ནམ་མཁའ།
ལྔ་བ། རྨ་ལྷོ་དགུ་ཆུའི་འགྲམ་གྱི་འཇིགས་སྣང་།
པེ་ཅིན་དུ་ཡོད་པའི་བོད་རིགས་ངའི་གྲོགས་པོ་བུ་དེས་ངོ་སྤྲོད་བྱེད་སའི་བུ་མོ་དེ་གུས་མོའི་སྣེ་ཤན་བུ་མོའི་ངོ་ཤེས་རྙིང་པ་ཞིག་ཡིན་པ་འདྲ། ངའི་སྣེ་ཤེན་བུ་མོས་གུས་མོར་རྨ་ལྷོའི་བུ་མོར་ངོ་སྤྲོད་ཐུང་ངུ་ཞིག་བྱེད་ཞོར་བུ་མོ་དེའི་ལས་གནས་སོགས་ཀྱང་ངོ་སྤྲོད་བྱས་སོང་བས། བུ་མོ་དེ་ཡང་འབྲིང་རིམ་སློབ་གྲྭའི་བོད་ཡིག་དགེ་རྒན་ཞིག་ཡིན་པ་ཤེས་སོང་། ང་ཚོ་གསུམ་གྱི་ལས་རིགས་གཅིག་པ་ཡིན་སྟབས་གུས་མོའི་སེམས་ནང་སྐྱིད་པོ་འདྲ་ཞིག་བྱུང་། རྨ་ལྷོ་བུ་མོས་གུས་མོར་རྒྱ་སྐད་ཀྱིས་འཚམས་འདྲི་ཐུང་ངུ་ཞིག་བྱས་བས། མོ་རང་གི་རྒྱ་སྐད་གུས་མོའི་སྣེ་ཤེན་བུ་མོ་དང་བསྡུར་ན་རྒྱ་སྐད་དེ་ཙམ་བདེ་བོ་མེད་པ་ཤེས་ཐུབ་ཀྱི་འདུག
ཡིན་ཡང་མོ་རང་གི་གདོང་ན་བཅོས་མིན་གྱི་འཛུམ་མདངས་ཀྱིས་ཁེངས་ཡོད་ལ། མོའི་གདོང་གི་ཡིད་དབང་འཕྲོག་པའི་མིག་མཐའི་རི་མོ་དང་། སྐད་གདངས་སྙན་མོའི་སྐད་ཆ་བཤད་སྟངས་ཀྱིས་མོ་རང་གི་གཤིས་ཀ་འཇམ་པོ་དེ་རྟོགས་ཐུབ་ཀྱི་འདུག་པ་མ་ཟད། ཕྲན་ལ་མཛུབ་མོ་བཙུགས་ཏེ་ཁྱེད་རང་ལྟ་བུ་ཚོའི་ཡིད་སེམས་རང་དབང་མེད་པར་བུ་མོ་དེའི་ཐོག་འཁོར་ངེས་རེད་ཅེས་དགོད་གཏམ་འདྲེས་མས་བཤད་སོང་། ང་རང་བུ་མོ་ཞིག་ཡིན་ཡང་རྨ་ལྷོ་བུ་མོའི་གདོང་གི་མཛེས་སྡུག་ལྡན་པའི་མིག་ཟུང་ལ་བལྟ་ཤོར་འགྲོ་གི་འདུག་ཟེར།
མཚམས་འདིར་པེ་ཅིན་བུ་མོའི་ཚ་མོས་ཁོ་རང་ནུབ་ཕྱོགས་ཀྱི་བུ་མོ་མཛེས་མ་མང་པོའི་དཀྱིལ་ན་ཡོད་སྟབས། ཤར་ཕྱོགས་བུ་མོ་ཅི་ལྟར་མཛེས་ན་ཡང་དེ་ཙམ་གྱི་དོན་སྣང་ཡོད་ཀྱི་མ་རེད་ཅེས་ཕྲན་ལ་ཟུར་ཟ་འདྲ་ཞིག་བྱས་སོང་བས།ཕྲན་ཡང་གད་མོ་དགད་ཞོར་ཕྲན་གྱིས་བུ་མོའི་རིགས་ལ་བལྟ་སྟངས་དང་མཐོང་སྣང་དྲང་མོ་བཤད་པ་ཡིན། པེ་ཅིན་བུ་མོས་ཕྲན་ལ་འདི་ལྟར་ལན་འདེབས་གནང་སོང་། རེད་རེད། ཁྱེད་ཀྱིས་བཤད་སྟངས་དེ་སེམས་ཁམས་རིག་པས་བཤད་སྟངས་ཞིག་རེད་སྙམ། མ་གཞི་ནས་དེང་སང་རྒྱ་ནག་རྒྱལ་ཡོངས་མི་རིགས་གང་ཡིན་ཡང་ཕོ་མོའི་བར་གྱི་སེམས་ཁམས་འཇའ་ཚོན་ལྟ་བུ་ཞིག་ཏུ་གྱུར་འདུག གུས་མོས་གོང་དུ་བཤད་པ་བཞིན་མིའི་བར་གྱི་བརྩེ་བ་དངུལ་གྱི་ངོ་བོར་འགྱུར་ཚར་ཡོད་པ་རེད་ཟེར། འདི་ལ་ཕོ་མོ་དང་མི་རིགས་ལ་ཁྱད་མེད་པར་སེམས་པ་རྟེན་སའི་གནས་ཞིག་མེད་པ་ད་ཐེངས་གུས་མོས་མཚོ་སྔོན་ནས་གསལ་བོ་ཤེས་ཡོད་། མ་ཟད་ད་རུང་གུས་མོའི་སྣེ་ཤེན་བུ་མོས་བཤད་ཚུལ་ལ། བོད་ཀྱི་སློབ་ཆེན་སློབ་མའི་ནང་ན་ཡང་སེམས་ཀྱི་དཀའ་ངལ་གྱི་དབང་གིས་རང་སྲོག་གཅོད་མཁན་ཡང་འདུག་ཅེས་བཤད་སོང་ཟེར། མཚམས་འདིར་ཕྲན་གྱི་སེམས་སུ་ང་ཚོའི་གླེང་མོལ་འགོ་བཙུགས་པ་ནས་བཟུང་། པེ་ཅིན་བུ་མོས་རྒྱ་ནག་མི་དམངས་ཀྱི་སེམས་སུ་དཀའ་ངལ་ཡོད་པའི་གནས་ཚུལ་ཐེངས་མང་པོ་གླེང་སོང་སྙམ་མོད། ཡིན་ཡང་ཕྲན་གྱིས་ཁོ་མོ་གཉིས་ལ་དེའི་སྐོར་བསྐྱར་གླེང་བྱས་མེད།
ལོ་གཅིག་གི་ཡར་སྔོན་ཞིག་ལ་ཕྲན་བསྡད་སའི་ལུང་པ་འདིའི་གསར་ཤོག་ཞིག་གི་ཐོག་ནས། རྒྱ་ནག་གི་གཞོན་སྐྱེས་མང་པོ་དཔལ་འབྱོར་གྱི་འགྲན་བསྡུར་དབང་གིས་སེམས་ནད་ཕོག་སྟེ་སྨྱོན་པ་དང་རང་ཤི་རྒྱག་མཁན་ལོ་གཅིག་གི་ནང་གྲངས་ཀ་མང་པོ་འཕེལ་བའི་གནས་ཚུལ་ཞིག་རྒྱ་རིགས་སེམས་ཁམས་རིག་པ་བ་ཞིག་གིས་བཤད་པ་མཐོང་མྱོང་ཡོད་པ་དྲན་སོང་། ཡིན་ཡང་ཕྲན་གྱིས་གསར་ཤོག་སྟེང་ནས་མཐོང་མྱོང་པའི་གནས་ཚུལ་བཤད་མེད། དེ་ཡང་ཕྲན་གྱིས་ཉན་འདོད་ཆེ་བའི་རྨ་ལྷོ་ཁུལ་ཐོག་གི་དངོས་བྱུང་གནས་ཚུལ་དག་གི་རྐྱེན་གྱིས་ཡིན། གང་ལྟར་ང་ཚོས་པེ་ཅིན་བུ་མོས་མཐོང་བའི་རྨ་ལྷོ་ཁུལ་ཐོག་གི་ཧ་ལས་དགོས་བའི་གནས་ཚུལ་ལ་ཉན་རྒྱུ་ཡིན། པེ་ཅིན་བུ་མོས། ཁོ་མོ་གཉིས་རྨ་ལྷོའི་བུ་མོའི་ཁྱིམ་ལ་ཕྱིན་པ་ཡིན། མོ་རང་ཁུལ་ཐོག་ཏུ་དེང་རབས་ཀྱི་ཁང་མིག་བཞི་ཅན་ཞིག་གི་ནང་དུ་བསྡད་འདུག
རྨ་ལྷོའི་བུ་མོ་ད་རུང་གཉེན་སྒྲིག་བྱས་མེད་པར་མོ་རང་གཅིག་པོ་བསྡད་ཡོད་པ་གསལ་བོ་ཤེས་སོང་། མོ་རང་གི་ཁང་པའི་ནང་ཕར་ལྟས་ཚོད་ཀྱིས་མོ་རང་སློབ་དགེ་ཞིག་དང་དཔེ་དེབ་མང་པོ་ཀློག་རྒྱུ་དགའ་བོ་ཡོད་པ་མི་སུ་ཡིན་རུང་ཤེས་ཐུབ། བོད་ཡིག་དང་རྒྱ་ཡིག་གི་དེབ་མང་པོ་དཔེ་མཛོད་ཆུང་ངུ་ཞིག་གི་ནང་སྒྲིགས་ཏེ་ཁེངས་ནས་འདུག མ་ཟད་བོད་ཡིག་གི་དེབ་ཀློག་མཚམས་སུ་རྟགས་ཞིག་དང་མཉམ་དུ་མོ་རང་གི་མདུན་ཅོག་སྟེང་བཞག་འདུག་ལ། ད་རུང་ཟིན་བྲིས་བྱས་བའི་ཤོག་ལྷེ་འགའ་ཡི་སྟེང་རྒྱ་ཡིག་དང་བོད་ཡིག་གཉིས་ཀ་བྲིས་ཏེ་སྨྱུག་གུ་མཉམ་དུ་བཞག་འདུག་པས། ཕལ་ཆེར་མོ་རང་གིས་བོད་ཀྱི་ནང་དོན་རིག་པ་ལ་ཟུར་སྦྱོང་བྱེད་ཀྱི་ཡོད་པ་འདྲ། རྒྱུ་མཚན་ནི་རྒྱ་ཡིག་གི་ཟིན་བྲིས་བྱས་བའི་ཤོག་ལྷེ་འགའ་མཐོང་སོང་།
