སྤྲུལ་འཁོར་སྐལ་བཟང་དོན་ལྡན།
རྒྱ་གར་འཕགས་པའི་ཡུལ་འདིར་ཆ་མཚོན་ན་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་ཆོས་དང་། རིག་གཞུང་། སྐད་ཡིག གོམས་གཤིས། ས་གཤིས། ཐོན་ཁུངས། དཔལ་འབྱོར། མི་འབོར་སོགས་ཕྱོགས་གང་ནས་བལྟས་ཀྱང་ཆེས་ཧ་ཅང་གི་སྟོབས་ཆེན་གྱི་རྒྱལ་ཁབ་གཅིག་ཡིན། སྒོས་སུ་རྒྱ་གར་དུ་ནང་པ་སངས་རྒྱས་པའི་ཆོས་ཀྱི་རྒྱལ་པོ་༸ སངས་རྒྱས་བཅོམ་ལྡན་འདས་བྱོན་ནས་བཟུང་རིམ་པས་བོད་རྒྱུད་ནང་བསྟན་གྱི་ཆོས་ལུགས་ཀྱང་བོད་དུ་ས་དར་རྡོ་དར་དུ་ཁྱབ་སྤེལ་བྱུང་ཡོད། རྒྱ་གར་ཤར་ལྷོ་ནུབ་བྱང་དུ་མི་རིགས་ཀྱི་ཤ་མདོག་དང་། རིགས་རུས་མི་འདྲ་བ་དུ་མ་ཞིག་ཡོད་པ་དང་། རང་སྐྱ་འཕེར་བའི་སྐད་ཡིག་མི་འདྲ་བ་ཁག་བཅོ་ལྔ་ཡོད། ཆོས་ལུགས་ལ་མཚོན་ན་ཧིན་རྡུ་དང་། ཁ་ཆེ། ཡེ་ཤུ། སིག རྗེན། ནང་པ་སོགས་དུ་མ་ཞིག་ཡོད། ད་དུང་གཞས་དང་ཞབས་བྲོ། སྒྱུ་རྩལ་སོགས་སྣ་མང་ཕུན་སུམ་ཚོགས་པའི་རྒྱལ་ཁབ་དང་མི་རིགས་ཕྱུག་པོ་ཞིག་རེད། ལྷག་པར་སྤྱི་ལོ་ ༡༩༤༧ རྒྱ་གར་རང་བཙན་རག་པ་ནས་བཟུང་ལུང་པ་འདིར་ཆོས་ལུགས་དང་། མི་རིགས། སྐད་ཡིག གོམས་གཤིས། རིག་གཞུང་སོགས་སྣ་ཚོགས་དམངས་གཙོ་དང་། རང་དབང་། ཞི་བདེ། ཁྲིམས་ཀྱི་དབང་བསྒྱུར་བའི་འོག་རྒྱལ་ཁབ་ཞི་བདེ་དང་དཔལ་ཡོན་ཕུན་སུམ་ཚོགས་ཤོས་ཀྱི་རྒྱལ་ཁབ་དང་མི་རིགས་ངོ་མཚར་ཅན་ཞིག་ཆགས་ཡོད། ལྷག་པར་རྒྱ་གར་དང་བོད་གཉིས་ལ་མཚོན་ན་གནའ་སྔ་མོ་ནས་བཟུང་ད་བར་ཕན་ཚུན་བུ་སྤུན་དང་། དགེ་རྒན་དང་དགེ་ཕྲུག ཞི་བདེའི་མཛའ་མཐུན་གྱི་གྲོགས་པོའི་ངོ་བོ་བཅས་ཁོ་ནར་བརྟེན་ནས་གཅིག་ཕན་གཉིས་གྲོགས་སུ་བྱས་ཏེ་བསྡད་ཡོད།
