དམ་ཟབ་ཡོད་པའི་ཡུལ་ལུང་ཞིག་ཡིན་པ་དང༌། རྒྱལ་ཁབ་དེ་གཉིས་ཀའི་ནང་བཙན་བྱོལ་བོད་མི་མི་ཉུང་བ་ཞིག་ད་བར་གནས་སྡོད་ཀྱིས་ འཚོ་བ་བཟང་པོ་སྐྱེལ་བཞིན་ཡོད་པས་བལ་འབྲུག་གཉིས་ཀྱི་གཞུང་དང་མང་ཚོགས་བཅས་པར་ བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། དེ་བཞིན་འཛམ་གླིང་ཡུལ་གྲུ་གང་སར་བཙན་བྱོལ་བོད་མི་མང་ཉུང་ཅི་རིགས་གནས་སྡོད་ ཡོད་པའི་རྒྱལ་ཁབ་ཁག་གི་གཞུང་མང་ཡོངས་ལའང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། འགྲོ་ཀུན་བདེ་བའི་སྨོན་ལམ་དང་བཅས་ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མ་ སྐྱེ་ཕྲེང་བཅུ་བཞི་པས་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༣༡ ལ།། །།
༼ བཀའ་སློབ་འདི་ནི་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༣༡ ཉིན་བོད་གཞུང་མང་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་དང་ བསྟུན་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་སྐབས་སྤྱི་ནོར་ྋགོང་ས་ ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྩལ།། ༽
རྒྱ་གར་གྱི་གཡུང་དྲུང་ཆོས་ལུགས་པ་རྣམས་ཀྱིས་གཙོས་ཕྱི་ནང་ཡོངས་ཀྱིས་ཆེས་རྩ་ ཆེར་འཛིན་པའི་རི་བོ་ཀཻ་ལཱ་ཤ་དང༌། ཞེས་པའི་གཡུང་དྲུང་གི་དོན་ལ་དྤྱད་བཞིན་ཡོད་ལགས།
ཡང་། རྒྱལ་པོའི་ཐོག་མའང་ཕྱི་ལོ་སྔོན་གྱི་ལོ་བརྒྱ་ཕྲག་གཅིག་དང་ཕྱེད་ཙམ་དུ་མགདྷའི་ རྒྱལ་སྲས་ཤིག་ཡུལ་ནས་བསྐྲད་པ་བོད་དུ་ཕྱིན་པར་བོད་མིས་གཉའ་ཁྲི་བཙན་པོར་འབོད་ དེ་རྒྱལ་པོར་བསྐོས་པ་ནས་བོད་ཀྱི་རྒྱལ་རྒྱུད་བྱུང་བར་གྲགས་པ་བཅས་སྔོན་རབས་ དང་དེ་བྱུང་གང་ནས་བལྟས་ཀྱང་བོད་དང་རྒྱ་གར་གཉིས་ས་བབ་དང་མི་རིགས་རྒྱལ་རྒྱུད་ བཅས་གང་ས་ནས་ཧ་ཅང་འབྲེལ་ལམ་དམ་ཟབ་ཡོད་པ་དང༌། ཅེས་པའི་ལོ་རྒྱུས་ལ་ཡིད་ཆེས་དཀའ་ཙམ་བྱུང་སོང་། འོན་ཀྱང་ཧིན་བོད་མཛའ་མཐུན་རྟག་བརྟན་ཤོག །
གུས་པའི་ན་ཟུག་གི་རྩོམ་ཐུང་འདི་བོད་ཀྱི་དུས་བབ་དང་ཁ་བརྡ་གཉིས་ཀར་ཐེངས་ཤས་བཏང་བ་ཡིན། ཡིན་ནའང་ད་དུང་ཡང་སྟོན་མ་སོང་།
ཇ་ལན་ཆུ་འཇལ།