རྨ་ལྷོ་བུ་མོས་གུས་མོར་མོ་རང་གི་ཁང་པའི་ནང་སྟོན་ཞོར་འགྲེལ་བཤད་ཐུང་ངུ་ཞིག་འདི་ལྟར་གནང་སོང་། ཁྱེད་ཀྱི་གྲོགས་པོ་པེ་ཅིན་གྱི་བུ་དེས་ལོ་ལྟར་དབྱར་དུས་འདི་གར་རྒྱ་རིགས་མང་པོ་བལྟ་སྐོར་དུ་གཏོང་གི་འདུག ངས་ཁོང་ཚོར་དགོན་པའི་ནང་བལྟ་སྐོར་ཁྲིད་དུས་ཁོང་ཚོས་དྲི་བ་མང་པོ་འདྲི་གི་འདུག་མོད། ཐབས་སྐྱོ་བ་ཞིག་ལ་ངས་རྒྱ་སྐད་ཡག་པོ་མི་ཤེས་ཁར་ནང་དོན་རིག་པའི་སྐོར་དེ་བས་ཀྱང་རྒྱ་སྐད་དང་བོད་སྐད་གཉིས་ཀྱིས་འགྲེལ་བཤད་རྒྱག་མི་ཤེས་བས་ངོ་ཚ་ཐེངས་མང་པོ་བྱུང་སོང་། སྐབས་རེ་ཁོང་ཚོ་ང་རང་ལས་དགོན་པ་སོ་སོ་ཐོག་མར་འདེབས་མཁན་དང་ལོ་ཚུགས་སོགས་གསལ་བོ་བཤད་ཀྱི་འདུག་ལ། དགོན་པའི་ནང་གི་ལྷ་རིགས་ཀྱི་མཚོན་བྱེད་ཡང་བཤད་ཡ་འདུག་པས། ང་རང་བོད་ཀྱི་སློབ་དགེ་ཞིག་ཡིན་པ་ཙམ་ལས་ཅི་ཡང་ཤེས་ཀྱི་མེད་རྗེས་ནས་ཚོར་སོང་། དེ་ནས་བཟུང་ངས་ནང་ཆོས་ཟུར་སྦྱོང་ཅུང་ཟད་རེ་བྱེད་ཀྱི་ཡོད། ལྷག་པར་དུ་རྒྱ་ཡིག་ནས་ཕར་འགྲེལ་བཤད་བྱེད་སྟངས་སོགས་ལ་དོན་སྣང་ཞིབ་ཚགས་བྱེད་ཀྱི་ཡོད་ཅེས་འགྲེལ་བཤད་ཞིག་བྱས་སོང་།
མོ་རང་གི་ཁང་མིག་གཅིག་གི་ནང་དུ་མོས་དད་པའི་མཆོད་པ་འབུལ་སའི་མཆོད་བཤམས་ཞིག་བཟོས་འདུག་ལ། དེའི་ནང་རག་གསེར་གྱིས་བཟོས་བའི་སྟོན་པའི་སྐུ་བརྙན་ཞིག་དང་རྗེ་བཙུན་སྒྲོལ་མའི་སྐུ་བརྙན། པར་སྒྲོམ་ཤིན་ཏུ་ལེགས་པ་ཞིག་གི་ནང་དུ་༧གོང་ས༧ཏྰ་ལའི་བླ་མས་ནོར་ཝེ་གཟེངས་རྟགས་བཞེས་སྐབས་ཀྱི་པར་ཞིག་བཤམས་འདུག རྨ་ལྷོ་བུ་མོས་བཤད་ཚུལ་ལ། པར་དེ་རྒྱ་ནང་ནས་བལྟ་སྐོར་དུ་ཡོང་བའི་རྒྱ་རིགས་བུ་མོ་ཞིག་གིས་གུས་མོར་ལག་རྟགས་སྤྲད་སོང་ཅེས་མོ་རང་ལ་འཚེར་སྣང་ཅི་ཡང་མེད་པར་བཤད་སོང་བས། ཕལ་ཆེར་པེ་ཅིན་གྱི་གུས་མོའི་གྲོགས་པོ་བུ་དེས་གུས་མོའི་སྐོར་འགྲེལ་བཤད་གསལ་བོ་བྱས་ཡོད་པ་འདྲ་སྙམ།
གང་ལྟར་རྨ་ལྷོ་བུ་མོས་ངེད་གཉིས་ལ་འབྲས་དང་སྔོ་ཚལ་ལུག་ཤ་སོགས་ཀྱིས་ཟ་མ་ཞིམ་པོ་ཞིག་གྲ་སྒྲིག་བྱས་འདུག གུས་མོའི་སེམས་སུ་འབྲས་དང་སྔོ་ཚལ་གྱིས་བཟོས་སྟངས་ལ་གཞིགས་ཚེ། གུས་མོར་ཆེད་མངགས་ཀྱིས་ཟ་འདོད་ཡོད་པའི་ཟ་མ་རྒྱ་ཟས་ཞིག་གྲ་སྒྲིགས་བྱས་པ་རེད་བསམ་སོང་བས། གུས་མོས་ཀྱང་མོ་ལ་གུས་མོར་ཆེད་མངགས་ཀྱིས་རྒྱ་ཟས་རིགས་བཟོས་པ་ཡིན་ནམ་ཅེས་དྲིས་པ་ཡིན། རྨ་ལྷོ་བུ་མོས་ཀྱང་ཡིན་ཁྱེད་རང་བོད་ཀྱི་ས་ཆ་མང་པོར་སོང་ཡོད་སྟབས། རྒྱ་ཟས་མ་ཟས་བར་ཅུང་འགོར་ཡོད་སྲིད་པས། ངས་ཟ་མ་ཡག་པོ་ཞིག་བཟོ་མི་ཤེས་ཀྱང་འུ་ཚུགས་ཀྱིས་སྟབས་བདེ་ཞིག་བཟོས་པ་ཡིན་ཟེར་བས། གུས་མོ་རྨ་ལྷོ་བུ་མོ་དང་མཛའ་སེམས་ཟབ་མོ་ཞིག་གི་འགོ་བཙུགས་སོང་། གུས་མོའི་སྣེ་ཤེན་བུ་མོ་དང་ཁོ་གཉིས་ངོ་ཤེས་རྙིང་པ་ཡིན་པ་མ་ཟད་འབྲེལ་འདྲིས་ཡང་ཆེན་པོ་འདུག རྨ་ལྷོ་བུ་མོ་གུ་ཡངས་པོ་ཞིག་ཡིན་པ་མ་ཟད་དགོད་གཏམ་བཤད་ཡ་ལ་ཡང་དགའ་བོ་རེད།
གུས་མོས་ཀྱང་མོ་རང་ལ་ང་རང་བོད་ཀྱི་ཟས་རིགས་ལ་ཡང་དགའ་བོ་ཡོད། ལྷག་པར་དུ་རྩམ་པ་ཟ་ཡ་དགའ་བོ་ཡོད་ལབ་པ་ཡིན། གུས་མོའི་སྣེ་ཤེན་བུ་མོས་ཀྱང་རྒྱ་སྐད་ཀྱིས་མོ་རང་རྩམ་པ་ལ་དགའ་བོ་འདུག་པ་མ་ཟད། ང་ཚོའི་མཚོ་བྱང་གི་འབྲོག་པའི་རུ་ནང་ནས་གུས་མོས་རྩམ་པ་ཟ་དུས་རྩམ་པ་རྫི་མ་ཤེས་བའི་ལོ་རྒྱུས་བཤད་དེ་ང་ཚོ་གསུམ་གད་མོ་མིག་ཆུ་ཤོར་བར་དུ་བགད་པ་ཡིན། རྨ་ལྷོ་བུ་མོས་ཀྱང་མོས་ཀྱང་རྩམ་པ་ཡག་པོ་རྫི་ཤེས་ཀྱི་མེད་ཟེར་ཞོར་དེ་རིང་ངའི་ནང་དུ་རྩམ་པ་མེད། སང་ཉིན་གུས་མོས་རྩམ་པ་ཞིག་ཉོ་ཆོག་ཟེར། དེའི་ཉིན་མོ་གུས་མོའི་སྣེ་ཤེན་བུ་མོ་དང་ང་ཚོ་གསུམ་ཕྱི་ལོགས་སུ་ལྟད་མོ་བལྟ་རུ་མ་སོང་བར་མོ་རང་གི་ནང་ནས་ཁ་བརྡ་འདྲ་མིན་བྱེད་ཞོར་བསྡད་པ་ཡིན།
ཕྱི་ཉིན་ཞོགས་ཇ་འཐུང་རྗེས་སུ་རྨ་ལྷོ་བུ་མོའི་ཁ་བཏགས་ཁ་ཤས་ཞིག་གྲ་སྒྲིགས་བྱེད་བཞིན་འདུག་པས། གུས་མོས་ཀྱང་དང་པོ་དགོན་པའི་ནང་བལྟ་སྐོར་དུ་ཁྲིད་རྒྱུ་ཡིན་པ་ཤེས་སོང་། རོང་བོ་དགོན་ཆེན་ནི་རྨ་ལྷོ་ཁུལ་ཐོག་དང་འདབ་འདྲེས་བྱས་ཏེ་འདུག་ལ། དགོན་པའི་ཐང་མདུན་དུ་སྒྲོལ་མའི་རག་སྐུ་ཕྱོགས་བཞི་གར་ཞལ་རས་འཁོར་བ་ཞིག་བཞེངས་འདུག་པས་ཡིད་དབང་འཕྲོག་པ་ཞིག་རེད། རྨ་ལྷོ་བུ་མོས་བཤད་ཚུལ་ལ། སྒྲོལ་མའི་སྐུ་འདྲ་འདི་རྨ་ལྷོ་ཁུལ་དཔོན་གྱིས་རྒྱ་ནང་གི་ཚོང་པ་ཞིག་སྦྱིན་བདག་བཙལ་ཏེ་བཞེངས་པ་རེད་ཟེར།
སྐབས་དེར་ས་ཁུལ་འདིར་ཡོད་པའི་ཁ་ཆེ་ཚོས་མཚོ་སྔོན་ཞིང་ཆེན་གྱི་སྲིད་གཞུང་ལ་བསམ་འཆར་བྲིས་ཏེ་ཁུལ་དཔོན་གྱིས་ཆོས་ལུགས་འཐེན་ཁྱེར་བྱེད་ཀྱི་འདུག་ཅེས་བཤད་པ་རེད། ཞིང་ཆེན་སྲིད་གཞུང་གིས་ཁོ་ལ་བསམ་འཆར་དེའི་སྐོར་གྱི་དོགས་འདྲི་བྱེད་དུས།ཁོས་རྨ་ལྷོ་ས་ཁུལ་གྱི་ཡོང་སྒོ་ཆེ་ཤོས་ཡུལ་སྐོར་སྤྲོ་འཆམ་ཡིན་ལ། དེ་ཡང་ལྟ་སྐོར་བྱེད་སའི་བསྟི་གནས་གཙོ་བོ་དགོན་པ་འདི་རེད། ཁོས་ས་གནས་རང་གིས་རང་ཁ་གསོ་ཐབས་ཀྱི་ཡོང་སྒོ་བཙལ་ཕྱིར་དེ་བཞེངས་པ་ཡིན་ཅེས་སྲིད་གཞུང་ལ་ལན་འདེབས་གནང་བ་རེད་ཅེས་རྨ་ལྷོ་བུ་མོས་སྒྲོལ་སྐུ་དེ་བཞེངས་བའི་ལོ་རྒྱུས་རགས་ཙམ་འགྲེལ་བརྗོད་གནང་སོང་། ས་ཁུལ་གྱི་བོད་རིགས་ཚོས་རྨ་ལྷོ་ཁུལ་དཔོན་རྒྱ་རིགས་ཞིག་རེད་ཟེར་མོད། འོན་ཀྱང་ཁོ་རང་སྐུ་འབུམ་ཕྱོགས་ཀྱི་བོད་རིགས་དངོས་མ་ཞིག་རེད་ཅེས་རྨ་ལྷོ་བུ་མོས་ཟེར།