དེ་ལྟ་བུའི་ངོ་མཚར་ཅན་གྱི་རྒྱ་གར་རྒྱལ་ཁབ་དང་མི་རིགས་གཉིས་ཀྱི་ངོས་བཤད་ན་ད་ལྟ་འཆར་གནའ་བོའི་རྒྱ་གར་དཔལ་ན་ལེན་ཌའི་ནང་བསྟན་ཆོས་ལུགས་དྲི་མ་མེད་པ་དང་། འཚེ་མེད་ཞི་བའི་ལྟ་གྲུབ། ཡ་རབས་བཟང་སྤྱོད་བཅས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་ཕྱིར་བོད་ཀྱི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འགྲོ་བ་སེམས་ཅན་ཡོངས་ཀྱི་ཚེ་རབས་འདི་ཕྱི་གཏན་གྱི་སྐྱབས་གནས་བསླུ་བ་མེད་པ་༸ གོང་ས་སྐྱབས་མགོན་༸ ཏྰ་ལའི་བླ་མ་༸ རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ནི་རྒྱ་གར་རྒྱལ་ཁབ་དང་མི་་རིགས་ཀྱི་ངོས་ནས་བཤད་ནའང་ཆེས་ངོམས་སུ་ཆོག་པའི་སྤོབས་པ་གཅིག་ཆགས་ཡོད།
དེ་ནས་རྒྱ་ནག་རྒྱལ་ཁབ་དང་མི་རིགས་ལ་མཚོན་ན་གནའ་སྔ་མོའི་དུས་ནས་བཟུང་མི་འབོར་དང་། དམག་དོན། དཔལ་འབྱོར། སྐད་ཡིག ཚོང་དོན། སྒྱུ་རྩལ། ལག་ཤེས། ས་གཤིས། གོམས་གཤིས་སོགས་སྣ་མང་ཕུན་སུམ་ཚོགས་པའི་རྒྱལ་ཁབ་དང་མི་རིགས་ཤིག་རེད། མི་རིགས་ཀྱི་ངོས་ནས་བརྗོད་ན་ནི་བློ་རིག་གྲུང་ཤ་དོད་པོ་དང་། ལས་ལ་བརྩོན་པ། སྡུག་རུས་འཁྱོག་པོ། ཚོང་ལས་དང་ཁྱིམ་ལས་འཇོན་པོ། རིགས་ཞེན་ཆེན་པོ་སོགས་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་ཡོད་སྟབས་སྤྱི་ལོ་༡༩༤༩ ལོར་རྒྱ་ནག་ཀྲུང་ཧྰ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱས་པ་ནས་བཟུང་ད་ལྟའི་འཆར་མཚོན་ནའང་རྒྱ་ནག་རྒྱལ་ཁབ་དང་མི་རིགས་ནི་འཛམ་གླིང་ནང་ཆེས་སྟོབས་ཆེན་གྱི་གྲས་སུ་སླེབས་ཡོད། ཉེ་བའི་ཆར་རྒྱ་གར་བྱང་ཤར་ཁུལ་དུ་༸གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བཀའ་སློབ་ཞིག་བསྩལ་དོན་ལྟར་རྒྱ་ནག་ནང་ནང་པའི་ཆོས་བྱེད་མཁན་གྱི་མི་འབོར་ས་ཡ་བཞི་བརྒྱ་ལྔ་བརྒྱ་ཙམ་ཞིག་ཡོད་པར་གསུངས་པར་ལྟར་མི་འབོར་དུང་ཕྱུར་བཅུ་གསུམ་ཙམ་ཡོད་པའི་རྒྱ་ནག་རྒྱལ་ཁབ་དང་མི་རིགས་ཀྱི་ངོས་ན་བཤད་ན་བོད་བརྒྱུད་ནང་བསྟན་ཆོས་ལུགས་འདི་ཆེས་རྩ་ཆེའི་ནང་གི་ནོར་བུ་ཞིག་ཆགས་ཡོད་སྟབས། ནོར་བུ་དེ་