ཕ་རུས་དཀར་པོ་སྙིང་ལ་བཅངས་ཏེ་རིགས་ཞེན་ལང་ཚོ་རྒྱས་པའི་ཆོལ་གསུམ་གྱི་གངས་ཕྲུག་ཚོས། རྒྱ་དམར་ཀླ་ཀློའི་འཁྱོག་བརྗོད་དང་རྫུན་བཟོའི་གཉན་ འབུར་དེ་དག་འཚེ་མེད་ཞི་བའི་དྲང་བདེན་གྱི་སྤུ་གྲི་བཙུགས་ཏེ་གཏོལ་བས། དྲག་སྤྱོད་དང་བཙན་གནོན་ལ་གོམས་པའི་རྒྱ་དམག་གིས་། ཞི་བའི་མི་ སེར་རྣམས་ལ་མུ་མཐུད་དེ། དེང་དུས་ཀྱི་མེ་མདའ་དང་འབར་རྫས་བེད་སྤྱོད་གཏོ་ང་བ། དུག་རླངས་གཏོར་བ། ལྐོག་གསོད་གཏོང་བ། གསོན་པོར་མེར་སྲེག་ གཏོང་བ། རྐང་ལག་གཅོག་པ། ཐེམ་རེ་མི་རེའི་མདུན་ལ་དམག་དཔུང་གིས་བཙན་ཤེད་ཆེན་པོས་བཀག་ནས། ནང་དུ་ལྟོགས་ཤི་ཐེབས་སུ་བཅུག་པ་དང་ རྒྱ་ཕྲག་ཁ་ཤས་དམར་གསོད། སྟོང་ཕྲག་འགའ་ཤས་རྨས་སྐྱོན། དེ་ལས་མང་བ་དྲག་གནོན་དང་བཙན་ཤེད་ཀྱི་མུན་པའི་བཙོན་ཁང་དུ་བཅུག་པ་སོགས་རིག་ འཚོ་ཟིན་པ་སུ་ཞིག་གིས་ཀྱང་ཐོས་པ་ཙམ་གྱིས་ལུས་ཀྱི་བ་སྤུ་འདར་དགོས་པའི་གནས་ཚུལ་བྱུང་ཡོད། ད་རེས་ལ་རྒྱ་དང་སྙིང་སྟོབས་ཅན་གྱི་རང་རིགས་ སྤུན་ཟླ་འགས་བོད་ནང་ནས་སྤྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེ་མོའི་སྐབས། བོད་མི་ཚོར་མི་སྤྱོད་ལས་འདས་པའི་གདུག་རྩུབ་བཏང་བའི་ཟུར་ཆ་ཞིག ཚེ་སྲོག་གི་ཉེན་ཁ་ལ་མི་ལྟོས་པར་རྒྱ་དམར་ཇག་ཚོགས་ཀྱི་རྒྱུག་ཁྱི་ཅོལ་ཆུང་འགའ་དང་ཇག་དམག་གིས་ལག་ཏུ། མཚོན་ཆ་ཁབ་ཙམ་ཐོགས་མེད་པའི་ གདན་ས་ཆེན་པོ་སེ་ར་ཐེག་གླིང་གི་ཤར་ཕྱོགས་སུ་ཡོད་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཤང་རུ་ཁག་གཉིས་པ་གཙོ་བོར་གྱུར་བའི་ཞི་བའི་མི་སེར་ཚོར་ཨ་རིའི་དམག་མིས་ཨི་རག་ལ་འཇིག་སྐུལ་བར་རྡུང་རྡེག་གཏོང་བ་ལྟ་བུའི་ལྕགས་གྲབ་འཁོར་ལོ་དང་། ཉེན་རྟོག་པའི་རླང་འཁོར་སྣ་མང་དང་། དྲག་ཆས་ཉེན་རྟོག་དམག་མི་དང་། ཉེན་རྟོགས་རུ་ཆེན། སྤྱི་བདེ་ཉེན་རྟོག་པ། དམིགས་བསལ་དྲག་ཆས་ཉེན་རྟོག་པ། མཐའ་མཚམས་སྲུང་དམག་སོགས་ ཀྱིས་ཁྱི་མང་མཉམ་དུ་ཁྲིད་ནས་ལག་ཏུ་མེ་མདའ་དང་ལག་ལྕགས། གློག་རྒྱུག་སོགས་ཁྱེར་ནས་འཇིག་སྐུལ་བ་ལྟ་བུ་བོད་ཀྱི་གྲོང་གསེབ་ ཁུག་ཀྱོག་དེ་ནང་ལ་བཙན་འཛུལ་གྱི་སྒོ་ཤུགས་ཆེན་རྡུང་སྟེ་ནང་ལ་འཛུལ་ནས་མི་ལ་ཉེས་རྡུང་བཏང་བ་མ་ཟད་ནང་གི་ཁྱི་སོགས་ལ་ཉེས་རྡུང་ཚབ་ཆེན་ བཏང་ནས་ཁྱིམ་དུ་གང་སར་སྔོག་བཤེར་དང་མི་སྣ་གང་བྱུང་གི་འཛིན་བཟུང་བྱས་པ་མ་ཟད་རྒྱ་དམག་གིས་ལོ་ངོ་བཞི་བཅུ་ཡོལ་ཙམ་གྱི་བོད་ཀྱི་གྲོང་གསེབ་ཨ་ཅག་དེ་ལ་འཕྱ་སྨོད་དང་མཐོང་ཆུང་བྱས་ཏེ་རྡོ་ཞིག་འགྲུག་ནས་འཇིག་སྐུལ་བྱས་པ་སོགས་ཀྱི་རིན་ཆེན་སྟོང་ལས་ལྷག་པའི་དངོས་བྱུང་གི་བརྙན་འཕྲིན་ འདི་ཉིད་རྒྱལ་གཅེས་ལྷག་བསམ་ཅན་གྱི་བོད་མིས་རང་སྲོག་བློས་བཏང་ནས་ཐབས་ཤེས་ཡོད་རྒུ་བཙལ་ནས་བཙན་བྱོལ་བོད་གཞུང་ལ་གཏོང་ཐུབ་ཀྱང་། འདི་ནས་ཕྱི་འབྲེལ་ལས་བྱེད་ཟ་རི་ཟི་རེ་དེ་ཚོས་འགྲེམ་སྤེལ་སྐབས་རྒྱལ་སྤྱིའི་གསར་འགྱུར་གྲགས་ཅན་དབྱིན་ཇིའི་ BBC,ཨ་རིའི་ CNNགཉིས་དང་།རྒྱ་གར་ གསར་འགྱུར་ NDTV སོགས་ལ་ཁྱབ་བསྒྲགས་ཙམ་མ་བྱས་པ་མ་ཟད། ནང་ཁུལ་ལའང་གསར་འགོད་བསལ་བསྒྲགས་མ་བྱས་པར་རྐུན་མ་ལྟ་བུ་འགྲེལ་ བཤད་སྤུ་ཙམ་མེད་པར་། ནག་ཐོམ་མེར་བོད་ཀྱི་དྲ་བརྙན་སྟེང་དུ་འགྲེམ་སྤེལ་ཙམ་ལས་ཚེ་སྲོག་བསྐྲུན་པའི་བརྙན་འཕྲིན་འདི་ལ་རིན་ཐང་གང་ཡང་མི་རྩི་བ་ ནི་བློ་ཕམ་གྱི་རང་བཞིན་ལས་མ་འདས། ད་ལོ་༸གོང་ས་མཆོག་ལ་ནོར་ལྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་ནས་ལོ་ངོ་ ༢༢ འཁོར་བའི་ མཛད་སྒོ་སྐབས་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་ཚོགས་གཙོ་སོགས་གནད་ཡོད་ཀྱི་མི་སུ་ཞིག་ཀྱང་ཚེ་སྲོག་གིས་བསྐྲུན་པའི་བརྙན་འཕྲིན་འདི་རྒྱུན་ གཏན་གྱི་གནས་ཚུལ་ལྟ་བུ། རིན་ཐང་གང་ཡང་མི་མངོན་པར་དེའི་སྐོར་ཚིག་གཅིག་ཀྱང་མི་གསུངས་པ་ནི་ཅི་འདྲའི་ཡིད་སྐྱོ་དགོས་པ་ཞིག་མ་རེད་དམ། རྒྱ་དམར་ཇག་དམག་གིས་གློ་བུར་དུ་དྲག་ཤུགས་བེད་སྤྱོད་བཏང་ནས་ཐུབ་ཚོད་དང་སྙད་བཅོས་རྩུབ་མོས་དོག་སྡེ་ཁུལ་གྱི་ཞིང་པ་དཀྱུས་མ་ཚེ་རིང་ནོར་ བཟང་ལགས་དང། ལོ་༣༢ བྱམས་པ་རྒྱལ་མཚན་ལགས། ལོ་༥༣ ཕུ་བུ་དངོས་གྲུབ་ལགས། ལོ་༢༩ ཨ་ལགས་ཞིག ལོ་༤༥ ཉི་མ་ཚེ་རིང་ལགས། ལོ་༢༨ པ་སངས་ལགས། ལོ་༣༨ དབང་འདུས་ལགས། ལོ༤༥ ཕུ་བུ་ལགས། ལོ༢༢ བཅས་བོད་མི་བརྒྱད་དྲག་པོ་འཛིན་བཟུང་བྱས་སོང། ཁོང་ཚོའི་བརྒྱད་པོའི་ མཚན་ཙམ་ད་བར་འདིར་བཙན་བྱོལ་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་འགྲེམ་སྤེལ་བྱས་པའི་བཙོན་པའི་མཚན་གཞུང་ནང་ལ་འཁོད་མེད།བྱས་ཙང་ད་ཆ་ཁོང་ཚོ་འཆི་སོན་གང་ཡིན་ཐེ་ཚོམ་གྱི་གནས་སུ་གྱར་ཡོད། སྤུན་ཟླ་ཚོར་གཟིགས་དང་རྒྱ་དམར་གྱིས་གྲོང་གསེབ་ཆུང་ཆུང་དེའི་ནང་ལ་ གདུག་རྩུབ་ཀྱི་ལས་འགུལ་དེ་འདྲ་སྤེལ་དུས་རྫོང་དང་གྲོང་ཁྱེར་ཆེ་ཁག་གི་ནང་ལ་དེ་ལས་ཚབས་ཆེ་བ་སྤེལ་བ་ཤུགས་ལ་དཔོག་ཐུབ།
ངས་པོ་རྒྱལ་མཚན་ལགས།
སེམས་ཤུགས་མ་ཆག ཁྱེད་རང་གི་མཆན་རྩོམ་འདིས་ང་ལ་བློ་སྐྱེད་མང་པོ་བྱུང་། ཐུགས་རྗེ་ཆེ་ལགས། བོད་ཀྱི་དུས་བབ་དང་ཁ་བརྡའི་འགན་འཛིན་ཁོང་ཚོ་ཡང་ཆབ་སྲིད་ཀྱི་ཁེ་ཕན་རེ་སེམས་འཆང་འདོད་ཡོད་སྲིད་པས་ཡིན་སྲིད་དོ། བློ་སྤཽབས་ད་དུང་གོང་འཕེལ་གཏོང་ཤོག །
སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་བཀའ་སློབ་འདི་ཉིད་གཞིར་བཟུང་རང་ཅག་བོད་རིགས་དག་གིས་རྒྱ་བོད་ཀྱི་སྔོན་འབྲེལ་བཟང་པོར་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པའི་བསམ་པ་བྱུང་། ལྗོང་ཤིང་བཟང་པོ་དང་འགྲོགས་ན། ནགས་སའི་འཁྲི་ཤིང་གིས་གནམ་་མཐོང་། ཞེས་པའི་དཔེ་བཞིན། སྤྱི་ལོ་༡༩༥༧ལ་གདན་ས་བཀྲ་ཤིས་ལྷུན་པོར་སྐྱབས་མགོན་རྒྱལ་བའི་དབང་པོ་ནས་སྤྱན་རས་གཟིགས་ཀྱི་དབང་དང་། བཀའ་སློབ་ཞུས་ནས། ལ་དྭགས་སུ་ཕྱིན། བོད་ལ་ལོག་ནས་དཔེ་ཆ་བལྟ་བསམས་ཀྱང་། དུས་འཁྲུགས་ཀྱིས་༡༩༥༨ལོར་ཝ་ཎ་ལེགས་སྦྱར་སློབ་གྲྭ་ཆེན་མོར་སློབ་སྦྱོང་དུ་ཞུགས། སྐྱབས་མགོན་རིན་པོ་ཆེ་ཆོས་འཁོར་གནས་བརྒྱུད་དེ། རི་བོ་གངས་ཅན་ལོགས་ཀྱི་མ་སི་རི་ཞེས་པའི་གྲོང་ཁྱེར་བསིལ་ལྗོངས་སུ་བྱོན་སྐབས་སུ། རྒྱ་གླིང་གིས་ཕེབས་སུ་ཞུ་བའི་སྐལ་བ་བཟང་པོ་བྱུང་། དེ་ནས་བླ་མའི་བྱིན་རླབས་ཀྱིས། སེམས་དཔའ་ཆེན་པོ་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་ཞབས་དྲུང་ནས། བླ་མ་ཉིད་ཀྱིས་མཛད་པའི་བྱང་ཆུབ་སེམས་ཀྱི་བསྟོད་པ་དང་། སྙན་སུམ་བཅས་ཞུ་བའི་དུས་སྐབས་ལེགས་པ་ཐོབ། སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་བཞེད་པ་བཞིན་དུ། རྒྱ་བོད་ཀྱི་རིག་གཞུང་ལ་སྦྱངས་པ་བྱུང་ཕྱིར། མཛེས་དགའ་བའི་སྙན་དངགས་ཆེན་མོ་ཞེས་པ་ལེགས་སྦྱར་སྐད་ནས། བོད་སྐད་དུ་བསྒྱུར་པ་དེ་ཝ་ཎ་བོད་ཀྱི་སློབ་གྲྭ་ཆེན་་མོ་ནས་༡༩༩༩ལོར་སྤར། བོད་སྐད་ནས། དབུ་མ་རིན་ཆེན་འཕྲེང་བ་ལེགས་སྦྱར་འཐོར་བརླག་ཏུ་སོང་བའི་ཚིགས་བཅད་གཉིས་བརྒྱ་༢༡༣ཙམ་དང་། སློབ་དཔོན་ཞི་བ་འཚོའི་དབུ་མ་རྒྱན་རྩ་འགྲེལ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་སློབ་དཔོན་ཤེར་འབྱུང་བློ་གྲོས་ཀྱིས་མཛད་པ། ལེགས་ཁ་འཐོར་པ་ཀུན་སླར་ལེགས་སྦྱར་སྐྱར་གསོ་ཞུ་ཐུབ་པ་བླ་མབཞེད་པ་བཞིན་དུ་གྲུབ་པ་འདི་དག རྗེ་བཙུན་བླ་མ་དགྱེས་པར་སྒྲུབ་པའི་མཆོད་པ་ལགས་ཞེས་སེམས་སོ།
༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་བཀའ་སློབ་ལ་མཆན་འདེབས་མཁན་དཀོན་པར་སྣང་། གང་ཡིན་ཆ་མ་རྟོགས། ཡི་གེའི་དག་ཆ་འགར་མཆན་འབྲི་བ་འདི་ཞགས་འདེགས་སུ་འགྱུར་བ་མ་གཏོགས། བསྐུར་འདེབས་སུ་ག་ལ་འགྱུར། དེ་ཡང་ཡི་གེ་པའམ་གློག་ཀླད་དུ་འཇུག་མཁན་གྱིས་ནན་ཏན་མཛད་དགོས་པ་ཡིན་ཀྱང་། ཡི་གེའི་དག་ཆ་རྣམས་ཇི་ལྟ་བ་བཞིན་འབྱུང་བ་ཤིན་ཏུ་དཀའ།
དཔལ་ནཱལནྡཱ་དང༌། བིཀྲཱམཤིའལ། ཏཀྵཤིའལ། གསུམ་གྱི་ནང་ན་དང་པོ་དེ་ཤིན་ཏུ་ནས་དག་པར་མཛད་པར་བཀའ་དྲིན་ཆེ། གཉིས་པ་དང་གསུམ་པ་ལ་ལེགས་སྦྱར་དག་པར་བྱེད་དགོས་ཀྱང་། གློག་ཀླད་འདིར་བོད་ཡིག་ལ་ལེགས་སྦྱར་ཚིག་བཟོ་མི་ཐུབ།
འགོ་ཚུགས་པ་མ་ཟད། མང་པོ་ཡོད་པ་མ་ཟད། འདི་དག་གི་པ་ལ་ར་ཡིག་ཆད། པར་ཞེས་དགོས།
བཀྲིན་ལས་ རྒྱ་གར་གྱི་བཀྲིན་ཡིན་ཞེས་ཁག་གཉིས་སུ། བཀའ་དྲིན་ལ་བསྡུས་ཡིག་ཡོད་པ་བློ་གསར་བུ་དག་གིས་བོད་ཡིག་དག་ཆ་སྦྱང་དགོས་པའི་ཆ་ན་མི་འགྲིག གལ་ཏེ་དབྱངས་སྒྲ་གཅིག་པ་ཞིག་དགོས་ན། དྲིན་ཞེས་པ་འབྲི་ན་མི་འགྲིག་པ་ཅི་ཡོད
ལོ་ཙཱ་བ་དང་། ལོཙཚ་བ་ཞེས་བྲིས་ཤིང་། རང་རེས་བཀོལ་ཀྱང་། དག་པ་དེ་དགེ་འདུན་ཆོས་འཕེལ་གྱི་ཆོས་ཀྱི་ཚིགས་སུ་བཅད་པ་༡༩༤༦ལོར་འབྲས་ལྗོངས་སྒང་ཏུ་སྤར་པའི་འགྱུར་བྱང་ན། ལོ་ཙ་པ། ཞེས་གསལ་བ་དེ་སྒྲ་སྦྱོར་རམ་སྒྲ་བཤད་དང་མཐུན་ཞིང་དག་པར་སྣང་ངོ་།།
་ཞགས་འདེགས་ཞེས་པར་ཞབས་འདེགས་ཞེས་ཀློག་པར་མཛོད།