གང་ལྟར་དགོན་པའི་ཐང་མདུན་གྱི་སྒྲོལ་སྐུ་དེར་ཕྱག་སྐོར་བྱེད་མཁན་བོད་རིགས་རྒན་གཞོན་བར་གསུམ་འདུག་ལ། བོད་རིགས་འདི་ཚོས་བོད་ལྭ་གྱོན་ཞིང་། ལག་ཏུ་ཕྲེང་བ་བཟུང་ནས་སྨོན་ལམ་འདེབས་བཞིན་པ་མཐོང་དུས་ང་རང་ནི་འཇིག་རྟེན་གཞན་ཞིག་ལ་སླེབས་པ་དང་འདྲ་བའི་ཚོར་སྣང་བྱུང་། གུས་མོའི་སྣེ་ཤེན་བུ་མོས་ཀྱང་རེབ་གོང་ཁུལ་ཐོག་འདིར། བོད་རིགས་རྒན་གཞོན་བར་གསུམ་གྱིས་བོད་ལྭ་གྱོན་མཁན་མང་པོ་རེད་ཅེས་གུས་མོར་བཤད་སོང་། རྨ་ལྷོ་བུ་མོས་གུས་མོར་དགོན་པའི་ལོ་རྒྱུས་མདོར་བསྡུས་ཞིག་འགྲེལ་བཤད་འདི་ལྟར་གནང་སོང་།
སྤྱིར་དགོན་པ་འདིའི་མིང་ལ་རོང་བོ་བདེ་ཆེན་ཆོས་འཁོར་གླིང་ཟེར། ཡོངས་གྲགས་འབོད་སྟངས་ཞིག་ལ་རོང་བོ་དགོན་ཆེན་ཅེས་འབོད་ཀྱི་ཡོད་པ་རེད། དགོན་པ་འདི་ལ་ལོ་ངོ་༧༠༠ལྷག་གི་ལོ་རྒྱུས་འདུག ཡིན་ཡང་གུང་ཁྲན་ཏང་སླེབས་རྗེས་སུ་དགོན་པའི་ས་ཁུལ་དུ་སློབ་གྲྭ་དང་གཞུང་གི་ལས་ཁུང་མང་པོ་བཙུགས་པས། གནའ་བོའི་དགོན་པའི་ཤུལ་དུ་ལྷག་ཡོད་པ་ནི། ཚོགས་ཆེན་འདུ་ཁང་ཀ་བརྒྱ་མ་དང་ཐོས་བསམ་གླིང་གི་འདུ་ཁང་གཉིས་མ་གཏོགས་ཆ་ཚང་གཏོར་བཤིགས་བཏང་ཚར་བ་རེད། དེ་གཉིས་ཀའི་ནང་ཡང་སྟོང་པ་བཟོས་ཏེ་ཚོགས་ཆེན་འདུ་ཁང་ནང་དུ་ཞིང་ཁ་ལ་མཁོ་བའི་ལུད་རྩས་རིགས་བཞག་པ་རེད། ཐོས་བསམ་གླིང་གི་འདུ་ཁང་ནང་རྨ་ལྷོའི་ཆུ་གློག་འཛུགས་སྐྲུན་གྱི་ཡོ་ཆས་འཇོག་ས་བཟོས་འདུག་ཅེས་མོ་རང་གི་ཕ་མས་བཤད་སོང་ཟེར། ད་ལྟ་སྒྲོལ་མའི་ཐང་ཆེན་འདི་རྨ་ལྷོའི་སྤྱི་སྤྱོད་རླུང་འཁོར་གྱི་འབབ་ཚུགས་རེད་ཟེར།
མོ་རང་གིས་དབུགས་རིང་ཞིག་གཏོང་ཞོར་འདི་ལྟར་མུ་མཐུད་བཤད་སོང་། ང་རང་ཡ་མཚར་བ་ཞིག་ལ་ཁྱེད་ཀྱིས་ལྟོས་དང་ཐང་ཆེན་འདིའི་འོག་སྔོན་མ་རྫོང་ཐོག་རེད། ཕར་ཕྱོགས་སུ་ཡོད་པའི་ཁ་ཆེ་ལྷ་ཁང་དེ་གསར་བ་ཞིག་མ་རེད། ང་རང་སྐྱེས་དུས་ནས་འདུག་པས་དེ་ལ་གཏོར་བཤིགས་བཏང་མི་འདུག་ཟེར་བས་གུས་མོ་ཡང་ཡ་མཚར་གཉིས་བྱུང་སོང་། གཅིག་ནི་ཁ་ཆེ་ལྷ་ཁང་དེ་གཏོར་བཤིགས་མ་བཏང་བར་ལྷག་པ་དེ་རེད་ལ། གཉིས་པ་དེ་སྔོན་མ་རྒྱ་གུང་ཁྲན་མ་ཡོང་གོང་ནས་རེབ་གོང་ལ་ཁ་ཆེ་སླེབས་ཡོད་པ་མ་ཟད། ད་རུང་ཁ་ཆེ་ལྷ་ཁང་ཞིག་རྒྱབ་ཡོད་པ་དེ་བསམ་གཞིགས་བྱེད་དགོས་བྱུང་སོང་། ཕྱོགས་གཅིག་ནས་ཡུལ་མི་ཚོས་ཆོས་ལུགས་གང་ལ་དད་ཀྱང་རང་དབང་ཡོད་པ་གསལ་བོ་རེད། ཕྱོགས་གཉིས་ནས་བཤད་ན་སྐབས་དེའི་རྫོང་དཔོན་ཚོས་ཕྱི་ལོགས་ནས་མི་རིགས་གཞན་ལ་རང་དབང་ཆེན་པོ་སྤྲད་ཡོད་པའི་རྟགས་མཚན་གསལ་བོ་ཤེས་ཐུབ།
གུས་མོས་སྐབས་དེར་ཅི་ཞིག་ཡིད་ལ་དྲན་པ་ཁྱེད་ལ་དྲང་མོ་ཞིག་བཤད་ན། རྨ་ལྷོ་བུ་མོས་ལོ་ངོ་༧༠༠ལྷག་གི་ལོ་རྒྱུས་ཅན་གྱི་རེབ་གོང་དགོན་ཆེན་གཏོར་བཤིག་ཚད་མེད་བཏང་ཚུལ་བཤད་སོང་མོད། འོན་ཀྱང་ང་རང་དོགས་པ་ཅུང་ཟད་སྐྱེས་ཏེ། ང་ཚོའི་མདུན་གྱི་ཡིད་དབང་འཕྲོག་པའི་དགོན་པ་ནི་མིག་མདུན་ན་ཁྲ་ལམ་མེར་འདུག་པས། གུས་མོས་ཐད་གར་མོ་ལ་སྐད་ཆ་འདི་ལྟར་དྲིས་པ་ཡིན། དེ་ལྟར་ཡིན་ཚེ་དེ་རིང་གི་ང་ཚོའི་མདུན་གྱི་ལྷ་ཁང་འདི་དག་གསར་བཞེངས་བྱས་པ་རེད་དམ་ཅེས་དྲིས་བས། གུས་མོའི་སྣེ་ཤེན་བུ་མོ་དང་རྨ་ལྷོ་བུ་མོ་གཉིས་ཀྱིས་བསམ་བློ་ཙམ་ཡང་མ་བཏང་བར་རེད་རེད་ཅེས་ལན་འདེབས་གནང་སོང་མོད། དེ་དུས་ད་རུང་ཡང་ཡིད་མ་ཆེས་བར་ཅུང་ཐེ་ཚོམ་གྱི་ནང་དུ་ལྷུང་བའི་སྐབས་དེར། ཁོ་མོ་གཉིས་ཀྱིས་ཀྱང་གུས་མོའི་བསམ་ཚུལ་ཅུང་ཤེས་སོང་སྙམ། རྒྱུ་མཚན་ནི། ཁོ་མོ་གཉིས་ཀྱིས་ཕན་ཚུན་ལ་བོད་སྐད་ཀྱིས་ཚིག་འགའ་བཤད་སོང་། ཡིན་ཡང་གྲོགས་མོ་གཉིས་ཀྱིས་ཅི་ཞིག་ཕན་ཚུན་ལ་ཁ་བརྡ་བྱས་བ་གུས་མོས་དྲིས་མེད།
མཚམས་འདིར་པེ་ཅིན་བུ་མོའི་ཚ་མོས་དགོན་པ་ཆ་ཚང་གཏོར་བཤིག་བཏང་བ་དེ་བདེན་པ་ཡིན་ངེས་རེད། ང་རང་གིས་དེ་འདྲའི་པར་རིགས་ཀྱི་འགྲེམས་སྟོན་དང་ཡིག་ཆ་དེ་འདྲ་མང་པོ་མཐོང་སོང་ཟེར། པེ་ཅིན་བུ་མོའི་སེམས་སུ་དོགས་པ་བྱེད་མི་དགོས་བའི་གསལ་བྱེད་ལྟ་བུ་ཞིག་བྱས་སོང་བས་ཕྲན་གྱིས་བསྐྱར་བཤད་བྱས་མེད། པེ་ཅིན་བུ་མོས་རེད་རེད་དེ་རྗེས་ནས་གུས་མོས་གསལ་བོར་ཤེས་ཡོད་པས།འོག་ནས་གུས་མོས་ཁྱེད་གཉིས་ལ་འགྲེལ་བཤད་བྱས་ཆོག་ཅེས་ལན་འདེབས་གནང་ཞོར་མོ་རང་གིས་མཐོང་ཐོས་ཀྱི་མཇུག་མཐུད་སོང་།
གུས་མོའི་སྣེ་ཤེན་བུ་མོ་དང་རྨ་ལྷོའི་གྲོགས་མོ་ངེད་གསུམ་དགོན་པའི་ནང་མཆོད་མཇལ་བྱེད་དུ་ཕྱིན། དེ་ཡང་ཐོག་མར་ང་ཚོ་ཚོགས་ཆེན་འདུ་ཁང་ནང་ཕྱིན་པ་ཡིན། ཚོགས་ཁང་དེ་ནི་གཞི་རྒྱ་ཆེ་ཞིང་གནའ་བོའི་ཚོགས་ཁང་རྙིང་པ་ཞིག་ཡིན་པ་སུས་ལྟས་ཀྱང་ཤེས་ཐུབ། ཡིན་ཡང་དེའི་ནང་གི་ལྷ་རུ་རྟེན་བཞེངས་ཚང་མ་ཡང་༡༩༨༠ཚུན་གསར་བཞེངས་བྱས་པ་ཤེས་ཐུབ་ཀྱི་འདུག་ལ། འདུ་ཁང་ཆེན་མོ་དེའི་གྲལ་འགོ་རུ་རྗེ་ཙོང་ཁ་བ་ཡབ་སྲས་གསུམ་གྱི་འདམ་སྐུ་ཆེན་པོ་ཞིག་ཡོད་པ་དེ་རྨ་ལྷོ་བུ་མོས་བཤད་ན། སེང་གེ་གཤོང་གི་ལྷ་བཟོ་སྐོར་ཞིག་གིས་ལས་པ་རེད་ཟེར། མོས་ལྷ་བཟོ་དེ་དག་གི་མིང་བཤད་སོང་མོད། འོན་ཀྱང་དེ་རིང་གུས་མོས་དྲན་གྱི་མི་འདུག གང་ལྟར་སྐུ་འདྲ་དེ་འདྲ་ཆེན་པོ་ཞིག་གུས་མོས་མཐོང་བ་ཐོག་མ་ཡིན་པས་ང་རང་ཧ་ལས་སོང་། བོད་རིགས་ཚོས་ནང་ཆོས་ཀྱི་ཆེད་དུ་རང་གི་ཡོད་ཚད་བློས་གཏོང་གཏོང་ཐུབ་པའི་སྙིང་སྟོབས་ཡོད་པའི་མཚོན་བྱེད་ཞིག་རེད་སྙམ་སོང་ཟེར། ཡིན་ན་ཡང་གུས་མོའི་སེམས་སུ་སྐྱོ་སྣང་དང་འདྲེས་བའི་དྲི་བ་ཞིག་འདི་ལྟར་སླེབས་སོང་།