རག་པར་བྱེད་པ་ལའང་བོད་ཀྱི་བླ་ན་མེད་པའི་༸གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་དེ་རྒྱ་ནག་རྒྱལ་ཁབ་དང་མི་རིགས་གཉིས་ཀྱི་ངོས་ནས་བལྟས་ན་ཆེས་ངོམས་སུ་འོས་པའི་ཡིད་བཞིན་གྱི་ནོར་བུ་གཅིག་དང་རྒྱ་ནག་མི་རིགས་ཀྱི་སྤོབས་པ་ཞིག་ཆགས་ཡོད།
མཐོ་སྒང་ཁ་བ་གངས་ཅན་གྱི་ལྗོངས་འདིར་མཚོན་ན་ཆབ་སྲིད་དང་། ནང་བསྟན་ཆོས་ལུགས། རིགགཞུང་། སྐད་ཡིག སྙིང་སྟོབས། ཡ་རབས། གོམས་གཤིས། དྲང་བདེན། ལ་རྒྱ། མི་གཤིས་སོགས་ཕྱོགས་ནས་བལྟས་ཀྱང་འཛམ་གླིང་ནང་ཆེས་ངོསམ་སུ་ཆོག་པའི་རྒྱལ་ཁབ་དང་མི་རིགས་ཤིག་ཡིན་པ་ཙམ་མ་ཟད་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་པ་ཨིར་ཏི་ནི་ཆོས་ཀྱི་རྒྱལ་མཚན་གྱིས་གསུངས་པ་ལྟར་ལས་ལ་བྲཙོན་པ་། དཔའ་ངར་ཆེ་བ། སྙིང་སྟོབས་ཅན་གྱི་མི་རིགས་ཤིག་ཡིན་ལ་ཆོས་རྒྱལ་བཀའ་དྲིན་ཅན་ཚོས་ཆབ་སྲིད་མངའ་དབང་བསྒྱུར་བའི་སྐབས་སུམ་གཉིས་ས་ལ་དབང་བསྒྱུར་མྱོང་བའི་ལོ་རྒྱུས་ཀྱི་རྡོ་རྀང་བཞེངས་བསྐྲུན་མཛད་ཡོད། ཡིན་ནའང་བོད་སིལ་བུར་ཐོར་བའི་རྐྱེན་ངན་སྣ་མང་འོག་སྤྱི་དང་ལྷག་དོན་རྒྱག་གུང་ཁྲན་ཏང་གིས་སྤྱི་ལོ་ ༡༩༥༩ བོད་ས་ཡོངས་རྫོགས་བཙན་འཛུལ་བྱས་ཏེ་ད་ལྟའི་བར་བོད་ཀྱི་ཆབ་སྲིད་ཀྱི་ངོས་ནས་བལྟས་ནས་ཆེས་ཐབས་སྡུག་ཤོས་དང་ཉམས་དམའ་ཤོས་ཀྱི་དུས་སྐབས་གཉན་འཕྲང་ཅན་ཞིག་གི་སྒང་རེད།
ཡིན་ནའང་བོད་མི་རིགས་ཀྱི་སྤྱི་མཐུན་བསོད་ནམས་དང་ལས་བསྐལ་ལས་ཐོབ་པའི་བོད་དང་བོད་མི་རིགས་གཉིས་ཀྱི་ཆེས་ངོམས་སུ་ཆོག་པའི་རྩ་ཆེའི་ནང་གི་རྩ་ཆེ་ཞིག་སྟེ། ༸གོང་ས་སྐྱབས་མགོན་༸ཡིད་བཞིན་ནོར་བུ་མཆོག་ནི་ཆེས་བླ་ན་མེད་ཅིང་གོང་ན་མེད་པའི་བཀའ་དྲིན་དང་བོད་རྒྱལ་ཁབ་དང་མི་རིགས་གཉིས་ཀྱི་ངོས་ནས་ཞིབ་ཏུ་བསམས་ན་ཁ་ཚ་དགོས་གཏུགས་ཀྱི་ལྟོགས་པའི་དུས་དུ་རྩམ་པ། སྐོམ་པའི་དུས་གངས་ཆུ་རང་ཆགས་ཡོད་སྟབས་ང་ཚོ་སྟེ་བོད་མི་རིགས་ཀྱི་ངོ་བོའི་ཐོག་ནས་བལྟས་ནས་ཆེས་ངོམས་རིན་བྱེད་ཆོག་པའི་བོད་མི་རིགས་ཀྱི་སྤོབས་པ་ཆགས་ཡོད། ཡིན་ནའང་ཉེ་བའི་འཆར་༸ གོང་ས་མཆོག་སྐུ་ངོ་མས་གསུངས་པ་ལྟར་༸ གོང་ས་སྐུ་འཕྲེང་བཅུ་གསུམ་པ་བོད་དུ་ཕྱིར་ཕེབས་ཐུབ་པ་དང་༸གོང་ས་སྐུ་འཕྲེང་བཅུ་བཞི་པས་འཇོན་གྱི་མི་འདུག་མདོག་མདོག་བྱེད་མཁན་འགའ་ཤས་ཡོད་སྟབས་ད་ལྟའི་སྐུ་གོང་མས་གསུངས་པ་ལྟར་སྐབས་དེར་རྒྱ་ནག་གོང་མ་འདས་པ་དང་ལྟག་ཆུ་ཆད་པའི་རྫིང་བུ་རེད་ཅེས་གསུངས་པ་ལྟར་ད་ལྟ་རྒྱ་ནག་ནི་ལྟག་ཆུ་ཆད་པའི་རྫིང་བུ་ཞིག་མ་རེད་མི་འདུག་གྰ་ཞེས་གསུངས་པ་ལྟར་ང་ཚོ་སྟེ་བོད་ཕྱི་ནང་གི་བོད་རིགས་ཆབ་འབངས་སུ་ཞིག་ཡིན་ཀྱང་ཚང་མས་བསམ་བློ་གཏིང་རིང་པོ་བཏང་ནས་ད་ལྟའི་འཛམ་གླིང་སྤྱིའི་འགྱུར་བགྲོས་དང་། ལྷག་པར་རྒྱ་དཀར་ནག་གཉིས་ཀྱི་འགྱུར་བ། བོད་ཕྱི་ནང་གི་མཐུན་རྐྱེན་དང་རྒྱུ་རྐྱེན་སོགས་འགྱུར་བ་སྣ་ཚོགས་ཞིབ་ཏུ་བསམས་སྟེ་དུས་རབས་ཀྱི་འགྱུར་བ་དང་གནས་བབ་ལ་ཚོད་འཛིན་དང་ངོས་འཛིན་ཐུབ་པའི་སྟེང་རང་གི་མི་རིགས་ཀྱི་སྙིང་སྟོབས་དང་སྤོབས་པ་དེ་ནམ་ཡང་ཉམས་པ་མེད་པར་བསྐལ་པ་ཇི་སྲིད་བར་གནས་ཐུབ་པར་ཅིས་ཀྱང་བྱེད་དགོས།། །།
སྤྱི་ལོ་ ༢༠༡༣། ༤། ༣། ལ།
Check out this video on YouTube:
http://youtu.be/AVMi-bewTdE
འདི་ལ་ལྟོས་དང་༧ གོང་ས་མཆོག་གིས་དབུ་མའི་བསྐོར་ནན་པོ་གསུངས་འདུག
Check out this video on YouTube:
http://youtu.be/AVMi-bewTdE
་་་་ ནོར་བུ་དེ་རག་པར་བྱེད་པ་ལའང་བོད་ཀྱི་བླ་ན་མེད་པའི་༸གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་དེ་རྒྱ་ནག་རྒྱལ་ཁབ་དང་མི་རིགས་གཉིས་ཀྱི་ངོས་ནས་བལྟས་ན་ཆེས་ངོམས་སུ་འོས་པའི་ཡིད་བཞིན་གྱི་ནོར་བུ་གཅིག་དང་རྒྱ་ནག་མི་རིགས་ཀྱི་སྤོབས་པ་ཞིག་ཆགས་ཡོད། ་་་ཟེར།