༄། མའོ་ཙེ་ཏུང་གི་རྗེས་འབྲངས་པ་དོལ་ཆུང་འགྱུར་མེད་བསྟན་འཛིན་ཁོ་རེ། ག་དུས་ཡིན་ཡང་བོད་ཀྱི་དུས་བབ་ཐོག་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་༧རྒྱལ་དབང་ཀརྨ་པར་ཟུར་ཟའི་སྒྲོ་འདོགས་དང་སྐུར་འདེབས་ སྤྲུལ་སྐུ་དང་བླ་མ། གྲྭ་པ་དང་བཙུན་མས་མ་འགྲིག་པའི་གནས་ཚུལ་རྙོག་ཅན་མང་དག་ཞིག་དུས་རྟག་ཏུ་ཐོན་པས་གལ་སྲིད་གནས་ཚུལ་དེ་འདྲ་ཤེས་རྟོགས་མཐིལ་ཕྱིན་པ་ཡོད་ན་་་་་་་
དང་པོ། ༧རྒྱལ་བ་རྣམ་གཉིས་ཀྱི་ཡིག་ཚང་དུ་བསྐྱོད་ནས་ཟུར་ཟ་སྒྲོ་སྐུར་བྱེད་དགོས་པའི་གནས་ཚུལ་གང་ཡིན་གསལ་བཤད་བྱ་དགོས།
གཉིས་པ། སྤྲུལ་སྐུ་དང་། བླ་མ། གྲྭ་བཙུན་སུ་ཞིག་གི་ཁྲིམས་འགལ་བྱས་པ་དུས་དང་ས་གནས། མིང་། ཆོས་བརྒྱུད་གང་ཡིན། དགོན་མིང་། བླ་བྲང་མིང་། ཡང་ན་ཚོགས་སྡེ་གང་དུ་གནས་ཡོད་མེད་མིང་ཁ་གསལ་འབྲི་དགོས་པ་ལས་མིང་མ་སྨོས་པར་སྤྲུལ་སྐུ་སྤྱི་དང་། བླ་མ། གྲྭ་བཙུན་སྤྱིར་མཚན་སྨས་སྐྱོན་བརྗོད་བྱས་ན་ཁྲིམས་དང་དངོས་ཡོད་གཉིས་ཀར་མི་མཐུན་པས་དུས་བབ་རྩོམ་སྒྲིག་ཁང་དང་དོལ་ཆུང་མི་འགྱུར་བསྟན་འཛིན་ཕྱོགས་གཉིས་ཀས་འགན་འཁྱེར་དགོས།
གསུམ་པ། བོད་མིའི་སྤྱི་ཚོགས་ནང་ཕན་པའི་ལས་ཀ་སྣེ་གཅིག་མ་བྱས་པར་ལས་དོན་སྒྲུབ་མཁན་གཞན་ལ་མ་འགྲིག་པའི་སྐྱོན་རྐྱང་བརྗོད་ཀྱིན་བསྡད་ན་སྙིང་པོ་ཨེ་ཡོད་བསམ།
མི་ངན་འདིའི་རིགས་ནི་བདེ་སྐྱིད་ཀྱི་གཤེད་མ་དང་སྤྱི་ཚོགས་ཀྱི་གནོད་འབུ། བདུད་དགའ་རབ་དབང་ཕྱུག་གི་ཤུལ་འཛིན་པ་ཡིན།
༧རྒྱལ་བའི་སྐུ་སྒེར་ཡིག་ཚང་དང་།༧རྒྱལ་བ་ཀརྨ་པའི་བཞུགས་གནས་རྒྱུད་སྟོད་བླ་བྲང་དུས་རྟག་ཏུ་སྒོ་ཕྱེ་བས་མ་འགྲིག་པ་འདུག་ན་མ་འགྲིག་པའི་གནས་ཚུལ་དེ་དག་གོང་རིམ་ལ་ཞུ་དགོས། དེ་ནི་དེང་དུས་དམངས་གཙོའི་འགྲོ་སྟངས་ཡིན་པས་དེ་སྔའི་ལམ་ལུགས་རྙིང་པར་འགྲོ་དགོས་དོན་མེད།
དེ་འདྲ་བྱུང་ན་མ་རྟོགས་པ་དང་ལོག་པར་རྟོགས་པའི་ཐེ་ཚོམ་གྱི་དྲི་མ་མཐའ་དག་སེལ་ཐུབ།
བོད་མིའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་གཞི་མེད་བསྙོན་འཛུགས་ཀྱི་གཏམ་འཆལ་རྐྱང་འགོད་ཀྱིན་བསྡད་ན་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱི་བསམ་པར་དོ་འཕོག་འགྲོ་བ་དང་དད་ཅན་གྱི་སྐྱེ་བོ་ཡང་ལོག་ལམ་དུ་འཁྲིད་པར་ངེས་པས་སླད་རྩོམ་ཡིག་འདིའི་རིགས་སྤེལ་མཁན་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་དཔང་རྟགས་ཁུངས་བཙན་འགོད་དགོས།