ལོ་ངོ་བདུན་བརྒྱ་ལྷག་རིང་བསགས་པའི་དགོན་པ་འདིའི་ནང་གི་ལྷ་རུ་རྟེན་བཞེངས་ལས་གྲུབ་པའི་རྒྱུ་དངོས་ཐམས་ཅད། རིག་གནས་གསར་བརྗེ་སྐབས་གང་ཞིག་ཏུ་ཁྱེར་ཡོད་དམ། དེ་དུས་ཉིན་ག་ཚོད་ཞིག་ལ་སྐྱེལ་འདྲེན་བྱས་ཡོད་དམ།བོད་ཁྱོན་ཡོངས་སུ་གཏོར་བཤིགས་མ་བཏང་བའི་དགོན་པ་ཞིག་ཕལ་ཆེར་མེད་ལབ་ན་མི་འགྲིག་པ་མེད་མོད། ཡིན་ཡང་དེ་རིང་ནི་རྒྱ་ནག་སྲིད་གཞུང་གི་དཔལ་འབྱོར་གྱི་ཕྱོགས་ནས་འཛམ་གླིང་གི་ཨང་གཉིས་པ་གྱུར་ཡོད་པས། སྲིད་གཞུང་གིས་དགོན་པ་བསྐྱར་བཞེངས་ཀྱི་རོགས་རམ་ག་ཚོད་ཞིག་བྱས་ཡོད་དམ། དྲི་བ་འདི་དག་ནི་གུས་མོའི་སེམས་སུ་ངམ་ངམ་ཤུགས་ཀྱིས་སླེབས་སོང་ཟེར་ཞོར་ག་ལེར་སྒེའུ་ཁུང་ནས་ཕྱི་ལོགས་ཀྱི་ཉི་འོད་ཅུང་ཙམ་སྤྲིན་འོག་ནས་ཤར་བ་ལ་ལྟ་ཙམ་བྱས་སོང་། མཚམས་འདིར་ཕྲན་གྱིས་བལྟ་སྟངས་ནོར་མེད་ན། པེ་ཅིན་བུ་མོའི་ཚ་མོ་ཅུང་འཚེར་སྣང་ཞིག་གིས་མོའི་མགོ་བོ་སྒུར་སྒུར་བྱས་ཏེ་ཅུང་ཙམ་རིང་འཇམ་ཐིང་ངེར་བསྡད་སོང་།
ཕྲན་གྱིས་པེ་ཅིན་བུ་མོའི་ཚ་མོར་འགྲེལ་བཤད་སྟབས་བདེ་ཞིག་དང་འབྲེལ་ནས་སྐད་ཆ་འགའ་འདི་ལྟར་བཤད་པ་ཡིན། དངོས་གནས་རིག་གནས་གསར་བརྗེ་ཡི་སྲིད་ཇུས་དེ་བོད་གཅིག་པོའི་སྟེང་སླེབས་པ་ཞིག་མ་ཡིན་པར་རྒྱ་ནག་རྒྱལ་ཡོངས་ལ་སླེབས་པ་རེད། དེ་ནི་རྒྱ་ནག་ཧན་མི་རིགས་ཀྱི་ནོར་འཁྲུལ་གཅིག་པོ་མ་ཡིན་པར་གཙོ་བོ་སྐབས་དེའི་གུང་ཁྲན་ཏང་གི་དབང་འཛིན་པ་ཚོ་ནོར་འཁྲུལ་བྱུང་བ་རེད་ཅེས་ལབ་པ་ཡིན། མཚམས་འདིར་པེ་ཅིན་བུ་མོས་མོ་རང་གི་ཚ་མོར་བལྟ་ཞོར། དེ་བདེན་པ་རེད། རྒྱ་ནག་ནང་ཁུལ་ནས་ཀྱང་གནའ་བོའི་རིག་གནས་ཤུལ་བཞག་མང་པོ་གཏོར་བཤིགས་བཏང་ཡོད་པ་མ་ཟད། ད་རུང་ཕ་མེས་ཡང་མེས་ཀྱི་དུར་ས་སོགས་སྔོགས་ཏེ་རུས་པ་ཕྱིར་བཏོན་ནས་འཐབ་རྩོད་བྱས་པ་རེད། ཡིན་ཡང་བོད་ཀྱི་ས་ཐོག་དང་བསྡུར་ནས་བཤད་ན་དེ་ཙམ་གྱི་གཏོར་བཤིགས་ཀྱི་གནོད་སྐྱོན་བྱུང་མེད་ཅེས་གུས་མོས་བཤད་འདོད་སྐྱེས་སོང་ཟེར། མཚམས་འདིར་ཕྲན་གྱིས་ག་ལེར་པེ་ཅིན་བུ་མོའི་ཚ་མོར་ཅིག་ལྟས་པ་ཡིན། མོས་ཀྱང་པེ་ཅིན་བུ་མོས་བཤད་པའི་སྐད་ཆ་དེ་ལ་མགོ་བོ་ནང་དུ་གུག་གུག་བྱས་ཏེ་བདེན་ཁ་སྦྱིན་སོང་། སྐབས་དེར་ཕྲན་གྱི་ཡིད་ལ་ཅི་ཞིག་དྲན་པ་ངའི་རྩོམ་ཐུང་འདི་ཀློག་མཁན་ཚོར་གསལ་བོར་བཤད་འདོད་སྐྱེས་སོང་།
ལོ་ཤས་ཞིག་གི་སྔོན་ལ་བུད་མེད་རྩོམ་པ་པོ་གྲགས་ཅན་ཚེ་རིང་འོད་ཟེར་གྱི་ཁྱོ་ག་ཝང་ལོའུ་ཞོན་༧གོང་ས༧མཆོག་ལ་ཐོག་མར་མཇལ་ཁ་ཞུ་སྐབས་སུ། ཁོའི་ལག་ཏུ་རིག་གནས་གསར་བརྗེ་སྐབས་ཀྱི་པར་མང་པོ་ཁྱེར་ཡོང་སྟེ། ༧གོང་ས་༧མཆོག་ལ་ཕུལ་དུས་བོད་རིགས་ཚོས་རང་གི་དགོན་སྡེ་སོགས་གཏོར་སྐྱོན་གཏོང་གི་ཡོད་པའི་པར་བསྟན་པ་རེད་ཅེས་ཐོས་མྱོང་བ་དེ་ཡིད་ལ་དྲན་སོང་། ངས་དེའི་གནས་ཚུལ་དེ་ཡིད་ལ་དྲན་དགོས་བའི་རྒྱུ་མཚན་ནི། རྒྱ་རིགས་བུ་མོ་གཉིས་ཀྱིས་བོད་ཀྱི་དགོན་སྡེ་སོགས་གཏོར་སྐྱོན་གཏོང་མཁན་བོད་རིགས་རང་གིས་བཏང་བ་རེད་ཅེས་བཤད་ཀྱི་རེད་སྙམ་པས་དེ་ཡིད་ལ་དྲན། ཡིན་ཡང་ཁོ་གཉིས་ཀྱིས་གལ་སྲིད་དེ་ལྟར་བཤད་ཚེ་ང་རང་གིས་ཀྱང་ཕོག་ཐུགས་འགྲོ་མིན་ལ་མ་བལྟས་བར་ལན་ཞིག་གྲ་སྒྲིག་བྱས་ཡོད།
འོན་ཀྱང་སྟབས་ལེགས་པ་ཞིག་ལ། ཕྲན་གྱི་སེམས་སུ་གྲ་སྒྲིགས་བྱས་བའི་ཚིག་དེ་དག་བཤད་དགོས་མ་བྱུང་བར་པེ་ཅིན་བུ་མོས་དངོས་མཐོང་གི་ཡུལ་སྐོར་ཟིན་ཐོ་མུ་མཐུད་ཉན་པ་ཡིན། པེ་ཅིན་བུ་མོའི་གདོང་ལ་དགའ་སྐྱོ་འདྲེས་མའི་ཚོར་སྣང་ཞིག་གིས་ཁེངས་ཏེ་འདི་ལྟར་བཤད་སོང་། རྨ་ལྷོ་བུ་མོ་དང་ངའི་སྣེ་ཤེན་བུ་མོ་ངེད་གཉིས་ཚོགས་ཆེན་འདུ་ཁང་དུ་མཆོད་མཇལ་ཚར་རྗེས། རྨ་ལྷོ་བུ་མོས་ངེད་གཉིས་ཡང་བསྐྱར་དགེ་འདུན་པ་ཚོགས་སའི་འདུ་ཁང་ཞིག་ཏུ་ཁྲིད་སོང་།
ཚོགས་ཁང་དེ་ནི་སྔོན་མའི་ཚོགས་ཁང་རྙིང་པ་ཞིག་ཡིན་པ་ཤེས་ཐུབ་ཀྱི་འདུག དེའི་བརྩིགས་གྱང་དང་ནང་གི་ཚོགས་ཁང་ཀ་བ་སོགས་ལ་ལྟས་ཚེ་གསལ་བོ་ཤེས་ཐུབ་ཀྱི་འདུག
གུས་མོའི་སྣེ་ཤེན་བུ་མོ་དང་ངེད་གཉིས་ལ་རྨ་ལྷོ་བུ་མོས་འགྲེལ་བརྗོད་བྱས་ཚུལ་ལ། ཚོགས་ཁང་དེ་ནི་ཐོས་བསམ་གླིང་གི་ཚོགས་ཁང་ཡིན་པ་མ་ཟད། རིག་གསར་སྐབས་སུ་ཆུ་གློག་ལས་ཁུང་གི་འཕྲུལ་ཆས་རིགས་བཞག་སྟབས་དེ་ལྷག་པ་རེད་ཟེར། དེའི་ནང་གི་ལྷ་རུ་རྟེན་བཞེངས་དག་ཀྱང་ཚང་མ་ལོ་རབས་བརྒྱད་བཅུ་ནས་འགོ་བཙུགས་ཏེ་གསར་བཞེངས་བྱས་བ་རྐྱང་རེད་ཅེས་ངེད་གཉིས་ལ་འགྲེལ་བརྗོད་གསལ་བོ་ཞིག་བྱས་སོང་། ཚོགས་ཁང་དེའི་ཉེ་འགྲམ་རུ་བརྩིགས་ངོས་སུ་ཚོན་རྩི་སེར་བོ་ཅན་གྱི་ལྷ་ཁང་ཞིག་འདུག་པས་ང་ཚོ་གསུམ་དེའི་ནང་མཆོད་མཇལ་ཕྱིན་པ་ཡིན། དེའི་མཐའ་སྐོར་དུ་བོད་རིགས་ཕོ་མོ་རྒན་རྒོན་མང་པོས་སྐོར་བ་བྱེད་ཀྱི་འདུག་ལ། ལྷ་ཁང་དེའི་ནང་དངུལ་ལས་གྲུབ་པའི་མཆོད་རྟེན་ཆེན་པོ་འདུག་པ་མ་ཟད། མཆོད་རྟེན་དེའི་ཕྲ་རྒྱན་ཚང་མ་ཡང་གཡུ་བྱུར་རྐྱང་རེད། གུས་མོས་རྨ་ལྷོ་བུ་མོར་མཆོད་རྟེན་དེའི་ནང་ག་རེ་ཡོད་མེད་དང་ལྷ་ཁང་དེ་ལ་ཚོན་རྩི་སེར་བོ་བྱུགས་དགོས་བའི་རྒྱུ་མཚན་སོགས་དྲིས་པ་ཡིན།
