བློ་བཟང་ལུང་རྟོགས་ནས།
ཉེ་ཆར་ཨོ་སི་ཊི་ལི་ཡ་དང་རྒྱ་དམར་གཞུང་གཉིས་བར་ཕྱི་འབྲེལ་ཐོག་མཛད་དཀའ་འཕྲད་བཞིན་པའི་གནད་དོན་ནི་རྒྱ་དམར་གཞུང་གིས་ནམ་རྒྱུན་རྒྱལ་ཁབ་གཞན་ཚོར་ནང་སྲིད་ལ་ཐེ་ཇུས་མ་བྱེད་ཟེར་བཞིན་རང་ཉིད་ཀྱིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་ཆེན་པོ་བྱས་པར་བརྟེན། ཨོ་སི་ཊི་ལི་ཡ་གཞུང་དང་མི་མང་། གསར་ལམ་ཁག་གིས་གནད་དོན་དེའི་ཐོག་ཚོར་པ་རྐྱེན་པོས་བགྲོ་གླེང་གནང་བཞིན་པ་དང་། ལྷག་པར་དུ་ཨོ་སི་ཊི་ལི་ཡའི་དབུས་གཞུང་ནས་རྒྱལ་ཁབ་གཞན་གྱིས་ནང་སྲིད་ལ་ཐེ་ཇུས་མི་ཡོང་བའི་ཆེད་གསང་བའི་ལས་དོན་དང་གསང་མྱུལ་གྱི་བཅའ་ཁྲིམས་ལ་བསྐྱར་བཅོས་ཆེན་པོ་ཞིག་གཏོང་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད།
ཁྲིམས་འཆར་འདི་དག་ད་དུང་གྲོས་ཚོགས་ནང་གཞུང་འབྲེལ་ཐོག་བགྲོ་གླེང་བྱས་མེད་ཀྱང་། གསར་འགོད་སྡེ་ཁག་དང་། རོགས་ཚོགས། (དགེ་རྩ) ཁྲིམས་རྩོད་པ། གཙུག་ལག་སློབ་ཆེན། གསང་བའི་ལས་ཁུངས་ལ་ལྟ་ཞིབ་བྱེད་པའི་ཚོགས་པ་ཁག་ནས་བློ་འཚབ་ཡོད་སྐོར་གསལ་འདོན་བྱས་ཡོད། ཁྲིམས་འཆར་འདི་ནི་ད་ལོར་སྲིད་དོན་གྱི་གླེང་གཞི་ཆེན་པོ་ཞིག་ཡིན་པས་ཤེས་རྟོགས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
ཁྱབ་བསྒྲགས་བྱེད་དགོས་དོན་གང་ཡིན་ནམ།
ཉེ་བའི་ལོ་ཤས་རིང་ཨོ་སི་ཊི་ལི་ཡའི་གསང་བའི་ལས་ཁུངས་ནས་རྒྱལ་ཁབ་གཞན་གྱིས་ནང་སྲིད་ལ་ཐེ་ཇུས་བྱེད་ཀྱིན་ཡོད་སྐོར་ཉེན་བརྡ་བཏང་ཡོད་པ་མ་ཟད་གླེང་རྙོག་ཁ་ཤས་ལ་བྱ་སྤྱོད་སྤེལ་དགོས་བྱུང་ཡོད། རྒྱལ་ཁབ་འདིའི་སྲིད་དོན་ཚོགས་པ་ཆེ་ཁག་གིས་རྒྱ་དམར་གཞུང་དང་འབྲེལ་བ་ཡོད་པའི་ཚོང་པ་དང་ཕྱུག་བདག་ཚོའི་ལག་ནས་ཞལ་འདེབས་བླངས་ན་ཉེན་ཚབས་ཡོད་སྐོར་གསང་བའི་ལས་ཁུངས་ཀྱིས་ཉེན་བརྡ་ཐེངས་མང་བཏང་ཡོད། ཉེ་ཆར་ཨོ་སི་ཊི་ལི་ཡའི་སྲིད་བློན་མཆོག་གིས་རྒྱ་དམར་གྱི་ཤུགས་རྐྱེན་སྐོར་བློ་འཚབ་ཆེ་བའི་གནས་ཚུལ་ལུང་འདྲེན་དང་བཅས། ཁྲིམས་འཆར་འདི་ནི་རྒྱལ་ཁབ་བྱེ་བྲག་པ་ཞིག་ལ་དམིགས་པ་ནས་བཟོ་གི་མེད་སྐོར་ཀྱང་ནན་བརྗོད་བྱས་ཡོད། ཁོང་ནས་ཨོ་སི་ཊི་ལི་ཡའི་ནང་སྲིད་ལ་ཐེ་ཇུས་ཀྱིས་ཤུགས་རྐྱེན་སྤེལ་པའི་བྱེད་ཐབས་ནི་ཧ་ཅང་མགོ་རྙོག་ཚ་བོ་དང་གསང་བའམ་མི་མངོན་པའི་ཐོག་བྱེད་ཀྱི་ཡོད་སྐོར་གསུང་འདུག ཁོང་གིས་མུ་མཐུད་གསུང་དོན། ད་ལྟའི་གཞུང་གིས་ངོས་ནས་ཉེན་ཁ་འདི་དག་ལ་ཁྲིམས་ཐོག་ནས་གདོང་ལེན་བྱེད་པར་འདང་ངེས་ཀྱི་དབང་ཚད་མེད་པར་བརྟེན་དུས་སྐབས་གསར་པ་འདིའི་ནང་ཁྲིམས་གསར་པ་དགོས་ཀྱི་འདུག ཁྲིམས་གསར་པ་འདིས་ང་ཚོའི་འཚོ་གནས་ལ་སྲུང་སྐྱོབ་བྱེད་པ་མ་ཟད། ང་ཚོའི་སྟོབས་ཤུགས་དང་མང་གཙོར་སྲུང་སྐྱོབ་བྱེད་ཐུབ་ཅེས་གསུང་འདུག
གྲོས་འདོན་གང་ཞིག་བྱེད་ཀྱི་ཡོད།
རྒྱལ་ཁབ་གཞན་གྱི་ཞལ་འདེབས་རྣམས་བཀག་སྡོམ་བྱ་རྒྱུ་རེད། ཨོ་སི་ཊི་ལི་ཡའི་མི་སེར་དང་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད་པའི་ཚོགས་སྡེ་ཁོ་ནས་སྲིད་དོན་ཚོགས་པ་ཁག་ལ་ཞལ་འདེབས་སྤྲད་ཆོག
ཕྱི་རྒྱལ་གྱི་ཤུགས་རྐྱེན་ཕྱི་གསལ་ནང་གསལ་ལས་འཆར་ཟེར་བ་ཞིག་གསར་འཛུགས་བྱེད་རྒྱུ་ཡིན་པ་དང་། ལས་འཆར་དེའི་ནང་རྒྱལ་ཁབ་གཞན་ཀྱི་ཚབ་བྱས་ནས་གཞུང་གི་སྲིད་བྱུས་ལ་འགྱུར་བ་གཏོང་འདོད་ཡོད་མཁན་ཚོའི་མིང་རྣམས་ཐོ་འགོད་བྱེད་རྒྱུ་ཡིན་པ་དང་། ཐོ་འགོད་ནང་ཚུད་པ་ཙམ་གྱིས་ཉེས་ཅན་པར་འགྱུར་ཀྱི་མེད། འོན་ཀྱང་། རང་ཉིད་རྒྱལ་ཁབ་གཞན་ལ་འབྲེལ་བ་ཡོད་བཞིན་དུ་གསང་བ་བྱས་ན་ཁྲིམས་འགལ་ཆགས་ཀྱི་ཡོད་པ་ཡིན་འདུག
ད་ཡོད་ཀྱི་བཅའ་ཁྲིམས་ཁག་གིས་རྒྱལ་ཁབ་ཀྱི་བདེ་སྲུང་ལ་གནོད་པའི་སྤྱོད་ལམ་ཁག་ལ་ཁྱབ་ཀྱི་མེད་པར་བརྟེན་མྱུལ་མ་ཞེས་པའི་ཚིག་དེ་ཁྲིམས་ཐོག་ནས་ནང་དོན་དག་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་འདུག
དེ་བཞིན་གཏོར་རྒོལ་ངན་བྱུས་དང་། རྒྱལ་ཁབ་ལ་རྒྱབ་གཏོད་པ། གཡོ་ཐབས་ཀྱི་བྱ་བ། གསང་བ་ཕྱི་གྱར་སོགས་ཀྱི་ཚིག་དོན་ཀྱང་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། གལ་སྲིད་ཁྱེད་ཀྱིས་རྒྱལ་ཁབ་གཞན་དང་མཉམ་འབྲེལ་ཐོག་གཞུང་གི་རྨང་གཞིའི་འཛུགས་སྐྲུན་ལ་གཏོར་བརླག་བཏང་བ་ཡིན་ན་བཙོན་འཇུག་བྱེད་རྒྱུ་ཡིན་པ་རེད། གལ་སྲིད་ཁྱེད་ཀྱིས་ཚོང་དོན་གྱི་གསང་བ་རྒྱལ་ཁབ་གཞན་གྱི་མྱུལ་མར་མཁོ་སྤྲོད་བྱས་པ་དང། ཨོ་སི་ཊི་ལི་ཡའི་གཞུང་གི་ཕྱི་འབྲེལ་སྲིད་བྱུས་ཀྱི་མངོན་འདོད་གཞན་ལ་གསང་སྒྲོག་བྱས་པ་ཡིན་ན་ཁྲིམས་འགལ་ཆགས་ཀྱི་ཡོད་འདུག
དབུས་གཞུང་ནས་ཁྱེད་ཀྱི་རྒྱབ་ལྗོངས་ལ་བདེ་སྲུང་གི་དག་སེལ་གྱི་ཞིབ་འཇུག་སྐབས་ཤེས་བཞིན་དུ་རྫུན་མ་དང་མགོ་སྐོར་གྱི་གནས་ཚུལ་དབུས་གཞུང་སྤྲད་པ་ཡིན་ན་ཉེས་པ་སྔོན་ཆད་ལས་ལྕི་མོ་གཏོང་གི་ཡིན་འདུག
སེམས་ཁྲལ་བྱེད་མཁན་ཡོད་དམ།
དགེ་རྩའམ་རོགས་སྐྱོར་ཚོགས་པ་དང་ཉམས་ཞིབ་སྡེ་ཚན་ཁག་གིས་སེམས་ཁྲལ་ནི་གལ་སྲིད་རྒྱལ་ཁབ་གཞན་གྱིས་མ་དངུལ་བཏང་མ་ཆོག་པ་ཡིན་ན་ཁོང་ཚོའི་ལས་དོན་མུ་མཐུད་སྒྲུབ་མི་ཐུབ་ཟེར་གྱི་ཡོད་ཀྱང་གཞུང་ཕྱོགས་ནས་དགོངས་ཚུལ་མི་མཐུན་ཡོང་གི་ཡོད། ཨོ་སི་ཊི་ལི་ཡའི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་གི་སེམས་ཁྲལ་ནི་གལ་སྲིད་ཁོང་ཚོའི་གསར་འགོད་པའི་མྱུལ་མའི་ཁྲིམས་ལུགས་གསར་པའི་འོག་གསར་འགོད་པས་རྒྱལ་ཁབ་ཀྱི་ཁེ་ཕན་སྐོར་གྱི་གནས་ཕྱི་སྒྲོགས་བྱས་ན་བཙོན་འཇུག་བྱེད་རྒྱུ་རེད་ཟེར།
གཙུག་ལག་སློབ་ཆེན་ཁག་གི་སེམས་ཁྲལ་ནི་རྒྱལ་ཁབ་གཞན་གྱི་སློབ་ཆེན་རྣམས་དང་མཉམ་འབྲེལ་ཐོག་སྒྲུབ་པའི་ཞིབ་འཇུག་གྱི་ལས་དོན་ཁག་ཁྲིམས་གསར་པ་འདིའི་དབང་གིས་མཚམས་འཇོག་བྱེད་དགོས་པར་འགྱུར་ཟེར་གྱི་ཡོད། རྒྱ་ནག་གཞུང་གིས་ཨོ་སི་ཊི་ལི་ཡའི་དཔྱད་ཞིབ་སྡེ་ཚན་མང་པོ་དང་མཉམ་ལས་བྱེད་བཞིན་ཡོད་པ་རེད།
ཨོ་སི་ཊི་ལི་ཡའི་ཁྲིམས་འཛིན་ལྷན་ཁང་གིས་གསང་མྱུལ་གྱི་ཁྲིམས་འཆར་ལ་ཁ་གཏད་གཅོག་རྒྱུ་ཡིན་པའི་སྔོན་བརྡ་བཏང་ཡོད། ཁོང་ཚོས་གསང་མྱུལ་གྱི་ཁྲིམས་འཆར་ཁག་གི་ཚིག་བརྗོད་རྣམས་དེ་ཙམ་གསལ་བོ་མེད་པར་བརྟེན། ཉེས་ཆད་གཏོང་བའི་སྐོར་ཁ་གསལ་རུ་གཏོང་དགོས་པ་མ་ཟད། ཁྲིམས་འཆར་འདིའི་གནས་སྟངས་ཁ་ཤས་ཁྱབ་རྒྱ་ཆེ་དྲགས་འདུག་པའི་སྐྱོན་བརྗོད་ཀྱང་བྱེད་ཀྱི་ཡོད་འདུག
ད་དུང་ཨོ་སི་ཊི་ལི་ཡའི་གསང་བའི་ལས་ཁུངས་ནས་ཁྲིམས་ལྟར་ཕྱག་ལས་གནང་གི་ཡོད་མེད་ལ་ལྟ་རྟོག་བྱེད་པའི་སྡེ་ཁག་ནས་གསང་ལས་བྱེད་མཁན་ལ་རྟོག་ཞིབ་བྱས་པ་ཁྲིམས་འགལ་ཆགས་སྲིད་པས་ཁོང་ཚོའི་ལས་དོན་སྒྲུབ་རྒྱུར་དཀའ་ངལ་ཡོད་སྐོར་ཀྱང་བཤད་ཀྱི་ཡོད།
རྒྱལ་ས་ཁེན་སྦེ་རར་རྟེན་གཞི་བྱས་པའི་རྒྱ་དམར་གཞུང་ཚབ་ཁང་ནས་ཁྲིམས་འཆར་དེ་དག་ལ་ངོ་རྒོལ་བྱས་པ་མ་ཟད། རྒྱ་ནག་གཞུང་ལ་ཨོ་སི་ཊི་ལི་ཡའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་རྒྱུ་མཚན་གང་ཡང་མེད་ཅེས་ཀྱང་བརྗོད་ཡོད་པ་རེད།
ཉེ་ཆར་གྲོས་ཚོགས་ནང་ཁྲིམས་འཆར་ཕུལ་བའི་ནང་དབུས་གཞུང་གིས་ངོས་ནས་བློ་འཚབ་འདི་དག་ལ་ལན་འདེབས་བྱེད་པའི་གོ་སྐབས་བྱུང་མེད་ཀྱང་། ཁྲིམས་འཆར་ལ་དངོས་སུ་གྲོས་བསྡུར་སྐབས་ལན་འདེབས་བྱེད་རྒྱུ་ཡིན་འདུག
མཐའ་དོན། ཁྲིམས་འཆར་འདི་རྒྱ་དམར་གཞུང་ལ་དམིགས་ནས་བཟོ་གི་མེད་སྐོར་ཨོ་སི་ཊི་ལི་སྲིད་བློན་དང་ཕྱི་འབྲེལ་བློན་ཆེན་སོགས་མཐོ་རིམ་མི་སྣས་ཡང་ཡང་བརྗོད་ཀྱི་ཡོད་མོད། གནས་སྟངས་འདི་འདྲ་ཞིག་གི་ནང་ལྷུང་བར་རྒྱ་དམར་གཞུང་ལ་འབྲེལ་བ་ཡོད་པ་ཧ་ཅང་གསལ་བོ་རེད། དེ་བས་ཁྲིམས་ལུགས་འདི་གཏན་འབེབས་བྱུང་བ་ཡིན་ན། རྒྱ་དམར་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དང་གསང་བའི་ལས་ཁུངས་སོགས་གསང་མྱུལ་བའི་སྡེ་ཚན་ལ་ཁྲིམས་ཐོག་ནས་ཁ་གཏད་གཅོག་པའི་ལམ་ཁ་ཞིག་བསྐྲུན་གྱི་ཡོད་པ་སྨོས་ཅི་དགོས།
ཕྱི་ལོ་༢༠༡༨་ཟླ་༦་པའི་ཚེས་༣༠་ཉིན།
གནས་ཚུལ་འབྱུང་ཁུངས།
ཨོ་སི་ཊི་ལི་ཡའི་སྲིད་བློན་མཆོག་དང་ཕྱི་སྲིད་བློན་ཆེན་གྱི་གསུང་བཤད་ཁག་དང་། ཕྱི་གསར་འགྱུར་བརྒྱུད་ཆེ་ཁག་བཅས་ཡིན།
བློ་བཟང་ལུང་རྟོགས་ནས། རྒྱ་དམར་གཞུང་དང་། ཨོ་སི་ཊི་ལི་ཡ། [Australia] ཞེས་པ་ཡིན་ཤས་ཆེ། དེ་ལྟར་ཡིན་ཚེ། ཨཽ་སེ་ཊར་ལི་ཡ། ཞེས་པ་བདག་གིས་འབྲི་སྟངས་ལས་བྱུང་། ཁུངས་བརྟན་ཕྱིར། ཨིན་ཡིག་ཁུག་རྟགས་་དུ་ཡོད་པ་གལ་ཆེ་བར་མཐོང་། ཁྲིམས་ཀྱི་འགྲོ་སྟངས་ཤེས་པའི་ཕྱིར། བློ་བཟང་ལུང་རྟོགས་ཀྱི་རྣམ་དཔྱོད་ལ་དགའ་བསུ།
བོད་སྐད་དཔྱོད་པ། བྱས་པར་མ་ཟད། ཅེས་སོགས་མ་ཟད་ཀྱི་སྔོན་མིང་ཚིག་ལ་ར་སོགས་རྣམ་དབྱེ་དགོས་པ། དཔེ་ཆ་རྙིང་པ་དག་ན་ཡོད་པར་གསལ། འདང་། ཞེས་པ་ས་སྐྱ་ལེགས་བཤད་སོགས་དང་། བཀའའགྱུར་ན་ཡང་། ཆུ་རྙོག་དང་བར་བྱེད་པའི་དོན་ལ་གོ་བར་བྱེད། དེ་དང་ནོར་ནས། ལྡང་བའི་དོན་ལ། འདང་། ཞེས་འབྲི་བ་ནི། སྔོན་བྱོན་མཁས་པས་བྲིས་པ་མེད་པར་བྱེད་པའི་རྐྱེན་དུ་མཐོང་། སྒྲོག་དང་སྒྲོགས་ཞེས་བྱ་ཚིག་གཉིས་ལ་མི་འདྲ་བའི་དོན་ཡོད་པ་ཡང་། རང་རེས་ཤེས་དགོས་པར་སྣང་ངོ་།
བདག་ནི་ན་སོ་ཡང་མཐོ། ལོ་གཞོན་སྐབས་སུ་ཡི་གེ་དག་བྲིས་པ་ཆད་ལྷག་ལ་ཞུས་དག་བྱེད་དགོས་པར་མཆིས་སོ།
བོད་ཀྱི་དུས་བབ།
ཁ་སང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༧༧ པའི་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མིར་བསྐོ་བཞག་བྱུང་།
http://tibettimes.net/2018/07/04/170447/
བོད་ཀྱི་སྐད་ཡིག་མཁས་དབང་ལགས་ལ། མཚམས་འདྲི་ཞུ་དགོས་སམ། ཡང་ན། ཆབ་སྲིད་གཡོ་བྱུས་འོག་ལ་མ་ཚུད་པའི་རེ་བ་དང་སྨོན་ལམ་ཡོད་དོ།།
ལ་དྭགས་འཇམ་དཔལ་ལགས་ནས་དགོངས་ཚུལ་གསུང་པར་ཐུགས་རྗེ་ཆེ་ཞུ། གུས་པ་ནས་བོད་མིར་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་གཏོང་ཐབས་ལ་འབད་རྩོལ་ཞུ་རྒྱུར་དམིགས་ནས། རང་ནུས་གང་ཡོད་ཀྱིས་གཞན་གྱི་རིག་གནས་ནང་འདྲེན་བྱེད་བཞིན་ཡོད་མོད། རང་ཡུལ་དང་ཁ་ཐག་རིང་ཞིང་རང་གི་སྐད་ཡིག་བེད་སྤྱོད་མེད་ས། ལྷག་པར་ཞུ་དག་གནང་མཁན་སོགས་མེད་པའི་དཀའ་ངལ་ནམ་རྒྱུན་འཕྲད་བཞིན་ལགས་ན། ལྷག་བསམ་ཅན་ཚོས་རྟག་པར་ལམ་སྟོན་དང་དགོངས་འཆར་གནང་རོགས།