ནམ་མཁའ།
ང་རང་གིས་ལས་བྲེལ་གྱི་བར་གསེང་ཞིག་ནས་ངོ་དེབ་ཁ་ཕྱེ་དུས། ངོ་དེབ་ནང་དུ་བོད་ཀྱི་བུ་མོ་འགའི་མིག་ཆུ་བཞུར་ཞོར་ཚོར་ཤུགས་ཆེན་པོས། རྒྱ་གར་སྐད་དང་བོད་སྐད་འདྲེས་མས་གསལ་བཤད་དང་འབྲེལ་གསར་ཁང་ཞིག་ལ་སྐྱོན་བརྗོད་བྱེད་བཞིན་པ་མཐོང་། རྗེས་ནས་རྒྱུ་མཚན་ཅི་ཡིན་བརྩད་དཔྱད་བྱས་པ་ཡིན། དེ་ནི་རྒྱ་གར་གྱི་གསར་ཁང་ཞིག་གིས་༧གོང་ས་མཆོག་ལ་གཞི་མེད་ཀྱི་སྐྱོན་འཛུགས་བྱས་པ་ཞིག་སྟེ། རྒྱ་གར་གྱི་སློབ་ཕྲུག་འགའ་༧གོང་ས་མཆོག་ལ་མཇལ་ཁ་ཞུ་སྐབས། རྒྱ་གར་གྱི་བུ་ཕྲུག་སྟོད་གོས་སེར་བོ་གྱོན་མཁན་ཞིག་ཀྱང་། ཕ་མ་གཉིས་དང་མཉམ་དུ་༧གོང་ས་མཆོག་ལ་མཇལ་ཁ་ཞུ་རུ་ཡོང་འདུག
སྐབས་དེར་སྟོད་གོས་སེར་བོ་གྱོན་པའི་བུ་ཕྲུག་དེས་༧གོང་ས་མཆོག་ལ་འཐམས་འཁྱུད་བྱས་ན་འགྲིག་གམ་ཞེས་བཀའ་འདྲི་ཞུ་དུས། སྙིང་རྗེའི་བདག་ཉིད་ཅན་ས་ཐོབ་ལ་གནས་བའི་རྣལ་འབྱོར་བ་ཆེན་མོ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་སྙིང་རྗེ་ཡིས་ཀུན་ནས་བསླངས་ཏེ། འགྲིག་གི་རེད་ལན་འདེབས་གནང་བ་དང་འབྲེལ་ཕྲུ་གུ་དེར་སྐུ་རྩེད་དང་འབྲེལ་འཐམས་འཁྱུད་བྱས་པའི་བརྙན་ཞིག རྡ་སའི་བོད་ཀྱི་གསར་ཁང་voice tibet དང་ VOAགང་རུང་གིས་དྲ་ལམ་དུ་བཞག་ཡོད་པ་ཞིག བདུན་ཕྲག་གཉིས་ཡས་མས་ཞིག་གི་རྗེས་སུ། རྒྱ་གར་གྱི་གསར་ཁང་ཞིག་གིས་བསམ་བཞིན་དུ་སྐྱོན་འཛུགས་ཆེད་བཅད་གཏུབ་མང་པོ་བྱས་ཏེ། ༧གོང་ས་མཆོག་ལ་ཆགས་སྤྱོད་ཀྱི་ཉེས་འཛུགས་བྱས་པ་མཐོང་དུས། ང་རང་ཡོ་རུབ་ལ་སླེབས་ཏེ་ལོ་ངོ་ཉི་ཤུ་ལྷག་འགྲོ་གི་ཡོད་ཀྱང་། ཉིན་མོ་འདི་ལྟ་བུའི་མ་སྐྱིད་པ་དང་ཁོང་ཁྲོ་ཞིག་ལངས་མྱོང་མེད། ང་རང་ཁོང་ཁྲོའི་དབང་གིས་རྔུལ་ཆུ་བཞུར་གྱི་འདུག་ཡང་བྱ་ཐབས་ཅི་ཡང་མ་རྙེད། དུས་ཚོད་སྐར་ཆ་འགའི་རིང་འཛམ་གླིང་ལ་ཁྱབ་བརྡལ་དུ་ཕྱིན་ཏེ། རྒྱ་ནག་གཞུང་གི་དམིགས་ཡུལ་འགྲུབ་པར་བྱས་འདུག་སྙམ་སོང་།