རྨ་ལྷོ་བུ་མོས་འདི་ལྟར་བཤད་སོང་། མཆོད་རྟེན་དེའི་ནང་དགོན་པ་འདིའི་དགོན་བདག་ཤར་སྐལ་ལྡན་རྒྱ་མཚོའི་སྐུ་ཕྲེང་༧པའི་གདུང་རུས་ཡོད་པ་རེད། སྐུ་ཕྲེང་བདུན་པ་དེ་གུང་ཁྲན་ཏང་གིས་བཙོན་ཁང་དུ་བཅུགས་པས་ཁོང་བཙོན་ཁང་ནས་གཤེགས་པ་རེད་། ཁོང་གི་གདུང་རུས་རྗེས་ནས་ཕྱིར་རེབ་གོང་དུ་གདན་འདྲེན་ཞུས་ཏེ་མཆོད་རྟེན་འདིའི་ནང་བཞུགས་པ་རེད་ཅེས་འགྲེལ་བཤད་སྟབས་བདེ་མོ་ཞིག་རྒྱབ་སོང་མོད། འོན་ཀྱང་འགྲེལ་བརྗོད་ཀྱི་ཚིག་ཉུང་ངུ་ཞིག་ལས་མེད་ན་ཡང་ཚིག་འདི་དག་གི་ཤུགས་སུ་གོ་རྒྱུ་ཆེན་པོ་ཞིག་ཡོདཔས། གུས་མོའི་སེམས་སུ་འདི་ལྟར་བོད་ཡོངས་ཀྱི་སྣོད་བཅུད་གཉིས་ཀར་མྱ་ངམ་ཐང་ཞིག་ཏུ་བསྐྱལ་བའི་ཚོར་བ་ཞིག་སྐྱེས་སོང་།
གུས་མོས་འགྲེལ་བརྗོད་འདི་ཉན་ཚར་རྗེས་སུ། བོད་གངས་ཅན་གྱི་ཡུལ་ནས་བོད་མི་ཕལ་བ་མ་ཡིན་པའི་སྤྲུལ་སྐུ་དང་མཁས་པ་ག་ཚོད་མང་པོ་ཞིག་གུང་ཁྲན་ཏང་གིས་དམར་གསོད་དང་བཙོན་ཁང་དུ་ཁྲིད་པ་རེད་དམ། འདི་དག་གི་དངོས་ཡོད་གནས་ཚུལ་ཤེས་མཁན་གྱི་མི་དེང་སང་ག་ཚོད་ཞིག་ལུས་ཡོད་དམ། དེ་དག་གིས་དེང་སང་སྐད་ཆ་གསལ་བོ་རྒྱ་ནག་མི་རིགས་ལ་དྲང་བདེན་གྱིས་འགྲེལ་བརྗོད་བྱས་ཆོག་པའི་དུས་ནམ་ཞིག་ལ་ཡོང་ངེས་ཡིན་ནམ། དྲི་བ་འདི་དག་གུས་མོའི་སེམས་སུ་གོང་གི་འགྲེལ་བརྗོད་དེས་དྲངས་སོང་བས།གུས་མོའི་སྐུ་གདུང་གི་མཆོད་རྟེན་དེའི་མདུན་ནས་པུས་མོ་ས་ལ་བཙུགས་ཏེ་ཕྱག་འཚལ་ཞོར་འགྱོད་བཤགས་བྱས་པ་ཡིན་ཟེར།
མཚམས་འདིར་པེ་ཅིན་བུ་མོའི་ཚ་མོས་དབུགས་རིང་བཏང་སྟེ། འདི་ལྟར་བཤད་སོང་། ང་ཚོ་རྒྱ་ནག་གི་ཤེས་ཡོན་ཅན་ཚོས་ཀྱང་བོད་ཀྱི་བདེ་སྡུག་ལ་བསམ་ཤེས་བྱེད་འགོ་༤/༦/༡༩༨༩ནས་མ་གཏོགས་བྱས་མེད། སྐབས་དེ་དུས་རྒྱ་ནག་གི་སློབ་ཕྲུག་མང་པོ་དང་ཁོང་ཚོའི་ཕ་མ་མང་པོ་སྡུག་བསྔལ་གྱི་མུན་ནག་ནང་ལྷུང་ཡོད་དུས་རེད། དེ་དུས་༧གོང་ས༧ཏྰ་ལའི་བླ་མ་མཆོག་གིས་ཆེས་ཤིན་ཏུ་ས་ཐག་རིང་བོ་ཞིག་ནས་འཛམ་གླིང་གི་མི་དམངས་ཀྱིས་ཐོས་ཐུབ་པའི་གསུང་འཕྲིན་ཞིག་རྒྱ་ནག་དམངས་གཙོ་དོན་གཉེར་བའི་སློབ་ཕྲུག་ཚོར་བསྩལ། དེ་དུས་རྗེས་ནས་རྒྱ་ནག་གི་ཤེས་ཡོན་ཅན་ཚོར་སེམས་འགུལ་ཐེབས་ཡོད་ལ། སྐབས་དེ་ནས་བཟུང་གཅིག་རྗེས་གཉིས་མཐུད་ཀྱིས་རྩོམ་ཡིག་སོགས་སྤེལ་བ་རེད། ཡིན་ཡང་དེ་རིང་ད་དུང་ཡང་རྒྱ་ནག་མི་རིགས་ཀྱི་གྲངས་ཀ་དང་བསྡུར་ནས་བཤད་ན་བོད་ཀྱི་བདེ་སྡུག་ལ་བསམ་གཞིགས་བྱེད་མཁན་ཧ་ཅང་ཉུང་ངུ་ཙམ་ལས་མེད།
འདི་ནི་རྒྱ་ནག་གི་ཧན་མི་རིགས་ཀྱི་སྐྱོན་ཆ་ཁོ་ན་མ་ཡིན་ལ། རྒྱ་ནག་སྲིད་གཞུང་གིས་འཛམ་གླིང་སྟེང་ཆེས་ཤིན་ཏུ་སྐད་གྲགས་ཆེ་བའི་ཏྰ་ལའི་བླ་མའི་ཁྱད་ཆོས་ལ།གཡོ་སྒྱུ་ཁྲ་གསུམ་གྱི་རྫུན་ཚིག་གིས་གཡོགས་ཏེ་རྒྱ་ནག་མི་དམངས་ལ་བོད་ནང་གི་བོད་མི་ཚོར་སྡུག་བསྔལ་དངོས་བྱུང་དང་ཏྰ་ལའི་བླ་མའི་ཁྱད་ཆོས་སོགས་དངོས་སུ་རྟོགས་དབང་མེད་པའི་རྒྱུ་མཚན་གྱིས་རེད། རྐྱེན་འདི་འདྲའི་དབང་གིས་དེ་རིང་ད་དུང་ཡང་། ཕྱི་ནང་གཉིས་ཀྱི་རྒྱ་རིགས་མང་པོར་དམར་ཕྱོགས་ཚོགས་པས་རྫུན་གཏམ་གྱིས་བཞག་པའི་བག་ཆགས་ལས་བརྒལ་མ་ཐུབ་པར། ད་དུང་ཡང་སྨྲ་བརྗོད་ཀྱི་རང་དབང་འགོག་པའི་ལྕགས་རིའི་ར་སྐོར་ནང་ལུས་ཡོད་ཅེས་གནས་ལུགས་ལྡན་པའི་སྐད་ཆ་འདིས་ཕྲན་གྱི་ཡིད་ལ་ཡང་ནུབ་ཕྱོགས་ནས་འཕྲད་པའི་རྒྱ་རིགས་སྐོར་ཞིག་ལ་ཁ་རྩོད་རྒྱབ་པའི་གནས་ཚུལ་འགའ་དྲན་ཏུ་བཅུགས་སོང་།
དེ་ནི་ལོ་འགའི་ཡར་སྔོན་རེད། ༢༠༠༨ལོར་འཛམ་གླིང་གི་ལུས་རྩལ་ཨོ་རྩེད་རྒྱ་ནག་ཏུ་རྩེད་བའི་སྐབས་སུ། རྩེད་མོའི་དཔལ་འབར་ཡོ་རུབ་ཀྱི་རྒྱལ་ཁབ་མང་པོ་བརྒྱུད་ནས་རྒྱ་ནག་ལ་བསྐྱོད་དུས། ཕྲན་དང་གྲོགས་པོ་སྐོར་ཞིག་རྒྱ་ནག་ནས་ཡོང་བའི་ཧན་མི་རིགས་ཀྱི་སློབ་ཕྲུག་འགའ་དང་ཁ་རྩོད་རྒྱག་དགོས་བྱུང་། དེ་ནི་ང་ཚོ་བོད་རིགས་སྐོར་ཞིག་གིས་བོད་ཀྱི་སེང་དར་འཕྱར་ནས་གཞུང་ལམ་འགྲམ་དུ་ངོ་རྒོལ་བྱེད་བཞིན་ཡོད་ལ། རྒྱ་རིགས་གཞོན་སྐྱེས་སྐོར་ཞིག་གིས་ཀྱང་རྒྱ་ནག་གི་སྐར་ལྔའི་དར་དམར་བཟུང་སྟེ་དགའ་བསུ་བྱེད་བཞིན་ཡོད། སྤྱིར་ང་ཚོའི་བོད་ཀྱི་བདེ་སྡུག་འདི་རྒྱ་ནག་སྲིད་གཞུང་དང་བོད་མི་རིགས་བར་གྱི་འཐབ་རྩོད་ཞིག་ཡིན་མོད། འོན་ཀྱང་དེའི་ཉིན་མོ་མི་རིགས་གཉིས་ཀྱི་བར་གྱི་འགལ་ཟླའི་འཐབ་རྩོད་དུ་གྱུར་སོང་། རྒྱ་རིགས་སློབ་ཕྲུག་མང་པོ་ཞིག་དང་ང་ཚོ་བོད་རིགས་མང་པོ་ཞིག་གི་བར་ཁ་རྩོད་ཤོར་ནས་ལག་འཛིངས་བྱེད་ལ་ཉེ་བའི་སྐབས་དེར། རྒྱ་རིགས་ཕལ་ཆེར་ལོ་༣༠བརྒལ་ཟིན་པ་ཞིག་སླེབས་སོང་། ཁོས་ང་ཚོའི་བར་སྐད་ཆ་འགའ་འདི་ལྟར་བཤད།
དམངས་གཙོ་ཡོད་པའི་ལུང་པ་ལ་དགའ་བསུ་བྱེད་པའི་རང་དབང་ཡོད་ལ། ངོ་རྒོལ་བྱེད་པའི་རང་དབང་ཡང་ཡོད། མ་ཟད་དེ་རིང་བོད་རིགས་ཚོ་དང་ལུང་པ་འདིའི་མི་སེར་ཚོས་བོད་རིགས་ཀྱི་བདེ་སྡུག་ལ་རྒྱབ་སྐྱོར་བྱེད་པ་འདི་རྒྱ་ནག་མི་རིགས་ལ་ངོ་རྒོལ་བྱེད་ཀྱི་མེད་པ་རྒྱ་རིགས་སློབ་ཕྲུག་ཚོས་ཤེས་དགོས། ཁོང་ཚོས་རྒྱ་ནག་གི་སྲིད་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། དེ་རིང་འདིར་ཡོང་བའི་རྒྱ་རིགས་སློབ་ཕྲུག་ཁྱེད་ཚོ་སུས་མངགས་པ་ཤེས་དགོས་པ་རེད། འདི་ནི་དྲང་བདེན་མེད་པའི་སྲིད་གཞུང་ཞིག་གིས་བསམ་མ་ཤེས་བའི་སློབ་ཕྲུག་ཚོར་བེད་སྤྱོད་གཏོང་གི་ཡོད་པ་རེད་ཅེས་རྒྱ་ནག་གི་སློབ་ཕྲུག་ཚོའི་གདོང་ལ་མཛུབ་མོ་བཙུགས་ཏེ་བཤད་པ་དེ་དྲན་སོང་། ང་ཚོའི་བར་འདུམ་བྱེད་མཁན་རྒྱ་རིགས་དེའི་ལག་པར་རྒྱ་ནག་གི་དར་ཆ་བཟུང་མི་འདུག་ལ་བོད་ཀྱི་དར་ཆ་ཡང་བཟུང་མི་འདུག་པར། ཁོས་ད་རུང་སྙིང་སྟོབས་ཆེན་པོས་ཁོའི་མིང་ལ་༼སེང་ཙི༽ཟེར་གྱི་ཡོད་བཅས་ང་ཚོ་ཆ་ཚང་གིས་གོ་ཐུབ་པ་ཞིག་བཤད་སོང་། མཚམས་དེར་རྒྱ་རིགས་བུ་མོ་ལོ་གཞོན་ཞིག་གིས་ག་ལེར་རྒྱ་ནག་གི་དར་ཆ་དེ་མོ་རང་གི་རྒྱབ་ཀྱི་ཁུག་མའི་ནང་བཅུགས་སོང་བ་དེ་རིང་ད་རུང་ཡང་ངས་གསལ་བོ་དྲན་གྱི་འདུག་ལ། དེའི་ཉིན་མོའི་ངོ་རྒོལ་དེ་ནི་ངའི་མི་ཚེ་ནང་བརྗེད་མི་ཐུབ་པ་ཞིག་ཡིན། ཡིན་ན་ཡང་ངའི་དྲན་ངོར་རུ་ཡོད་པའི་ཚིག་འདི་དག་པེ་ཅིན་བུ་མོ་དང་ནུབ་ཕྱོགས་སུ་ཡོད་པའི་བུ་མོ་གཉིས་ལ་བཤད་མེད། གང་ལྟར་པེ་ཅིན་བུ་མོས་མོའི་ཚ་མོས་བཤད་པའི་སྐད་ཆ་དེ་ལ་མགོ་བོ་གུག་གུག་བྱས་ཏེ་བདེན་ཁ་སྦྱིན་སོང་།
པེ་ཅིན་བུ་མོའི་གདོང་ལ་སྐྱོ་སྣང་གི་རི་མོ་འགའ་མོའི་དཔྲལ་བའི་ཐོག་བྲིས་ཡོད་པ་ཕྲན་གྱིས་གསལ་བོར་མཐོང་སོང་བས། མོའི་སེམས་སུ་སྐྱོ་སྣང་གི་ཚོར་བ་དེ་ལས་ཀྱང་ལྗིད་མོ་ཞིག་ཡོད་པ་ཤེས་ཐུབ། གང་ལྟར་པེ་ཅིན་བུ་མོའི་སྒེའུ་ཁུང་ཕྱི་ལོགས་སུ་བལྟ་ཙམ་བྱེད་ཞོར་འདི་ལྟར་བཤད་སོང་། རྨ་ལྷོ་བུ་མོས་གུས་མོའི་སྣེ་ཤན་བུ་མོ་དང་ངེད་གཉིས་དགོན་པའི་ནང་མཆོད་མཇལ་ཁྲིད་དུས་ཀྱི་མཐོང་ཐོས་ཆ་ཚང་འདིར་དེ་རིང་བཤད་ཁོམ་མི་འདུག་མོད། འོན་ཀྱང་གུས་མོ་ནི་བསམ་གཞིགས་ཀྱི་ཀློང་རོལ་དུ་འཁྱམས་ཞོར་ངེད་གསུམ་དགོན་པའི་ཕྱི་ལོགས་སུ་ཐོན་པ་ཡིན། ཁོ་མོ་གཉིས་ཀྱིས་ཀྱང་གུས་མོའི་སེམས་སུ་སྡུག་བསྔལ་ཞིག་གིས་མནར་ཡོད་པ་ཤེས་ཡོད་སྲིད་མོད། ཡིན་ཡང་སྡུག་བསྔལ་གང་ཞིག་གིས་མནན་ཡོད་པ་ཕལ་ཆེར་ཤེས་ཡོད་ཀྱི་མ་རེད་སྙམ། གུས་མོའི་གྲོགས་མོ་བོད་རིགས་གཞོན་ནུ་མ་གཉིས་ཀྱིས་རྒྱ་སྐད་དང་བོད་སྐད་འདྲེས་མའི་གྲྭ་བ་ཚོས་རྟགས་གསལ་གཏོང་གི་ཡོད་པའི་ཉམས་འགྱུར་དང་དེའི་ཉིན་མོའི་མཐོང་ཐོས་གླེང་གི་ཡོད། གུས་མོ་ལ་བོད་རིགས་གཞོན་ནུ་མ་གཉིས་ཀྱི་གླེང་མོལ་དེ་ལ་དྲི་བ་དང་ལན་འདེབས་གཅིག་ཀྱང་མ་བྱས་བར། འཇམ་ཐེང་ངེར་ཁོ་མོ་གཉིས་ཀྱི་མཉམ་དུ་དགོན་པའི་མདུན་གྱི་གཞུང་ལམ་དུ་ཞུགས་པ་ཡིན།
བར་མཚམས་ཞིག་ནས་མི་དམངས་དང་རླུང་འཁོར་འཕྲུལ་རྟ་སོགས་ཀྱི་འུར་སྒྲས་གུས་མོ་བསམ་གཞིགས་ཀྱི་ཀློང་ནས་ཕྱིར་དྲངས་སོང་བས། གུས་མོ་ཁྲོམ་སྲང་དུ་སླེབས་པ་རྗེས་ནས་ཤེས། གུས་མོ་ཁ་ཕྱིར་འཁོར་སྟེ་ལྟས་བས་དགོན་པའི་འདབས་ཀྱི་སྒྲོལ་མའི་ཐང་ཆེན་དུ་ཞི་བདེ་ལ་དགའ་བའི་བོད་རིགས་རྒན་གཞོན་ཚོས་ཕྱག་སྐོར་བྱེད་བཞིན་པ་ངའི་མིག་ལམ་དུ་མངོན་ལ། དེ་རིང་ད་དུང་གུས་མོའི་མིག་ལམ་དུ་ཁ་སང་མཐོང་བ་ལྟ་བུའི་ཚོར་སྣང་ཞིག་འདུག མཚམས་དེར་གུས་མོའི་གྲོགས་མོ་རྨ་ལྷོ་བུ་མོ་དགོད་གཏམ་སློང་བར་དགའ་སྟབས།མོས་གུས་མོར་དེ་རིང་དགོན་པ་ནས་གྲྭ་བ་ཞིག་ལ་སེམས་པ་ཤོར་སོང་བ་ཨེ་རེད། ད་བར་དུ་ཁ་གཅིག་ཀྱང་གྲགས་མ་སོང་ཟེར་བས་ང་ཚོ་གསུམ་གྱི་དགོད་སྒྲ་ཁྲོམ་སྲང་གི་མི་ཚོས་ཐོས་པ་ཞིག་དགད་པ་ཡིན་ཟེར།
མཚམས་འདིར་པེ་ཅིན་བུ་མོའི་ཚ་མོ་ཡང་དགད་མོ་དགོད་ཞོར་དེ་འདྲ་ཡོད་སྲིད་ཀྱི་རེད། མ་ཟད་གྲྭ་བ་ཚོའི་ནང་ན་ཡང་བུ་མོ་མཛེས་མ་ཚོའི་ཐོག་སེམས་ཤོར་མཁན་ཡོད་ངེས་རེད་ཟེར་བས། ང་རང་ཡང་གད་མོ་ཤོར་སོང་བས་ཕྲན་གྱིས་ཀྱང་སྐད་ཆ་དྲང་མོ་འདི་ལྟར་བཤད་པ་ཡིན། ང་རང་དགོན་པ་ན་ཡོད་དུས་བུ་མོ་ཕལ་ཆེར་མཛེས་མ་རུ་མཐོང་གི་ཡོད། གྲྭ་བ་ཚོས་ཀྱང་ཁྲིམས་ཞིག་ཁས་བླངས་ཡོད་པ་མ་གཏོགས་ཕལ་ཆེར་སེམས་ཀྱི་འདོད་ཕྱོགས་མི་སྐྱ་དང་གཅིག་མཚུངས་ཡོད་མཁན་མང་པོ་ཡོད་སྲིད། ཡིན་ཡང་སྡོམ་ཁྲིམས་ཀྱི་དབང་གིས་བཀག་རྒྱ་ཡོད་པ་རེད་ལབ་པས་ང་ཚོ་གསུམ་གྱི་དགོད་སྒྲ་ཇ་ཁང་ནང་ཁེངས་བ་ཞིག་བྱུང་། མ་ཟད་པེ་ཅིན་བུ་མོས་ཕྲན་ལ་ལག་པས་གཞུ་ཞོར་གུས་མོར་དྲི་བ་འགའ་འདུག་མོད། ཡིན་ཡང་དེ་རིང་འདིར་དུས་ཚོད་མི་འདུག གལ་སྲིད་ཕ་ཡུལ་ལ་འགྲོ་བའི་གོ་སྐབས་བྱུང་དུས་ངེད་གཉིས་པེ་ཅིན་ནས་ཐུག་འཕྲད་སྐབས།གུས་མོས་དྲི་བ་གཏོང་གི་ཡིན་ཟེར། ཕྲན་གྱིས་ཀྱང་དེ་ཆོག་གི་རེད་ཅེས་ལན་འདེབས་བྱས་པ་ཡིན།
པེ་ཅིན་བུ་མོས་དུས་ཚོད་མང་པོ་མི་འདུག་ཅེས་ཐེངས་འགར་བཤད་སོང་བས། ཕྲན་ཅུང་ཟད་འཚེར་སྣང་ཞིག་བྱུང་མོད། འོན་ཀྱང་ཡུལ་སྐོར་ཟིན་ཐོའི་མཇུག་ལ་ཉན་འདོད་ཀྱི་དབང་གིས་དེ་ནས་ཁྱེད་ཚོ་གང་ལ་སོང་པ་ཡིན་ཅེས་དྲིས་པ་ཡིན། པེ་ཅིན་བུ་མོས་ཕྲན་གྱི་གདོང་པ་ལ་ཅེར་ནས་བལྟ་ཞོར་འདི་ལྟར་མཇུག་མཐུད་སོང་བས། ང་ཚོ་ཆ་ཚང་གིས་མོས་བཤད་པའི་མཐོང་ཐོས་དངོས་ལ་ཉན་ཆོག པེ་ཅིན་དུ་ཡོད་པའི་གུས་མོའི་གྲོགས་པོ་བོད་རིགས་བུ་དེས་བོད་ཡིག་གི་དེབ་འགའ་མངགས་བཅོལ་ཞིག་བྱས་ཡོད།དེ་ནི་རྨ་ལྷོ་བུ་མོས་གྲ་སྒྲིགས་བྱས་ཚར་འདུག་པས་ང་ཚོ་གསུམ་ཡང་བསྐྱར་མོ་རང་གི་ཁྱིམ་དུ་ལེན་དུ་ཕྱིན་པ་ཡིན།དེབ་དེ་དག་གུས་མོས་དང་པོ་ནས་པེ་ཅིན་དུ་ཡོད་པའི་བོད་རིགས་གྲོགས་པོ་ལ་སྦྲགས་ཁང་བརྒྱུད་ནས་གཏོང་གི་ཡིན་ཅེས་བཤད་ཡོད། ང་ཚོ་གསུམ་གྱིས་དེབ་དེ་ཚོ་ཤོག་སྒམ་ཞིག་གི་ནང་བཅུགས་ཏེ་སྦྲགས་ཁང་དུ་ཕྱིན་པ་ཡིན། སྦྲགས་ཁང་ནས་བུ་མོ་ཞིག་གིས་དེབ་དེ་ཚོ་རེ་རེ་བྱས་ཏེ་བལྟ་དགོས་ཀྱི་ཡོད་ཟེར། གུས་མོས་དེ་འགྲིག་གི་རེད། ཡིན་ཡང་པེ་ཅིན་དུ་བསྐུར་གྱི་ཡོད་པ་ལས་ཕྱི་རྒྱལ་དུ་བསྐུར་གྱི་མེད་ཅེས་ལན་བཏབ་པ་ཡིན། ཡིན་ཡང་བུ་མོ་དེས་རྒྱལ་ནང་དུ་བསྐུར་གྱི་ཡོད་ན་ཡང་དེབ་ཀྱི་མིང་དང་ཨང་གྲངས་སོགས་ཆ་ཚང་ཐོ་འགོད་བྱེད་དགོས་ཀྱི་ཡོད་པ་རེད་ཟེར་བས་ང་ཚོ་ལ་ཐབས་ཅི་ཡང་མི་འདུག་པར་ཡང་བསྐྱར་ཤོག་སྒམ་ཁ་ཕྱེ་སྟེ་ཁོང་ཚོར་སྤྲད་པ་ཡིན།