སྤྱིར་འགྲོ་བ་མིའི་རིགས་ཀྱི་དམངས་གཙོ་དང་། སྨྲ་བརྗོད་རང་དབང་ཡིན་ཡང་དེ་འདྲའི་དམངས་གཙོའི་ལམ་ལུགས་དང་རང་དབང་ལ་ཁྲིམས་ལུགས་ཡོད་པས་ཁྲིམས་ལྟར་བདེན་པ་བརྡར་རྒྱུ་གལ་ཆེན་པོ་ཡིན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་མི་ངན་འདི་ལྟ་བུས་༧རྒྱལ་དབང་རྣམ་གཉིས་དང་སྤྲུལ་སྐུ། བླ་མ། གྲྭ་བཙུན་སྤྱིས་མ་འགྲིག་པའི་སྐྱོན་བརྗོད་བྱེད་ལུགས་འདིར་བལྟས་ན་ཏན་ཏན་རྒྱ་མི་གུང་ཁྲན་གྱི་བོད་ནང་གི་དགོན་པར་ལག་བསྟར་བྱེད་ཡས་ཀྱི་ཁྲིམས་ཡིག་དང་འདྲ་པོ་འདུག
བླུན་པོ་ཤེས་རབ་ཆད་པའི་རྟགས་ལྔ་དོལ་ཆུང་མི་འགྱུར་ཁོ་པར་ཚང་བས་སླད་གུང་ཁྲན་ཏང་ཡོན་འདིའི་རིགས་ལ་དོགས་ཟོན་བྱེད་དགོས།
བོད་པ་དང་བོད་ཀྱི་བསྟན་པ་འཛིན་མཁན་ཚོར་དགའ་ཞེན་དང་དད་པ་ཡོད་མཁན་
ཚུལ་ཁྲིམས་ནས་ཕྱི་ལོ་ ༢༠༡༡ ལོའི་ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན།
༄། མའོ་ཙེ་ཏུང་གི་རྗེས་འབྲངས་པ་དོལ་ཆུང་འགྱུར་མེད་བསྟན་འཛིན་ཁོ་རེ། ག་དུས་ཡིན་ཡང་བོད་ཀྱི་དུས་བབ་ཐོག་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་༧རྒྱལ་དབང་ཀརྨ་པར་ཟུར་ཟའི་སྒྲོ་འདོགས་དང་སྐུར་འདེབས་ སྤྲུལ་སྐུ་དང་བླ་མ། གྲྭ་པ་དང་བཙུན་མས་མ་འགྲིག་པའི་གནས་ཚུལ་རྙོག་ཅན་མང་དག་ཞིག་དུས་རྟག་ཏུ་ཐོན་པས་གལ་སྲིད་གནས་ཚུལ་དེ་འདྲ་ཤེས་རྟོགས་མཐིལ་ཕྱིན་པ་ཡོད་ན་་་་་་་
དང་པོ། ༧རྒྱལ་བ་རྣམ་གཉིས་ཀྱི་ཡིག་ཚང་དུ་བསྐྱོད་ནས་ཟུར་ཟ་སྒྲོ་སྐུར་བྱེད་དགོས་པའི་གནས་ཚུལ་གང་ཡིན་གསལ་བཤད་བྱ་དགོས།
གཉིས་པ། སྤྲུལ་སྐུ་དང་། བླ་མ། གྲྭ་བཙུན་སུ་ཞིག་གི་ཁྲིམས་འགལ་བྱས་པ་དུས་དང་ས་གནས། མིང་། ཆོས་བརྒྱུད་གང་ཡིན། དགོན་མིང་། བླ་བྲང་མིང་། ཡང་ན་ཚོགས་སྡེ་གང་དུ་གནས་ཡོད་མེད་མིང་ཁ་གསལ་འབྲི་དགོས་པ་ལས་མིང་མ་སྨོས་པར་སྤྲུལ་སྐུ་སྤྱི་དང་། བླ་མ། གྲྭ་བཙུན་སྤྱིར་མཚན་སྨས་སྐྱོན་བརྗོད་བྱས་ན་ཁྲིམས་དང་དངོས་ཡོད་གཉིས་ཀར་མི་མཐུན་པས་དུས་བབ་རྩོམ་སྒྲིག་ཁང་དང་དོལ་ཆུང་མི་འགྱུར་བསྟན་འཛིན་ཕྱོགས་གཉིས་ཀས་འགན་འཁྱེར་དགོས།