དེ་ལྟ་ན་ཡང་། གནས་ཚུལ་འདིའི་སྐོར་ལ་ང་རང་ཉིད་ཀྱིས་བསམ་ཚུལ་འགའ་འབྲི་འདོད་སྐྱེས། ཐོག་མར་བཤད་འདོད་པ་ཞིག་ནི། ༧གོང་ས་མཆོག་གི་ཀུན་སློང་གཙང་མ་གཙང་རྐྱང་གངས་ཆུ་དྭངས་མོ་ལྟ་བུ་ཞིག་ཡིན་སྟབས། ཕྲུག་གུ་དེའི་ཕ་མ་གཉིས་དང་རྒྱ་གར་གྱི་སློབ་ཕྲུག་མང་པོའི་མདུན་ནས་སྐུ་རྩེད་གནང་བ་ནི་སྨྲས་མེད། གལ་སྲིད་རྒྱ་གར་གྱི་གསར་ཁང་ཚོ་བཞིན་ཀུན་སློང་གཙང་མ་ཞིག་མིན་ཚེ། མི་དམངས་ཀྱི་མདུན་ནས་དེ་འདྲའི་སྐུ་རྩེད་གནང་མི་སྲིད་ལ། སྐབས་དེར་སྟོད་གོས་སེར་པོ་གྱོན་པའི་བུ་ཕྲུག་དེ་དང་དེའི་ཕ་མ་གཉིས་ལ་ཕོག་ཐུག་འགྲོ་དགོས་མོད། འོན་ཀྱང་དེ་ལས་ལྡོག་སྟེ། བུ་ཕྲུག་དང་ཕ་མ་གཉིས་ཀྱི་སེམས་སུ་མི་ཚེ་ནང་གི་ཆེས་ཤིན་ཏུ་སྐལ་བཟང་གི་ཉིན་མོ་ཞིག་ཏུ་བརྩིས་འདུག རྒྱུ་མཚན་ནི། འཛམ་གླིང་སྟེང་རྣམ་རིག་སྤྱང་ཞིང་སྙིང་རྗེ་ཡི་བདག་ཉིད་ཅན་གྱི་མཚན་གཞི་ཞིག་༧གོང་ས་མཆོག་མ་གཏོགས་ས་གཞི་རིལ་མོ་འདིའི་སྒང་ནས་མི་ཞིག་རྙེད་མི་ཐུབ་པའི་རྒྱུ་མཚན་གྱིས་ཡིན།
འོན་ཏེ། ༧གོང་ས་མཆོག་ལ་གཞི་མེད་ཉེས་འཛུགས་ཀྱི་གོ་སྐབས་འཚོལ་བཞིན་པའི་རྒྱ་ནག་སྲིད་གཞུང་དང་། རྒྱ་ནག་གི་བསླུ་བྲིད་འོག་ཡོད་པའི་གསར་ཁང་འགས་ལྟ་སྟངས་འདི་ནི། རིག་གཞུང་དང་ལུང་པ་མི་གཅིག་པའི་ནུབ་ཕྱོགས་ལུང་པའི་མི་རིགས་ཀྱི་ལྟ་སྟངས་ཀྱིས་གོ་སྐབས་བཙལ་ཏེ་ཉེས་མེད་སྐྱོན་འཛུགས་བྱས་པ་ཞིག་རེད།
ནུབ་ཕྱོགས་ལུང་པ་རུ་བུ་ཕྲུག་ཚོས་རང་གི་དགའ་རོགས་ལ། ཕ་མའི་མདུན་ནས་མཆུ་སྦྱར་ཏེ་འོ་བསྐྱལ་བ་དང་འཐམས་འཁྱུད་བྱས་པ་ནི་ངོ་ཚ་དང་མ་རབ་ཞིག་ཏུ་མི་མཐོང་མོད། འོན་ཀྱང་ང་རང་ཚོ་བོད་པ་ཞིག་ཡིན་ཚེ་ཕ་མའི་མདུན་ནས་རང་གི་དགའ་རོགས་དང་བཟའ་ཟླ་ལ་འོ་བསྐྱལ་བ་དང་འཐམས་འཁྱུད་བྱེད་པ་ནི་ངོ་ཚ་དང་མ་རབ་ཞིག་ཏུ་བརྩི་བ་ཡིན། ནུབ་ཕྱོགས་ལུང་པ་རུ་ཕ་མ་དང་སྤོ་པོ་རྨོ་རྨོ་ཚོས་བུ་ཕྲུག་གི་མཆུ་ལ་འོ་བསྐྱལ་བ་ནི་ཆགས་སྤྱོད་ཀྱི་རིགས་སུ་བརྩི་ལ། ང་རང་ཚོས་བོད་རིགས་ཚོས་ཕ་མ་དང་སྤོ་པོ་རྨོ་རྨོ་ཚོས་བུ་ཕྲུག་ལོ་ཆུང་གི་མཆུ་ལ་འོ་བསྐྱལ་བ་ནི་ལྷད་མེད་པའི་བརྩེ་བ་སྤྲོད་སྟངས་ཞིག་ལ་བརྩི་གི་ཡོད།
ང་ཚོ་ཆ་ཚང་སྤོ་པོ་རྨོ་རྨོ་ཚོས་གཉོར་སྐྱོང་བྱས་ཏེ་འོང་བའི་མི་དག་ཡིན་སྟབས། ང་རང་ཚོའི་སྤོ་པོ་རྨོ་རྨོ་ཚོས་ང་རང་ཚོའི་མཆུ་ལ་འོ་བསྐྱལ་མ་མྱོང་མཁན་ཞིག་མེད། དེས་རྐྱེན་༧གོང་ས་མཆོག་གིས་ཀྱང་རྒྱ་གར་གྱི་བུ་ཕྲུག་དེ་ལ་སྐུ་རྩེད་དང་འབྲེལ་འཐམས་འཁྱུད་བྱས་པ་ནི། ༧གོང་ས་མཆོག་གི་ཀུན་སློང་ལ་ལྷད་མེད་ཀྱི་བརྩེ་བ་གནང་བ་ཡིན་པ་ནི་སྨྲས་མེད་ཡིན། ལྷག་པར་དུ་ཡང་༧གོང་ས་མཆོག་གིས་སྐུ་ན་ཆུང་དུས་ནས་བསླབས་སྡོམ་སྲུང་སྟེ། སོ་ཐར་གྱི་སྡོམ་པ་ལ་ཉེས་པ་ཕྲ་མོ་ཙམ་གྱིས་ཀྱང་མ་གོས་བའི་དགེ་སློང་རྒྱལ་བ་སྨིན་དྲུག་པ་ལྟ་བུ་ཞིག་འཇོག་དགོས་ཚེ། འཛམ་གླིང་གི་ནང་པའི་དགེ་སློང་ཡོངས་འདུས་ནས་བཙལ་ཀྱང་། ༧གོང་ས་༧རྒྱལ་དབང་སྐུ་ཕྲེང་༡༤འདི་ལས་གཞན་ཞིག་རྙེད་མི་སྲིད་ལབ་ན་ཡང་སྐུར་འདེབས་སུ་མི་འགྲོ་སྙམ།
ནུབ་ཕྱོགས་ལུང་པ་རུ་རང་གི་བུ་མོའི་ཕ་མའི་མདུན་ནས་རྐང་ཐུང་སྲབ་མོ་ཞིག་གྱོན་ཏེ་བརླ་ཤ་བསྟན་དེ་ནང་ནས་ཡར་འགྲོ་མར་འགྲོ་བྱེད་པ་ནི་མ་རབ་དང་ངོ་ཚ་ཞིག་ཏུ་མི་བརྩི་ཡང་། ང་རང་ཚོ་བོད་རིགས་ཚོས་དེ་ནི་ཆེས་ཤིན་ཏུ་མ་རབ་ཐ་ཤལ་ཞིག་ཏུ་བརྩི་བ་ཡིན། རྒྱ་གར་གྱི་གྲོང་ཁྱེར་ནང་ཡོད་པའི་རྒྱ་གར་བ་ཚོས་ཀྱང་། རང་གི་ཕ་མའི་མདུན་ནས་དགའ་རོགས་ལ་འོ་བསྐྱལ་བ་སོགས་བྱས་ན་ངོ་ཚ་ཞིག་ཏུ་མི་བརྩི་མོད། འོན་ཀྱང་རྒྱ་གར་གྱི་གྲོང་གསེབ་ཁག་ཏུ་འདི་འདྲའི་ངོ་ཚ་མེད་པའི་གནས་སྟངས་ཨེ་ཡིན་སྙམ་པ་ལས། ང་རང་རྒྱུས་མེད་ཡིན་སྟབས། རྒྱུས་ཡོད་ཚོས་འདིའི་བར་དུ་ཁ་གསབ་ལྟ་བུ་བྱས་ཆོག རྒྱ་གར་ལུང་པ་ང་ཚོ་བོད་མི་ཡོངས་ལ་བཀའ་དྲིན་ཆེན་པོ་ཡིན་སྟབས། ཚིག་ནག་པོ་དེ་འདྲ་བེད་སྤྱོད་བཏང་མེད། དེ་མིན་རྒྱ་གར་གྱི་གནའ་བོའི་རིག་གཞུང་ནང་སྐྱུག་བྲོ་བའི་བསྟན་བཅོས་དེ་འདྲ་ཡང་ཡོད་ལ། དེང་སང་ད་རུང་ཡོད། ཡིན་ན་ཡང་། ངས་འདིར་བསྟན་བཅོས་དེ་འདྲའི་མིང་འདིར་བཀོད་མེད།
གང་ལྟར་ཡང་། རྒྱ་ནག་གི་བསླུ་བྲིད་འོག་ཡོད་པའི་རྒྱ་གར་གྱི་གསར་ཁང་འདི་ཚོས་༧གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་འདིས། ༧གོང་ས་མཆོག་ལ་ཕོག་ཐུགས་འགྲོ་མི་སྲིད་། རྒྱུ་མཚན་ནི། ༧གོང་ས་མཆོག་གིས། དཔེར་ན།
ཁམས་གསུམ་སྐྱེ་དགུ་མ་ལུས་ཁྲོས་གྱུར་ཏེ།།
གཤེ་ཞིང་མཚངས་འབྲུ་སྡིགས་ཤིང་སྲོག་བཅད་ཀྱང་།།
མི་འཁྲུགས་གནོད་ལེན་ཕན་པ་བསྒྲུབ་བྱེད་པའི།།
བཟོད་པའི་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས།།
གསུངས་འདི་ལྟ་བུ་ཉམས་ལེན་གནང་གི་ཡོད་པ་མ་ཟད། འཛམ་གླིང་གི་ལྡིང་ཆའི་སྟེང་དུ་གཞན་ལ་ལམ་སྟོན་ཡང་འདི་ལྟར་གནང་གི་ཡོད་སྟབས། ༧གོང་ས་མཆོག་ལ་ཕོག་ཐུག་མི་འགྲོ་བ་ནི་གཏན་འཁེལ་ཡིན། འོ་ན་སུ་ལ་ཕོག་ཐུག་འགྲོ་གི་རེད་ཟེར་ན། ང་རང་ཚོ་གཞི་བྱེས་གཉིས་ཀྱི་བོད་རིགས་ཚོ་གཙོ་བྱས་བའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་༧གོང་ས་མཆོག་ལ་དད་གུས་ལྷད་མེད་བྱེད་མཁན་ཚོར་ཕོག་ཐུགས་ཆེན་པོ་བཟོས་ཡོད་སྟབས། ཕྲན་གྱིས་བསམ་ཚུལ་འདི་འབྲི་བཞིན་པའི་སྐབས་སུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལ་དྭགས་ནས་མགོ་བཙུགས་ཏེ། རྒྱ་གར་གྱི་གསར་ཁང་དེ་ཚོར་ངོ་རྒོལ་བྱེད་ཀྱི་ཡོད། བྱེས་ཀྱི་བོད་མི་ཡོད་ཚད་ཀྱིས་ཀྱང་བསམ་ཚོད་དང་ནུས་ཚོད་ཀྱིས་ངོ་རྒོལ་བྱེད་དགོས།
སྤྱིར་བཏང་བཤད་ན། འཛམ་གླིང་སྟེང་ཞི་བདེ་དེད་དཔོན་དུ་བརྩི་མཁན་ཞིག་ལ། རྒྱ་གར་གྱི་གསར་ཁང་དེ་ཚོས་འདི་འདྲའི་མ་རབ་ཐ་ཤལ་གྱི་ཚིག་བེད་སྤྱོད་བཏང་སྟེ། གཞི་མེད་ཀྱི་སྐྱོན་འཛུགས་བྱེད་ཐུབ་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། དེའི་རྐྱེན་རྒྱ་གར་གཞུང་གིས་གསར་ཁང་འདིའི་རྒྱབ་ལྗོངས་ཞིབ་བཤེར་བྱེད་དགོས་མོད། འོན་ཀྱང་ང་རང་ཚོ་རྒྱ་གར་ལུང་པའི་སྐྱབས་བཅོལ་བ་ཞིག་ཡིན་སྟབས། བྱེས་ཀྱི་བོད་མི་དང་བོད་མིའི་སྒྲིགས་འཛུགས་ལ་དེའི་དབང་ཚད་མེད་པས་ནུས་པ་ཞིག་ཐོན་པར་ཁེགས་པོ་རེད།
དེ་ལྟ་ན་ཡང་། འདིར་བཙན་བྱོལ་གཞུང་གི་བྱང་ཨ་རི་ནས་བཟུང་མཇུག་རྡ་ས་བར་གྱི་གསར་ཁང་ཆ་ཚང་གིས་དུས་རབས་དང་བསྟུན་ནས་བརྙན་པར་དྲ་ལམ་དུ་འཇོག་དགོས་པ་ལས། མཐོང་ཚད་རེག་ཚད་དྲ་ལམ་དུ་འཇོག་མི་རུང་། སྤྱིར་བཏང་ནས་ཕོག་ཐུག་འགྲོ་མིན་ལ་མ་ལྟོས་བར་སྐད་ཆ་དྲང་མོ་བཤད་ན། བཙན་བྱོལ་དུ་ཡོད་པའི་གསར་ཁང་ཕལ་མོ་ཆེ་ཡི་གསར་འགོད་པ་ཚོ་ནི། སློབ་སྦྱོང་མེད་པའི་སྲང་ལམ་གི་མི་འགའ་ཡར་སྒྲིགས་ནས་བཞག་པ་རྐྱང་ཡིན་སྟབས། གསར་འགོད་ཀྱི་ཉམས་མྱོང་དང་སློབ་སྦྱོང་མེད་མཁན་རྐྱང་རེད། བོད་ཀྱི་གསར་ཁང་འདི་ཚོས་གསར་འགྱུར་འབྲི་བཤད་གང་བྱས་ཀྱང་། རང་ཉིད་ཀྱིས་འགན་ཁུར་ལེན་གྱི་མི་འདུག་ལ། ཐ་ན་གསར་འགྱུར་གྱི་ཁ་བྱང་ཡག་པོ་ཞིག་ཀྱང་འབྲི་ཤེས་ཀྱི་མི་འདུག་པས། ད་ཐེངས་ཀྱི་རྙོག་གླེང་འདིའི་གོ་སྐབས་སྤྲོད་མཁན་ཡང་རྡ་སར་ཡོད་པའི་བོད་ཀྱི་གསར་ཁང་voice tibetཟེར་བ་དང་VOAཚོས་གོ་སྐབས་འདི་སྤྲད་པ་རེད། ཁོ་རང་ཚོར་ལྷག་བསམ་གཙང་མ་ཡོད་ཀྱང་རྣམ་དཔྱོད་ཀྱིས་མ་འདངས་བའི་དབང་གིས་སྐྱོན་ཆ་འདི་བྱུང་བ་རེད། 15/4/2023ཡོ་རུབ་ནས་ནམ་མཁས་བྲིས།
ད་ལམ་གྱི་གནས་ཚུལ་ཡོང་ས་དེ་རྒྱ་གར་གྱི་བུ་དེ་ལ་ཐུག་འདུག་གྱོད་ཀྱི་རྩ་བ་དང་སྣག་གི་ཐུམ་དེ་བུ་དེ་བུ་དང་བུའི་ཕ་མ་ཚོ་དང་མཉམ་དུ་ཡོད་པའི་རྒྱ་གར་གྱི་སློབ་ཕྲུག་དང་དགེ་རྒན་མཇལ་ཁ་ཞུ་མཁན་ཚོའི་ངོས་ནས་ཁ་གྲགས་དགོས་། མེ་མེད་ན་དུད་པ་ཡོང་ས་མེད་། ཆུ་མེད་ན་ཉ་མོ་སྡོད་ས་མེད་། རྒྱུ་མེད་ན་འབྲས་བུ་གང་ནས་སྨིན་། རྒྱུ་དང་རྐྱེན་ཡོང་ས་དེ་བུ་དེ་ལ་ཐུག་འདུག་ན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་སློབ་གྲའི་ཡིག་ཚང་ལ་འབྲེལ་བ་གནང་ནས་བུ་དང་ཕ་མ་སློབ་ཕྲུག་དང་དགེ་ལས་ཚོ་ཁ་གྲགས་དགོས་པའི་དུས་ལ་བབ་མི་འདུག་གམ་།