མཚམས་དེར་སྦྲགས་ཁང་གི་ལས་བྱེད་བོད་རིགས་བུ་མོ་ཞིག་འོང་སྟེ། དེབ་རེ་རེ་ཡི་མིང་དང་པར་ཁང་གང་ནས་པར་སྐྲུན་བྱས་པ་སོགས་གསལ་གསལ་ཐིང་ཐིང་བྱས་ཏེ་ཐོ་འགོད་བྱས་རྗེས། ཕྱིར་ང་ཚོར་སྤྲད་དེ་ཡང་བསྐྱར་ཤོག་སྒམ་ནང་བཞག་སྟེ་ཁ་སྦྱར་དུ་བཅུགས་སོང་།གུས་མོའི་སེམས་ནང་གནས་ཚུལ་གཅིག་པོས་ཀྱང་བོད་རིགས་ས་ཁུལ་ལ་རང་དབང་སྤུ་ཙམ་ཡང་མེད་པ་ར་སྤྲོད་བྱེད་ཐུབ་སྙམ་མོད། འོན་ཀྱང་ང་ལྟ་བུ་ནུས་མེད་ཞིག་གིས་བྱ་ཐབས་ཅི་ཞིག་ཡོད་ཟེར།
གང་ལྟར་ཁོང་ཁྲོ་དང་སྐྱོ་སྣང་ཞིག་གིས་དེབ་དེ་དག་བསྐུར་ནས་ཕྱིར་སྦྲགས་ཁང་གི་སྒོར་འབུད་དུས། སྦྲགས་ཁང་གི་མདུན་ངོས་དེར་འཇིགས་ཤིང་སྐྱི་གཡའ་བ་ཞིག་མཐོང་སོང་། ང་ཚོ་སྦྲགས་ཁང་ནང་ཡར་འགྲོ་ཁར་དོན་སྣང་མ་བྱས་བར་མཐོང་མ་སོང་མོད།ཕྱི ར་ཐོན་ཁར་མཐོང་སོང་བས་གུས་མོ་ཧ་ལས་སོང་། འཇིགས་སྣང་ཅན་དེ་གཞན་ཞིག་མ་ཡིན་པར་སྦྲགས་ཁང་གི་ཐད་གར་གྱི་ཁ་ཐུག་དེར། དམག་སྒར་ཆེན་པོ་ཞིག་ཡོད་པ་དེ་རེད་ལ། དེའི་སྒོ་འགྲམ་དུ་རྩ་ཁུག་ཆེན་པོ་དེ་འདྲའི་ནང་བྱེ་མ་དང་ས་གང་རུང་བླུགས་ཏེ་བརྩིགས་པའི་འཐབ་ར་གཉིས་དམག་སྒར་དེའི་སྒོ་འགྲམ་གཡས་གཡོན་དུ་འདུག་པ་མ་ཟད། དམག་མི་རེ་རེ་ཡིས་དེང་རབས་ཀྱི་མེ་མདའ་ཆེན་པོ་དེའི་འགྲམ་དུ་མདེའུ་ཕྲེང་ཐུརདུ་དཔྱངས་ནས་ཚུར་གཞུང་ལམ་ནང་མེ་མདའ་ཁ་སྐོར་སྟེ། མི་དམངས་ཉམ་ཆུང་ཚོའི་ཐོག་རྒྱབ་ཆོག་ཆོག་བྱས་ཏེ་འདུག
མཚམས་འདིར་ཕྲན་གྱི་གོ་ཐོས་ནོར་མེད་ན། ནུབ་ཕྱོགས་སུ་ཡོད་པའི་པེ་ཅིན་བུ་མོའི་ཚ་མོའི་ངག་ནས་འཇིགས་སྐྲག་གི་སྐད་གདངས་ཞིག་ཤོར་སོང་སྙམ། དམག་སྒར་དེའི་འཐབ་ར་དང་མེ་མདའ་མདེའུ་ཕྲེང་སོགས་ལ་ལྟས་ཚེ་ད་ལྟ་རང་ཁོང་ཚོས་དམག་འཁྲུགས་རྒྱག་བཞིན་པའི་ཚོར་སྣང་ཞིག་རེབ་གོང་དུ་མི་གསར་བ་སུ་སླེབས་ན་ཡང་སྟེར་ནུས་ཅེས་པེ་ཅིན་བུ་མོའི་གདོང་ལ་ད་རུང་ཡང་འཇིགས་སྣང་གི་རྣམ་པ་ཞིག་ཤར་ཞོར་བཤད་སོང་། པེ་ཅིན་བུ་མོས་མུ་མཐུད་དེ། འདི་འདྲའི་ཡ་ང་བའི་འཇིགས་སྐུལ་ཞིག ཚེ་འདི་དང་ཕྱི་མ་གཉིས་ལས་ཕྱི་མ་གཙོ་བོ་འཛིན་ལ། ཞི་དྲག་གཉིས་ལས་ཞི་བདེ་དགའ་བའི་མི་རིགས་ཉམ་ཆུང་འདི་འདྲ་ཞིག་གི་སྟེང་བཀོལ་དགོས་དོན་གང་ཡིན་ནམ། འདི་འདྲའི་གདུག་རྩུབ་གཏོང་གི་ཡོད་པ་རྒྱ་ནག་མི་དམངས་ཚོས་ཤེས་ཀྱི་ཡོད་དམ།
རྒྱ་ནག་ཧན་མི་རིགས་ཚོས་དངོས་ཡོད་གནས་ཚུལ་འདིའི་རིགས་དངོས་སུ་མཐོང་མཁན་ག་ཚོད་ཞིག་ཡོད་དམ། ད་རུང་ཡང་སྲིད་གཞུང་གིས་མི་རིགས་འཆམ་མཐུན་ཞེས་ཉིན་མཚན་ཀུན་ཏུ་བརྙན་འཕྲིན་སོགས་སུ་མི་དམངས་ཀྱི་རྣ་དང་མིག་ཚ་རག་བར་དུ་བཤད་ཀྱི་ཡོད་པ་དང་མཚུངས་བ་ཞིག་རེད་དམ་ཅེས་གུས་མོའི་སེམས་ནང་དྲི་བ་མང་པོ་བསྟུད་མར་སླེབས་སོང་ལ། མ་ཟད་གུས་མོས་གྲོགས་མོ་གཉིས་ལ་འདི་ལྟར་བཤད་པ་ཡིན། གུས་མོའི་ཁ་པར་ནས་གུས་མོའི་རྒྱབ་ལྗོངས་ཀྱི་དམག་སྒར་དེའི་སྒོ་འགྲམ་ཆ་ཚང་འཁེལ་བ་བྱས་ཏེ་པར་ཞིག་རྒྱག་རོགས་ལབ་པ་ཡིན། ཡིན་ཡང་རྨ་ལྷོ་བུ་མོ་ཅུང་ཟད་སྐྲག་སྟེ་ད་གཡུགས་ཞོག་ཟེར། ཡིན་ཡང་གུས་མོའི་སྣེ་ཤན་བུ་མོས་ང་ཚོས་ཅུང་ཟད་ཐག་རིང་ནས་པར་རྒྱབ་ཆོག་ཟེར་བས་དེ་ལྟར་རྒྱབ་པ་ཡིན། རྨ་ལྷོ་བུ་མོས་བཤད་ན། སྤྱིར་སྔོན་མ་རེབ་གོང་དུ་དམག་སྒར་གཉིས་ཡོད་པ་རེད། གཅིག་སེང་གེ་གཤོང་གི་སྡེ་བའི་ཉེ་འགྲམ་དུ་ཡོད། ཡིན་ཡང་དེང་སང་འདི་མ་གཏོགས་མེད་པ་འདྲ་མོད། འོན་ཀྱང་འདི་འདྲའི་འཇིགས་སྐུལ་གྱི་རྣམ་པ་འདི་༢༠༠༨ནས་བཟུང་ཡོད་པ་རེད་ཟེར།
མཚམས་འདིར་ཐོས་བའི་གནས་ཚུལ་འདིས་ཕྲན་གྱི་སེམས་སུ་ཡང་སྐྱི་གཡའ་བའི་འཇིགས་སྣང་ཞིག་སྐྱེས་ཞོར། བསམ་གཞིགས་ཀྱི་ཀློངས་སུ་འདི་ལྟར་འཁྱམས་སོང་། དངོས་གནས་མཛུབ་མོ་ལྔ་བཅིངས་ཀྱི་ཁུ་ཚུར་མ་གཏོགས་མེད་པའི་བོད་མི་ཉམ་ཆུང་ཚོའི་ཐོག་འདི་འདྲའི་འཇིགས་སྐུལ་ཞིག་བྱེད་པ་ནི། ཆེས་ཤིན་ཏུ་གནས་ལུགས་དང་མི་མཐུན་པའི་སྲིད་ཇུས་ཞིག་ཡིན་མོད། འོན་ཀྱང་ཞི་བདེ་ཞེས་ཚིག་སྙན་མོ་ལ་འཐམས་པའི་འཛམ་གླིང་གི་རྒྱལ་ཁབ་ཚོ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱིས་ཅི་ཞིག་བྱེད་ཐུབ་བམ། ཨ་རི་དང་ཡོ་རུབ་རྒྱལ་ཁབ་ཚོའི་ཚོང་རྟེན་ཏུ་གྱུར་བའི་བོད་ཀྱི་བདེ་སྡུག་འདི་ཁ་ཞེ་གཉིས་མེད་ཀྱིས་ཁུར་དུ་ལེན་མཁན་ཞིག་ཡོད་དམ། མ་ཟད་ད་རུང་བཙན་བྱོལ་སྤྱི་ཚོགས་ཀྱི་གཞུང་གི་ལས་སྣེ་སྲི་ཞུ་བ་ཚོའི་ནང་ན་གཞི་ལུས་སྤུན་ཟླའི་བདེ་སྡུག་ལ་ཞེ་གཏིང་གི་སེམས་ཁུར་བྱེད་མཁན་ཞིག་ག་ཚོད་ཡོད་དམ་ཅེས་ཕྲན་བསམ་བློའི་ཀློངས་རོལ་དུ་འཁྱམས་པའི་སྐབས་དེར། ནུབ་ཕྱོགས་སུ་བསྡད་ཡོད་པའི་པེ་ཅིན་བུ་མོའི་ཚ་མོས་ད་ཡིན་ན་ངེད་གཉིས་འགྲོ་རན་སོང་ཟེར་བའི་སྐད་སྒྲས་ང་རང་གློ་བུར་དུ་གཉིད་ལས་སད་པ་ལྟར་བསམ་གཞིགས་ཀྱི་ཀློང་རོལ་ནས་ཕྱིར་དྲངས་སོང་བས། རྒྱ་རིགས་བུ་མོ་གཉིས་ཀྱིས་ཕྲན་གྱི་གདོང་ལ་ཅེར་ནས་ཡོད་པ་རྗེས་ནས་ཚོར་སོང་།
ཕྲན་གྱིས་ཀྱང་པེ་ཅིན་བུ་མོ་དང་མོ་རང་གི་ཚ་མོ་གཉིས་ལ། དེ་རིང་འདིར་ཁྱེད་གཉིས་མཉམ་དུ་དུས་ཡུན་ཐུང་ངུ་ཞིག་གི་རིང་གླེང་མོལ་བྱས་བའི་གོ་སྐབས་བྱུང་བ་དགའ་བ་རབ་ཏུ་འཕེལ་བས་ཐུགས་རྗེ་ཆེ། ལྷག་པར་དུ་བོད་ནང་གི་གནས་ཚུལ་མང་པོ་ཤེས་སོང་བ་མ་ཟད། རྒྱ་རིགས་གྲོགས་པོ་གྲོགས་མོ་ཁྱེད་གཉིས་ལྟ་བུས་བོད་ཀྱི་གནས་སྟངས་དྲང་བདེན་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བ་ལ་དེ་ལས་ཀྱང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཅེས་བཤད་པ་ཡིན། ཕྲན་གྱིས་ང་ཚོས་ཉིན་གུང་གི་ཟས་རིན་རྩིས་རྒྱབ་སྟེ། ཁོ་མོ་གཉིས་བསྐྱལ་ནས་ས་འོག་གི་མེ་འཁོར་འབབ་ཚུགས་བར་དུ་ཕྱིན། དེའི་ལམ་བར་ནས་པེ་ཅིན་བུ་མོས་ཕྲན་ལ། གལ་སྲིད་པེ་ཅིན་དུ་ཡོང་བའི་གོ་སྐབས་བྱུང་ཚེ་གུས་མོར་འབྲེལ་བ་བྱེད་རོགས་ཟེར་ནས་མོ་རང་གི་ཤོག་བྱང་ཞིག་སྤྲད་སོང་བས། དེ་བར་དུ་མོ་རང་གི་མིང་ལ་ཅི་ཟེར་བ་ཡང་དྲིས་མི་འདུག་པ་རྗེས་ནས་ཤེས་སོང་། ཕྲན་གྱིས་པེ་ཅིན་བུ་མོར་ཆེས་མཐའ་མའི་དྲི་བ་ཞིག་དྲིས་པ་འདི་ལྟར། དེ་རིང་ཁྱེད་ཀྱི་མཉམ་དུ་ཡུལ་སྐོར་ཟིན་ཐོའི་སྐོར་གྱི་གླེང་མོལ་དུས་ཚོད་འགའ་བྱུང་བ་འདི་དག་ཕྲན་གྱིས་གང་དྲན་པ་རྣམས་ཡིག་ཐོག་ཏུ་ཕབ་སྟེ་དྲ་ཐོག་ཏུ་བཀོད་ཆོག་གམ་ཅེས་དྲིས་པ་ཡིན།
རྒྱ་རིགས་བུ་མོ་གཉིས་ཀྱིས་ཕན་ཚུན་གྱི་གདོང་ལ་བལྟ་ཞོར་བསམ་གཞིགས་ཅུང་ཙམ་བྱས་རྗེས། པེ་ཅིན་བུ་མོས་དེ་འགྲིག་གི་རེད། ཡིན་ཡང་ནང་དོན་མདོར་བསྡུས་རེ་མོ་རང་གི་ཚ་མོ་ལ་མཛུབ་མོ་བཙུགས་ཏེ་མོ་ལ་བསྟན་ནས་དྲ་ཐོག་ཏུ་བཀོད་ཆོག ཡིན་ཡང་ངེད་གཉིས་ཀྱི་མིང་མ་བཀོད་ན་ལེགས་ཅེས་གསུངས་སོང་བས། ཕྲན་གྱིས་ནང་དོན་མདོར་བསྡུས་རེ་ནུབ་ཕྱོགས་སུ་ཡོད་པའི་རྒྱ་རིགས་བུ་མོར་འགྲེལ་བཤད་བརྒྱབ་ཡོད། ༢༥/ ༢/༢༠༡༣ལ་ཡོངས་སུ་བྲིས་ཚར།
འདིར་གསལ་བཤད་ཐུང་ངུ་ཞིག་ལ། ཕྲན་གྱིས་རྒྱ་རིགས་བུ་མོ་གཉིས་ཀྱི་མཉམ་དུ་དུས་ཚོད་འགའི་རིང་ལ་གླེང་མོལ་བྱས་བའི་ཡུལ་སྐོར་ཟིན་ཐོ་དྲ་ཤོག་༦༠ ལྷག་གིས་ཟིན་པ་འདི། སྐབས་དེར་ཕྲན་གྱི་སེམས་ངོགས་སུ་ཟིན་བྲིས་ཐུང་ངུ་ཞིག་བརྒྱབ་མོད། འོན་ཀྱང་བརྗེད་ངེས་རྐུན་པོས་ནག་བསུབས་བཏང་ཡོད་པ་ཐེ་ཚོམ་མི་དགོས་ཤིང་། ཕྲན་གྱིས་རྒྱ་སྐད་ཡག་པོ་ཞིག་ཤེས་ཀྱི་མེད་སྟབས་གོ་ནོར་ཐེབས་ཡོད་པ་ཡང་སྨྲ་མི་དགོས་བས་ཀློག་མཁན་ཡོངས་ལ་དགོངས་འགལ་མེད་པར་ཞུ།
དངོས་གནས་སྙན་པོ་འདུག དཀའ་ལས་ཡང་རྒྱབ་ཡོད་ཚོེད་རེད།བཀའ་དྲིན་ཆེ། སྔོན་མའི་འགོད་ཐེངས་ཆ་ཚང་མཉམ་གཅིག་ཏུ་ཀློག་ཐུབ་ཡོད་ཚེ་སྙན་པོ་ཞེ་དྲག་ཡོད་ས་རེད་ལ།
རྒྱུན་རིང་ལ་སྒུགས་རྗེས་བཀླགས་ཐུབ་སོང་། བཀའ་དྲིན་ཆེ། བོད་པ་ཚོ་རེ་བ་རྒྱག་རྒྱུ་དགའ་།རྒྱ་རིགས་ཚོ་གཡོ་སྒྱུ་དགའ་བས་བར་ན་དྲང་མོ་བཤད་ཡོད་པའི་རེ་བ་ཆེའོ།
བོད་རིགས་དང་རྒྱ་རིགས་གཉིས་གནའ་ནས་གྲོགས་པོ་ཡིན།
རང་དབང་དང་བཙན་གནོན་གཉིས་གནའ་ནས་དགྲ་བོ་ཡིན།
སྐུ་ཞབས་ནམ་མཁའ་ལགས།
རྩོམ་ཞེ་དྲག་སྙན་པོ་འདུག།མུ་མཐུད་དུ་འབྲི་རོགས། ད་ཚོ་བོད་པ་ཚོས་རྩོམ་སྒྲུང་མང་རུ་འབྲི་ཐུབ་ན་ཡག་པོ་འདུག །འདི་ན་ཉིན་རེའི་འཚོ་བ་དང་། མི་སྒེར་གྱི་མྱོང་ཚོར་དང་བསྟུན་ནས་བྲིས་འདུག་པས་རྩོམ་ཚད་མཐོན་པར་སླེབས་འདུག།
དྲ་གྲོགས་རྣམས་ཀྱིས་རྒྱབ་སྐྱོར་གནང་བ་ལ་ཐུགས་རྗེ་ཆེ་ཞུ།
འདི་ནི་སྔོན་མའི་འཕྲོས་ཡིན་མོད། ངས་ཁ་བརྡ་ཚང་ལ་སྐུར་དུས་༼སྔོན་མའི་འཕྲོས་༽ཞེས་འབྲི་རྒྱུ་བརྗེད་འདུག གང་ལྟར་ཁ་བརྡ་ཚང་གི་རྩོམ་སྒྲིག་པ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
ནམ་མཁས་”ཕྲན་གྱིས་ཀྱང་སྐད་ཆ་དྲང་མོ་འདི་ལྟར་བཤད་པ་ཡིན། ང་རང་དགོན་པ་ན་ཡོད་དུས་བུ་མོ་ཕལ་ཆེར་མཛེས་མ་རུ་མཐོང་གི་ཡོད། གྲྭ་བ་ཚོས་ཀྱང་ཁྲིམས་ཞིག་ཁས་བླངས་ཡོད་པ་མ་གཏོགས་ཕལ་ཆེར་སེམས་ཀྱི་འདོད་ཕྱོགས་མི་སྐྱ་དང་གཅིག་མཚུངས་ཡོད་མཁན་མང་པོ་ཡོད་སྲིད།”ཅེས་བཤད་པ་ཧ་ཅང་དྲང་པོ་རེད།
སྔོན་ཆད་བུ་མོ་ཞིག་གིས་གྲྭ་བ་ཞིག་ལ་བལྟས་ཏེ་འཛུམ་ཙམ་བྱས་པས། གྲྭ་བ་དེས་གྲྭ་བ་གཞན་ཞིག་ལ། ངས་བུ་མོ་ཕ་གི་དེ་ངོ་ཤེས་ཀྱི་ཡོད། རྒྱུ་མཚན་ནི། བུ་མོ་དེས་ང་ལ་འཛུམ་ཙམ་བྱས་སོང་ཞེས་བརྗོད་པ་རེད་ཟེར། ཧཧཧ
ཀློག་འདོད་ཤིན་ཏུ་ཡོད་པ་ཞིག་རྒྱུན་ཏུ་འབྲི་བཞིན་འདུག་ལ། ད་ཐེངས་ཀྱི་འགོད་ཐེངས་མཐའ་མ་འདི་ཡང་ཧ་ཅང་སྙན་མོ་བྱུང་། གོང་དུ་དྲ་གྲོགས་འོད་གསལ་གྱིས་གསུངས་པ་བཞིན་རྩོམ་ཚད་མཐོ་བོ་རེད་སྙམ་སོང་།
འགོད་ཐེངས་ཆ་ཚང་ཁ་བརྡའི་ཐོག་ཀློག་ཐུབ་པས་ཤིན་ཏུ་དགའ་སོང་།ཡིན་ཡང་འགོད་ཐེངས་སྔོན་མ་དག་སྙན་མོ་ཞིག་དྲན་པ་ལས་བརྗེད་འདུག་པས་དེབ་ཞིག་པར་སྐྲུན་བྱེད་ཐུབ་ཚེ་མཉམ་དུ་ཡང་བསྐྱར་ཀློག་འདོད་ཆེ།
མུ་མཐུད་འབྲི་རོགས།