གསུམ་པ། བོད་མིའི་སྤྱི་ཚོགས་ནང་ཕན་པའི་ལས་ཀ་སྣེ་གཅིག་མ་བྱས་པར་ལས་དོན་སྒྲུབ་མཁན་གཞན་ལ་མ་འགྲིག་པའི་སྐྱོན་རྐྱང་བརྗོད་ཀྱིན་བསྡད་ན་སྙིང་པོ་ཨེ་ཡོད་བསམ།
མི་ངན་འདིའི་རིགས་ནི་བདེ་སྐྱིད་ཀྱི་གཤེད་མ་དང་སྤྱི་ཚོགས་ཀྱི་གནོད་འབུ། བདུད་དགའ་རབ་དབང་ཕྱུག་གི་ཤུལ་འཛིན་པ་ཡིན།
༧རྒྱལ་བའི་སྐུ་སྒེར་ཡིག་ཚང་དང་།༧རྒྱལ་བ་ཀརྨ་པའི་བཞུགས་གནས་རྒྱུད་སྟོད་བླ་བྲང་དུས་རྟག་ཏུ་སྒོ་ཕྱེ་བས་མ་འགྲིག་པ་འདུག་ན་མ་འགྲིག་པའི་གནས་ཚུལ་དེ་དག་གོང་རིམ་ལ་ཞུ་དགོས། དེ་ནི་དེང་དུས་དམངས་གཙོའི་འགྲོ་སྟངས་ཡིན་པས་དེ་སྔའི་ལམ་ལུགས་རྙིང་པར་འགྲོ་དགོས་དོན་མེད།
དེ་འདྲ་བྱུང་ན་མ་རྟོགས་པ་དང་ལོག་པར་རྟོགས་པའི་ཐེ་ཚོམ་གྱི་དྲི་མ་མཐའ་དག་སེལ་ཐུབ།
བོད་མིའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་གཞི་མེད་བསྙོན་འཛུགས་ཀྱི་གཏམ་འཆལ་རྐྱང་འགོད་ཀྱིན་བསྡད་ན་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱི་བསམ་པར་དོ་འཕོག་འགྲོ་བ་དང་དད་ཅན་གྱི་སྐྱེ་བོ་ཡང་ལོག་ལམ་དུ་འཁྲིད་པར་ངེས་པས་སླད་རྩོམ་ཡིག་འདིའི་རིགས་སྤེལ་མཁན་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་དཔང་རྟགས་ཁུངས་བཙན་འགོད་དགོས།
སྤྱིར་འགྲོ་བ་མིའི་རིགས་ཀྱི་དམངས་གཙོ་དང་། སྨྲ་བརྗོད་རང་དབང་ཡིན་ཡང་དེ་འདྲའི་དམངས་གཙོའི་ལམ་ལུགས་དང་རང་དབང་ལ་ཁྲིམས་ལུགས་ཡོད་པས་ཁྲིམས་ལྟར་བདེན་པ་བརྡར་རྒྱུ་གལ་ཆེན་པོ་ཡིན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་མི་ངན་འདི་ལྟ་བུས་༧རྒྱལ་དབང་རྣམ་གཉིས་དང་སྤྲུལ་སྐུ། བླ་མ། གྲྭ་བཙུན་སྤྱིས་མ་འགྲིག་པའི་སྐྱོན་བརྗོད་བྱེད་ལུགས་འདིར་བལྟས་ན་ཏན་ཏན་རྒྱ་མི་གུང་ཁྲན་གྱི་བོད་ནང་གི་དགོན་པར་ལག་བསྟར་བྱེད་ཡས་ཀྱི་ཁྲིམས་ཡིག་དང་འདྲ་པོ་འདུག
བླུན་པོ་ཤེས་རབ་ཆད་པའི་རྟགས་ལྔ་དོལ་ཆུང་མི་འགྱུར་ཁོ་པར་ཚང་བས་སླད་གུང་ཁྲན་ཏང་ཡོན་འདིའི་རིགས་ལ་དོགས་ཟོན་བྱེད་དགོས།
བོད་པ་དང་བོད་ཀྱི་བསྟན་པ་འཛིན་མཁན་ཚོར་དགའ་ཞེན་དང་དད་པ་ཡོད་མཁན་
༢༠༡༡ ལོའི་ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན།