བསྟན་པ་དར་རྒྱས་སམ་ཚེ་འབར་ནས།
ཅིའི་ཕྱིར་བོད་མི་བརྒྱ་དང་དྲུག་ཅུ་ཡིས་རང་ལུས་མེར་སྲེག་བཏང་དགོས་བྱུང་བ་རེད།
དེ་རིང་ནི་བོད་རྒྱ་ལོ་༢༡༤༥ བོད་ཟླ་ ༡ ཚེས་ ༡ ཡིན། བོད་པར་མཚོན་ན་ལོ་གཅིག་གི་ནང་དུས་སྟོན་གལ་ཆེ་ཤོས་དེ་ཡིན་ལ། འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་མི་ཡོད་དོ་ཅོག་གིས་སྤྲོ་སྐྱིད་གཏོང་བའི་དུས་ཆེན་ཁྱད་པར་བ་ཞིག་ཡིན། འོན་ཀྱང་། མི་གསོན་པོ་མེར་སྲེག་གཏོང་དགོས་པའི་བོད་ཀྱི་ཛ་དྲག་གི་གནས་བབས་དང་འ་ཆད་འུ་ཐུག་གི་གནས་སྟངས་འདི་འདྲ་མཐོང་ཐེངས་རེར། ཁོ་བོར་ལོ་སར་སྤྲོ་སྐྱིད་ལ་རོལ་རྒྱུའི་འདུན་པ་རྩ་བ་ནས་མི་འདུག རྒྱུ་མཚན་དེའི་ཕྱིར་ན། དེ་རིང་ཨོ་གླིང་གི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་མེ་བྷོམ་དུ་ «བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་དུ་ངས་ལོ་མི་སར» ཞེས་པའི་ལས་འགུལ་ཐེངས་ལྔ་བ་དེ་སྤེལ་བཞིན་ཡོད།
བོད་ནི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན། དགྲ་བོ་དམར་གཞུང་གིས་རྫུན་ཐོག་རྫུན་བརྩེགས་ནས་བོད་ནི་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་པར་སྨྲ་བ་ནི་གད་མོའི་ཡུལ་ལས་མ་འདས་མོད། མུ་མཐུད་ནས་སྐྱག་རྫུན་དཔང་སྒྲིག་བྱས་ཏེ་ཁྲིམས་འགལ་གྱི་དབང་བསྒྱུར་བྱས་པ་ཞིག་ཡིན་པ་ནི་སུས་ཀྱང་རྟོགས་པར་ནུས།
ད་ལྟ་རྒྱ་ནག་གཞུང་གིས་བོད་ནང་ལ་ལག་བསྟར་བྱེད་བཞིན་པའི་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ནི་འཛམ་གླིང་ནང་གི་ཆེས་སྡུག་རྩུབ་ཅན་གྱི་སྲིད་ཇུས་མ་རུང་བ་ཞིག་ཡིན་ལ། དེས་བོད་མི་རིགས་ཀྱི་རང་དབང་ཡོད་ཚད་བཙན་གྱིས་འཕྲོག་སྟེ་འོད་ཀྱིས་སྟོང་བའི་མུན་ནག་གི་ཁོར་ཡུག་ཅིག་ན་ཤི་གསོན་གྱི་གནས་སུ་བསྐྱལ་ཡོད་པ་རྒྱལ་སྤྱིའི་སྟེང་ལ་གསལ་གསལ་རྗེན་རྗེན་བསྟན་ཡོད།
དཔེར་ན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༧ ལོའི་ལོ་འཁོར་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་སྤེལ་བྱས་པའི་ནང་རྒྱ་ནག་གཞུང་གིས་བོད་མི་ཚོ་ཁྲིམས་མཐུན་མིན་པའི་ཐོག་ནས་འཛིན་བཟུང་དང་། བཙོན་འཇུག་གིས་མནར་གཅོད་བཏང་བ། བཙོན་པ་ཚོར་ཁྲིམས་རྩོད་པའི་མཐུན་རྐྱེན་མེད་པར་བཟོས་པ། རང་ལུས་མེར་སྲེག་གི་གནད་དོན། སྨྲ་བརྗོད་ཀྱི་རང་དབང་དང་གསར་འགོད་པའི་རང་དབང། དྲ་རྒྱའི་རང་དབང། ཤེས་ཡོན་གྱི་རང་དབང་སོགས་ལ་དམ་བསྒྲགས་བྱས་དང་བྱེད་མུས་ཡིན་སྐོར་དོན་ཚན་རེ་རེ་བཞིན་བཀོད་ཡོད་པ་མ་ཟད། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་རྟེན་གཞི་བྱས་པའི་ Freedom House འམ་རང་དབང་ཁང་པས་སྤྱི་ལོ་ ༢༠༡༦ ལོའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་བྱས་པའི་ནང་། རྒྱ་ནག་ནི་ཆབ་སྲིད་ཀྱི་རང་དབང་དང་སྤྱི་དམངས་ཀྱི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པར་ཐེར་འདོན་གནང་འདུག་གནས་ཚུལ་དེས། རྒྱ་ནག་གཞུང་ལ་ཁྲིམས་ཀྱི་འདུ་ཤེས་ཆགས་མེད་པའི་ཁར། སྡུག་རྩུབ་ཅན་ཞིག་ཡིན་པ་གསལ་སྟོན་བྱེད་བཞིན་ཡོད། གཞན་གྱི་ཚེ་སྲོག་ལ་ཅི་མི་སྙམ་པའི་ལྟ་ཚུལ་ནར་མ་དེའི་བྱ་སྤྱོད་ཡིན་པར་གསལ་སྟོན་བྱེད་བཞིན་ཡོད།
རྒྱལ་གཅེས་པ་བོད་མི་བརྒྱ་དང་དྲུག་ཅུས་རྒྱལ་གཞུང་གི་མིག་མདུན་ནས་རང་དབང་དང་འདྲ་མཉམ་གྱི་ཆེད་དུ་རང་ལུས་ཞུགས་འབུལ་བྱས་ཡོད་ནའང་། དགྲ་བོ་དམར་གཞུང་གིས་ད་དུང་དེ་ལ་དམའ་འབེབས་དང་ཁྱད་གསོད་བྱས་པའི་སྟེང་དུ་ཁོང་ཚོའི་ནང་མིར་ཡང་སུན་གཙེར་དང་འཇུ་བཟུང་། གཅར་རྡུང་དང་འདྲི་གཅོད་སོགས་བྱེད་བཞིན་པ་ནི་ཅི་འདྲའི་སྐྱི་གཡའ་བ་ཞིག་རེད།
རྒྱུ་མཚན་འདི་དག་ལ་བརྟེན་དེ་རིང་ངས་འདི་ནས་བདེན་པ་དང་རང་དབང་གི་ཆེད་དུ་ཅི་ཡང་གཏོང་ནུས་པའི་འཛམ་གླིང་གི་མི་མང་ཚོར་ཞུ་རྒྱུར། དམིགས་བསལ་བོད་མི་རིགས་ཀྱི་བདེན་པ་དང་རང་དབང་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད་ལ། བོད་མི་རིགས་ཀྱིས་མྱངས་དང་མྱོང་བཞིན་པའི་ཚད་བརྒལ་གྱི་མནར་གཅོད་དང་སྡུག་ཡུས་ལ་སྤྱན་མིག་ཅུང་ཙམ་གཡོ་རོགས་ཞེས་ནན་སྐུལ་ཞུ་བཞིན་ཡོད། ང་ཚོ་ནི་གོ་ལ་གཅིག་གི་ནང་དུ་འཚོ་སྡོད་བྱས་ཡོད་པའི་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན། རྒྱུ་མཚན་དེས་ཕྱིར་ན་འགྲོ་བ་མི་སུ་ཞིག་ལ་དཀའ་ངལ་ཕྲད་ན་ཕན་ཚུན་རོགས་རེས་དང་སྐྱིད་སྡུག་མཉམ་མྱོང་དགོས་རྒྱུ་ནི་ང་ཚོའི་ཡོལ་ཐབས་མེད་པའི་ལས་འགན་ཡིན་པ་མ་བརྗེད་པར་གྱིས། བཀའ་དྲིན་ཆེ།
ཆོད་སེམས་ལ་གུས་དུད་དང་། རྒྱབ་སྐྱོར་ཡོད།
༄༅། ཚེ་འབར་ལགས་། ང་ནམ་ཡང་བཅོས་མིན་ཁྱོད་མཉམ་དུ་ཡོད།
བོད་སྒྲ་སྒྲོག་པ་བཀའ་དྲིན་ཆེ་།
བཀྲིས་བདེ་ལེགས། ཁྱོད་ཚེ་རིང་ཤོག།
འབོད་སྒྲ་ཁྲི་ལོར་བརྟན་པར་ཤོག