ཁྲི་རལ་པ་ཅན།
དེང་རབས་ཀྱི་འཇིག་རྟེན་དུ་རྒྱ་ནག་ལབ་ཚེ་འཛམ་གླིང་གི་ཅ་ལག་མང་པོ་ཐོན་བསྐྱེད་ཕྱིར་ཚོང་དང་དམར་པོའི་དབང་ཆ་གཅིག་སྡུད་རྒྱལ་ཁབ། དམག་མི་གྲངས་ཀ་མང་ཤོས་དང་དཔལ་འབྱོར་སྟོབས་ལྡན་གྱི་རྒྱལ་ཁབ་ཅིག་རེད། འོན་ཀྱང་རྒྱ་ནག་ནི་མི་རིགས་སྣ་མང་པོས་གྲུབ་པ་དང་འཛམ་གླིང་གི་མི་འབོར་ཆེ་ཤོས་ཡིན་པ། ལོ་རྒྱུས་ཡུན་རིང་དང་རྒྱལ་རབས་སྣ་ཚོགས་འཕོ་འགྱུར་ཟིན་པའི་རྒྱལ་ཁབ་ཆེས་རྙིང་པ་ཅིག་ཡིན་པའི་ཆ་ནས། རྒྱ་ནག་ལ་ཁྱད་ཆོས་མང་པོ་ཅིག་མངོན་གསལ་དོད་པོ་དང་མི་མངོན་པ་གཉིས་ཀའི་ཟོལ་དུ་ཡོད་པ་རེད།
རྒྱ་ནག་གི་སྐོར་དང་ལྷག་པར་དེའི་སྲིད་དབང་འཕོ་འགྱུར་སྟེང་བསམ་བློ་གཏོང་སྐབས། དེ་ནི་མི་སེར་རྒྱལ་ཁབ་གཏོར་ཕམ་རྗེས་འབྱོར་མེད་དམར་ཕྱོགས་པ་ཚོས་སྲིད་དབང་བཟུང་བ་དང་། ཏིང་ཞོ་ཕེན་གྱིས་བཅོས་བསྒྱུར་སྒོ་འབྱེད་རྗེས་ཚོང་ལས་དཔལ་འབྱོར་མ་རྩ་རིང་ལུགས་དུ་བསྐྱོད་དེ། ད་ཆ་སྲིད་དབང་གུང་བྲན་ཏང་གིས་ཚོགས་པ་གཅིག་གི་ལམ་ལུགས་འོག་སྒེར་འཛིན་བྱས་ཡོད་ནའང་། དཔལ་འབྱོར་མ་རྩ་རིང་ལུགས་ཁོ་ནར་ཤར་བསྐྱོད་ཀྱིས་གུང་བྲན་དང་རྒྱབ་འགལ་ཡིན་པ་ལྟ་བུ། དེ་འདྲ་ཕྱིའི་སྣང་ཚུལ་འདོམས་བདེ་བོ་ཙམ་གྱིས་རྒྱ་ནག་ལ་བསྡོམས་བརྒྱབ་རྒྱུ་དཀའ་མོ་རེད་སྙམ།
རྒྱ་ནག་ནི་ལོ་རྒྱུས་སྟེང་རྒྱལ་རབས་མང་པོའི་རིང་སྟོབས་ཆེན་རྒྱལ་ཁབ་ཅིག་གི་ངོ་བོར་གནས་ཐུབ་ཡོད་པ་དང་ལྷན། དབང་བསྒྱུར་བ་རེ་རེའི་སྐབས་སུ་ས་ཁོངས་རྒྱ་བསྐྱེད་དང་སྔ་མོའི་ས་ཁོངས་སྟེང་རྩོད་གཞི་མང་པོ་བཟོ་མཁན་ཅིག་ཡིན་པས། ཐ་ན་རྒྱ་ནག་ཕྱིས་བཙན་འཛུལ་དང་ནང་འཁྲུག་སྡེ་གཟར་དུ་ཚུད་སྐབས་ཀྱང་རྒྱང་རིང་གི་བོད་དང་ཞིན་ཇང་། སོག་པོ་ལྟ་བུའི་སྟེང་བདག་དབང་འཛིན་པར་ལྷོད་གཡེང་བྱས་མེད་ཅིང་། ས་ཁོངས་ཧ་ཅང་རྒྱ་ཆེ་བའི་གྲངས་ཉུང་མི་རིགས་རྣམས་ནས་རྒྱ་ནག་ཧན་མི་རིགས་ཀྱི་མི་འབོར་བརྒྱ་ཆ་བཅུ་ཙམ་ཡང་ཟིན་དཀའ་མོ་ཡིན་སྟབས། དོན་དངོས་སྟེང་རྒྱ་ནག་ནི་མི་རིགས་གཅིག་གི་རྒྱལ་ཁབ་ཀྱི་ངོ་བོར་གནས་ཡོད་པ་མ་ཟད། གྲངས་ཉུང་མི་རིགས་རྣམས་ལ་གཅིག་གྱུར་ཡིན་ལ་ཐ་དད་ཀྱང་ཡིན་པའི་སྲིད་ཇུས་བཟུང་སྟེ། རྒྱ་ནག་ཧན་མི་རིགས་ཀྱི་ལྟ་སྟངས་འོག་གཉའ་གནོན་ཆེན་པོ་མྱངས་སྐབས། མི་རིགས་གྲངས་ཉུང་ཚོས་རང་གི་ཐོབ་ཐང་རྩོད་པ་དང་སོ་སོའི་ངོ་བོ་སྲུང་སྐྱོབས་བྱེད་པ། རྒྱ་ནག་ལས་ཁ་བྲལ་འདོད་ཀྱི་བསམ་ཚུལ་སོགས་བཟུང་ན། ལོ་རྒྱུས་དང་རྒྱལ་ཁོངས་གཅིག་གྱུར་སྲིད་ཇུས་བཟུང་སྟེ་ལམ་སེང་དྲག་གནོན་གྱིས་ཕམ་ཉེས་སུ་གཏོང་གི་ཡོད་ཅིང་། དེ་ལ་དཔེ་མཚོན་གསལ་ཤོས་ནི་དེང་སང་གི་ཡུ་གུར་དང་བོད་ཀྱི་གནས་ཚུལ་རེད།
རྒྱ་ནག་ནང་དཔལ་འབྱོར་ཡར་རྒྱས་ཆེན་པོ་ཕྱིན་པ་དང་བསྟུན། ཧན་མི་རིགས་ཚོར་བོད་དང་ཡུ་གུར།སོག་པོ་བཅས་དང་བསྡུར་ན་རང་དབང་ཆེ་ཙམ་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་ལ། དེ་ནི་ཐ་དད་ཡིན་པའི་སྲིད་ཇུས་ཀྱི་ཁོངས་སུ་བཅུག་ཡོད་པས། རྒྱ་ནག་ཧན་མི་རིགས་ཁོངས་སུ་མི་རིགས་གྲངས་ཉུང་ལ་རྒྱབ་སྐྱོར་བ་ཉུང་ཉུང་ཡིན་པ་དང་ཆབས་ཅིག། མི་རིགས་གྲངས་ཉུང་ཚོས་རང་རང་གི་ས་ནས་འཕག་འཚག་ཇི་ཙམ་བརྒྱབས་ཀྱང་། དེས་རྒྱ་ནག་ལ་འགྱུར་བ་གཏོང་མི་ཐུབ་པར་རྒྱ་ནག་དཔོན་རིགས་ཚོར་ཡིད་ཆེས་དང་གདེང་ཚོད་ཡོད་པས། དྲག་གནོན་གྱི་སྲིད་ཇུས་ལ་ནམ་ཡང་འགྱུར་བ་གཏོང་མི་སྲིད།
རྒྱུ་མཚན་རྒྱ་ནག་དཔོན་རིགས་ཚོ་ནི་དམར་ཕྱོགས་ཀྱི་བསམ་བློ་དང་ལྟ་གྲུབ་པ་ངོ་མ་ཅིག་མིན་པར། རྒྱལ་རབས་མང་པོའི་རིང་དབང་ཆ་སྒེར་འཛིན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་རྣམས་ཕྱོགས་བསྡོམས་བྱས་ཏེ། དབང་ཆ་གཅིག་སྡུད་པ་གནའ་དེང་ཟུང་འབྲེལ་གྱི་ཐབས་དང་ཆབ་སྲིད་བསམ་བློ་ཡོད་མཁན་ཅིག་ཡིན་སྟབས། ཁོང་ཚོས་རྒྱ་ནག་ཧན་མི་རིགས་ཀྱི་སེམས་ཚོར་ངོ་མ་ངོས་ཟིན་པའི་སྟེང་དབང་ཆ་འཛིན་ཐུབ་ཀྱིན་ཡོད་པ་མ་གཏོགས། གང་བྱུང་གི་ཁྲིམས་མེད་ལུགས་མེད་དང་མེ་མདས་འཇིགས་སྐུལ་ཁོ་ན་ཙམ་མིན།
རྒྱ་ནག་ནི་རྒྱལ་རབས་མང་པོའི་རིང་གྲངས་ཀ་མང་ཉུང་གི་ཆ་ནས་བསྡུར་ན། ཧ་ལམ་རྒྱ་ནག་ཧན་མི་རིགས་ཁོ་ནས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་པར་བརྟེན། གནའ་ནས་བཟུང་རྒྱ་ནག་མི་རིགས་ཀྱི་གཤིས་ཀ་དང་གོམས་སྲོལ་ནང་། རྒྱལ་ཁབ་དང་མི་རིགས་ཀྱི་ལར་ཞེན་གཏིང་ཟབ་ཡོད་ཅིང་། རྒྱ་ནག་གི་དབང་ཆ་དམར་པོས་བཟུང་བ་ནས་དེ་ལས་ཀྱང་མི་རིགས་རིང་ལུགས་ཤུགས་ཆེར་སྤེལ་ཡོད།
དཔེར་ན། རྒྱ་ནག་མན་ཆིན་རྒྱལ་རབས་ཀྱི་མཇུག་ཙམ་ཕྱི་ལོ་༡༨༩༨ ནས་༡༩༠༠ བར། རྒྱ་ནག་མེན་རྒྱལ་ཁབ་དང་རྒྱ་མིའི་རིག་གཞུང་རྙིང་པ་བསྐྱར་གསོ་གི་བསམ་བློ་འཛིན་པ། རྒྱ་སྐད་ནང་ཡེས་ཧོས་ཐན་དང་ཨིན་སྐད་ནང་ཡོངས་གྲགས་(BoxerRebellion )ཟེར་བ་ཅིག་བྱུང་ཡོད་ཅིང་། ཁོང་ཚོ་ལྟ་བུ་ཐོག་མར་མན་ཆིན་གཞུང་ལ་སྲོག་བློས་གཏོང་བྱས་ཏེ་འཐབ་འཁྲུག་བྱེད་མཁན་ཅིག་ཡིན་ནའང་། རྒྱ་ནག་ནང་རྒྱལ་ཁབ་བརྒྱད་ཀྱི་བཙན་འཛུལ་དང་ཡེ་ཤུས་ཆོས་སྤེལ་བར་ངོ་རྒོལ་སོགས་བྱུང་སྐབས། ཆ་རྐྱེན་མེད་པར་མན་ཆིན་གཞུང་དང་མཉམ་འབྲེལ་ཏེ་ཕྱི་རྒྱལ་བར་འཐབ་འཁྲུག་ཆེན་པོ་བྱས་ཡོད།
དེང་སང་གུང་བྲན་ཏང་གིས་ཁྱབ་བསྒྲགས་དང་ཀླད་པ་འཁྲུས་ཏེ་སྐབས་དེ་ཚོ་ལས་ཀྱང་རྒྱ་ནག་མི་ལ་རྒྱལ་ཞེན་དང་རིགས་ཞེན་ཇེ་ཆེར་བཏང་ཡོད་པ་རེད། གང་ལྟར། རྒྱ་ནག་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་བཞིན་འགྲོ་བ་མི་རེ་རེའི་ཐོབ་ཐང་དང་བདེ་དོན་གལ་ཆེར་མི་བརྩི་བར། རྒྱལ་ཁབ་གཅིག་གྱུར་དང་ཧན་མི་རིགས་ཀྱི་ཁེ་ཕན། མི་རིགས་ཀྱི་ལར་ཞེན་དང་རྒྱལ་ཁབ་ཀྱི་ཆེད་དུ་མི་སྒེར་ཅི་ཙམ་གྱི་ཁེ་ཕན་དང་བདེ་དོན་བློས་གཏོང་དགོས་ཀྱང་དགོས་ངེས་ཡིན་པ། དེ་ལྟ་བུ་རྒྱ་མི་རིགས་ཚོའི་གཤིས་ཀའི་ནང་ཁྱབ་ཡོད་པས། གུང་བྲན་ཏང་གིས་སེམས་ཚོར་དེ་བེད་སྤྱོད་ཀྱིས་དབང་ཆ་བརྟན་པོར་གནས་ཐུབ་ཀྱིན་ཡོད།
དེ་མིན་ཡང་གུང་བྲན་ཏང་གི་སྲིད་དབང་ལ་ཉེན་ཁ་ཅིག་རང་བཞིན་གྱིས་འགག་འགྲོ་བཞིན་པ་ནི། རྩ་བའི་རྒྱ་ནག་ནི་ཨུ་རུ་སུ་དང་ཨེ་རན། བྱང་ཀོ་རི་ཡ་སོགས་ཀྱི་ཕྱོགས་གཏོགས་བྱས་ཏེ་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཁ་གཏད་ཚུལ་དུ་ཡོད་ནའང་། རྒྱ་ནག་གི་དཔལ་འབྱོར་འབྲེལ་བ། ལྷག་པར་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་ནང་ཨ་སྒོར་ཐེར་འབུམ་མང་པོའི་མ་རྩ་བཞག་ཡོད་པ། རྒྱ་ནག་གི་ཅ་ལག་ལས་ཚོང་ཁེ་ཤུགས་ཆེར་བྱུང་སྟེ་ཐ་ན་ཡོ་རོབ་དང་ཨ་རི་ལྟ་བུས་དཔལ་འབྱོར་སླར་གསོ་ཡོང་བར། རྒྱ་ནག་ལ་རེ་བ་དང་ལྟོས་དགོས་པའི་གནས་སྟངས་འོག། ཁོང་ཚོས་གུང་བྲན་གྱི་སྲིད་དབང་ལ་ཉེན་ཁ་བཟོ་རྒྱུ་ཕལ་ཆེར་ཡོང་མི་སྲིད་པ་རེད།
རྒྱ་ནག་གི་ལོ་རྒྱུས་དང་སྲིད་དོན་ནང་“འབངས་སེམས་བཀུག་ན་སྲིད་དབང་ཐོབ”ཟེར་སྲོལ་ཡོད་པ་དེ། མོའོ་ཚེ་ཐུང་གི་སྐབས་ནས་ལག་ལེན་དུ་བཏབ་ཏེ་གུང་བྲན་ཏང་ནི་ནམ་རྒྱུན་ཉམ་ཞན་དང་སྐྱོ་བོ། དབུལ་ཕོངས་སོགས་མི་མང་གི་ཕྱོགས་སུ་ལངས་མཁན་དང་མི་མང་སྐྱོབས་མཁན་ཅིག་ཏུ་བཟོས་ཏེ། རྒྱ་ནག་མང་ཚོགས་ཀྱི་ཀླད་པའི་ནང་བླུགས་ཡོད་པ་མ་ཟད། གཞུང་འབྲེལ་གྱི་དྲ་ལམ་དང་གསར་ལམ་ཁག་མ་གཏོགས། རང་དབང་གི་བརྒྱུད་ལམ་མང་པོ་ཅིག་བཀག་ཡོད་པ་དེས། རྒྱ་ནག་མི་མང་གིས་ཕྱོགས་གཅིག་གི་གནས་ཚུལ་ལས་མཐོང་ཐུབ་ཀྱིན་མེད་པར། རྒྱ་ནག་དེ་དེང་རབས་དངོས་པོའི་ལོངས་སྤྱོད་ཀྱིས་ཡར་རྒྱས་དང་མཐོང་སྣང་ལ་མཛེས་པོ་ཇི་ཙམ་ཡོད་ཀྱང་། བསམ་བློའི་ཆ་ནས་དབུལ་ཕོངས་དང་ཕྱོགས་ཡོངས་མཐོང་ཐུབ་ཀྱིན་མེད་རྐྱེན། རྒྱ་ནག་གི་འབྱུང་འགྱུར་རང་དབང་དང་མང་གཙོ་ལ་ལམ་ཐག་རིང་པོ་རེད།
འོན་ཀྱང་། རྒྱ་ནག་གུང་བྲན་ལ་ཉེན་ཁ་དང་དཀའ་རྙོག་ཆེན་པོ་མེད་པ་མ་རེད། སྟབས་བདེའི་སྒོ་ནས་བཤད་ན། བོད་དང་ཞིན་ཇང་གི་དཀའ་རྙོག་ནས་དམར་ཕྱོགས་ནང་ཁུལ་དབང་ཆ་འཐབ་རྩོད། རྒྱ་ནག་ནང་མང་གཙོ་རང་དབང་མེད་པ་དང་ཁྲིམས་ཀྱི་དབང་བསྒྱུར་ཞན་པོ། ལྐོག་ཟ་རུལ་སུངས་ཤུགས་ཆེན་པོ་ནས་ཤེས་ཡོན་ཅན་དང་རང་དབང་གི་མགྲིན་ཚབ་པ་མང་པོ་བཙོན་འཇུག་སོགས། དཀའ་རྙོག་མང་པོ་ཅིག་ད་དུང་ཡང་མངོན་པར་མི་གསལ་བའི་སྒོ་ནས་རལ་ལ་ཉེ་བའི་ངང་སྦས་ཡོད་ཅིང་། ཨིན་ཇིའི་དབང་བསྒྱུར་འོག་ནས་རྒྱ་ནག་ལ་ཕྱིར་སྤྲོད་ཀྱི་ཧོང་ཀོང་གི་གནས་ཚུལ་ཡང་དེ་གྲས་གཅིག་རེད་སྙམ།
ཧོང་ཀོང་མཚོ་ཁུག་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་༡༦ འགྲོ་གི་ཡོད་ནའང་། ཧོང་ཀོང་ནི་རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ཡོད་མཁན་ཨིན་ཇིས་དབང་བསྒྱུར་གྱིས་དུས་ཡུན་རིང་པོ་ཕྱིན་ཡོད་སྟབས། དེ་ལས་ལྡོག་པ་རྒྱ་ནག་དམར་གཞུང་གི་སྒྲོག་གཞི་ཁོ་ནའི་འོག་གནས་དགོས་ན་དཀའ་ངལ་ཅིག་ཡིན་རྐྱེན། རྒྱ་ནག་འགོ་ཁྲིད་འདས་པོ་ཏིང་ཞོ་ཕེན་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བསམ་ཚུལ་བཏོན་ཏེ། རྒྱ་ནག་སྐམ་ས་དང་བསྡུར་ན་རང་དབང་དང་མང་གཙོ་ལམ་ལུགས་གང་འཚམས་ཡོད་པ་ཅིག་ཁས་ལེན་བྱས་ཡོད་མོད། འདས་པའི་དུས་སུ་ཧོང་ཀོང་གི་འཛིན་སྐྱོང་བ་རྒྱ་ནག་གཞུང་གིས་བསྐོ་བཞག་དང་གྲོས་ཚོགས་འཐུས་མི་མང་ཆེ་བ། དམར་གཞུང་གི་ཕྱོགས་འཛིན་པ་བསྐོས་བཞག་སོགས་གནས་ཚུལ་ཇེ་སྡུག་ཏུ་སོང་རྐྱེན། ཧོང་ཀོང་ནང་ངོ་རྒོལ་རིམ་པར་བྱུང་སྟེ་མ་འོངས་ཕྱི་ལོ་༢༠༡༧ ལོར་ཧོང་ཀོང་གི་འགོ་ཁྲིད་མི་མང་གིས་འདེམས་རྒྱུ་རྒྱ་ནག་གཞུང་ནས་ཐག་གཅོད་བྱས་ཡོད་རུང་། འགོ་ཁྲིད་འོས་མི་གཉིས་གསུམ་ཡན་བཙལ་མི་ཆོག་པ་དང་། དེ་ཚོར་རྒྱ་ནག་གཞུང་གིས་བཀའ་ཁྲོལ་ཆོག་མཆན་དགོས་པ་བཟོས་ཡོད་པར། དེང་སང་ཧོང་ཀོང་གི་མཐོ་སློབ་དང་སློབ་ཆེན་སློབ་ཕྲུག་ཚོ་གཙོ་བྱས་ཏེ་མི་མང་གིས་ངོ་རྒོལ་རྒྱ་ཆེར་བྱུང་བཞིན་པ་རེད།
དེ་ལ་ནེའུ་ཡོར་ཁི་དུས་བབ་ནང་རྒྱ་ནག་གཞུང་འབྲེལ་གྱི་མི་མང་ཉིན་རེའི་གསར་ཤོག་ལུང་འདྲེན་བྱས་པ་ལྟར་ན། ཧོང་ཀོང་གི་མང་གཙོའི་ལས་འགུལ་དེ་ནི་“རྒྱ་ནག་གི་ཁ་གཏད་མང་གཙོ་ཐལ་སྤྱོད་པ་ཚོས་བརྒྱུད་སྐུལ་བྱས་ཏེ་རྒྱབ་རོགས་འཚོལ་བ་དང་། མང་ཚོགས་དེ་ཚོ་ནི་གློ་སྙིང་བྲང་གསུམ་མི་སེར་སྤེལ་བའི་རིང་ལུགས་པ་ཚོར་གཏད་པའི་ཉེས་ཅན་པ། ནུབ་ཕྱོགས་ཀྱི་མང་གཙོས་མགོ་རྨོངས་”བསྡད་པ་བསྐོར་ཅིག་ཡིན་པར་འགྲེལ་བརྗོད་བྱས་པ་དེས། རྒྱ་ནག་གཞུང་གིས་ཁོང་ཚོར་གྲོས་མོལ་མི་བྱེད་པའི་རྣམ་འགྱུར་མཁྲེགས་པོ་གསལ་སྟོན་བྱས་ཡོད་ལ། ཧོང་ཀོང་གི་མང་གཙོ་ལས་འགུལ་བ་ཚོས་“ཧོང་ཀོང་གི་མང་གཙོ་དང་འབྱུང་འགྱུར་ལེགས་པོ་ཅིག་ཡོང་ཕྱིར། ང་ཚོས་མུ་མཐུད་ཞི་བའི་འཐབ་རྩོད་གནང་གི་ཡིན་”ཞེས་གསུང་བཞིན་ཡོད་ནའང་། རྒྱ་ནག་གཞུང་གིས་ཐད་བསྐོས་ཧོང་ཀོང་གི་འགོ་ཁྲིད་་Leung་Chun་ying་ནས་ད་ལྟ་རང་ཛ་དྲག་འབོད་སྐུལ་བཏང་བའི་ནང་། “ལས་འགུལ་དེས་མི་མང་གི་འཚོ་བ་དང་བདེ་འཇགས་ལ་ཉེན་ཁ་བཟོ་བ་མ་ཟད། ཧོང་ཀོང་གི་དཔལ་འབྱོར་དང་རྒྱལ་སྤྱིའི་མཐོང་ཚུལ་ཐད་ཤུགས་རྐྱེན་ངན་པ་འཇོག་སྲིད་པས། ཚང་མས་གནས་ཚུལ་དེ་ཚོར་བསམ་གཞིག་གིས་ལས་འགུལ་མཚམས་འཇོག་གི་”སྐུལ་ལྕག་བྱས་ཡོད་ཅིང་། ད་ཆ་རྒྱ་ནག་གཞུང་གིས་ལས་འགུལ་བ་ཚོར་དྲག་གནོན་ཡང་གང་འཚམས་བྱས་ཚར་བ་སོགས་གནས་ཚུལ་གསར་ཤོས་རེད།
ཧོང་ཀོང་ནི་ཡོད་ཚད་སྟངས་འཛིན་འོག་ཡོད་པའི་རྒྱ་ནག་སྐམ་ས་དང་མི་འདྲ་བར། རྒྱལ་སྤྱིའི་ཚོང་འབྲེལ་གྱི་གྲོང་ཁྱེར་གནད་འགག་ཅིག་ཡིན་པས་མ་ཚད། ཕྱི་མི་སྣ་ཚོགས་འཛོམས་ས་དང་ལམ་ལུགས་ཅུང་མི་འདྲ་བ་ཅིག་གི་འོག་ཡོད་པ་གང་ཅིའི་ཆ་ནས་བལྟས་ན། རྒྱ་ནག་གཞུང་གིས་དེ་ཙམ་གྱི་དྲག་གནོན་ཚབ་ཆེན་ཅིག་བྱེད་ཐུབ་མིན་ཐེ་ཚོམ་རེད།
ཡིན་ནའང་། རྒྱ་ནག་ལ་མཚོན་ན་ཧོང་ཀོང་གི་མི་གྲངས་ས་ཡ་བདུན་ཡས་མས་དེ་ཧ་ཅང་གིས་ཆུང་ཆུང་ཅིག་དང་། དེས་ཡོད་ཚད་སྟངས་འཛིན་འོག་ཚུད་ཚར་བའི་སྐམ་སའི་མི་མང་ཚོར་འཐོམ་སངས་བཅུག་རྒྱུ་དཀའ་མོ་ཡིན་པས། ལས་འགུལ་འདིས་འཕྲལ་དུ་རྒྱ་ནག་མང་གཙོ་ལ་གཡོ་འགུལ་ཐེབས་བཅུག་རྒྱུ་ཁག་པོ་རེད་དེ། ཕུགས་སུ་ཆར་བ་ཆུ་གྲོགས་སུ་མི་འགྲོ་བར་ངེས་པ་མེད།
འོ་ན་རྒྱ་ནག་གི་མང་གཙོ་ལས་འགུལ་ལ་རྒྱལ་ཁ་ཐོབ་ཉིན་མོ་ག་དུས་རེད་ཅེས་ན། རྒྱ་ནག་མི་མང་གི་བསམ་བློ་གོ་ལ་གཅིག་གྱུར་གྱི་ནང་ཚུད། ནུབ་ཕྱོགས་པའི་བསམ་བློས་ཤུགས་རྐྱེན་ངེས་ཅན་ཅིག་ཐེབས། རྒྱ་ནག་མི་མང་གི་བསམ་བློ་རྒྱ་ཧན་མི་རིགས་ཀྱི་ཞེན་ཁོག་གི་འཆིང་རྒྱ་ལས་གྲོལ་ཏེ། མི་སོ་སོ་སྒེར་གྱི་རིན་ཐང་དང་ཐོབ་ཐང་། བདེ་དོན་སོགས་རྒྱ་མི་རིགས་ཀྱི་ཞེན་ཁོག་ལས་གལ་ཆེར་བརྩིས་ཉིན། རྒྱ་མི་རྣམས་གཉིད་ལས་སད་དེ་གུང་བྲན་ཏང་གི་དབང་ཆ་རྩ་མེད་ཀྱིས་མང་གཙོའི་གཞུང་ཅིག་འཛུགས་ངེས་རེད།
གནས་ཚུལ་དེ་ལྟ་བུ་ནི་རྒྱ་ནག་གི་ལོ་རྒྱུས་རེད་ལ་མ་འོངས་པའང་རེད། རྒྱ་ནག་གི་རྒྱལ་རབས་རེ་རེ་བཞིན་སོ་སོའི་མི་མང་གིས་རྩ་གཏོར་བཏང་མྱངས་བས། ད་ལྟའི་དམར་ཕྱོགས་ཀྱང་ཕྱིའི་དགྲ་ལས་སོ་སོའི་མི་མང་ལ་འཇིགས་སྣང་ཆེན་པོ་བྱས་ཏེ། རྒྱལ་ཁབ་ཀྱི་འགྲོ་སོང་མང་ཆེ་ཤོས་ནངཁུལ་བདེ་འཇགས་ཟེར་བར་གཏོང་གི་ཡོད། དེ་བས་རྒྱ་ནག་ལ་ཆབ་སྲིད་འགྱུར་བ་འགྲོ་དགོས་ན་རྒྱ་ནག་མི་མང་གཉིད་ལས་སད་དགོས་པ་རེད།
xརལ་པ་ཅན་གྱི་རྩོམ་ནི་ཁ་ཞེ་གཉིས་མེད་ཅིག་བྲིས་འདུག དགྱ་ནག་དང་གུང་ཏང་ཚོགས་པའི་ད་ལྟའི་དཔོན་འབངས་ཀྱི་འབྲེལ་བ་ནི། བཙོན་པ་དང་བཙོན་སྲུང་གི་འབྲེལ་བ་ཡིན། བཙོན་པས་སྲོག་གཏོང་ནུས་ཀྱི་མེད་ལ། བཙོན་སྲུང་གིས་མེ་མདའ་སར་བཞག་ནུས་ཀྱི་མེད། རྒྱ་ནག་མི་དམངས་སྤྱི་སྤྱོད་རླངས་འཁོར་ནང་བསྡད་ཡོད་ན་ར་བཟི་གུང་ཏང་ཚོགས་པས་ཆང་དྲི་འཚུབས་འཚུབས་སྡོད་མཚམས་འཇོག་གི་མེད།
རྒྱ་ནག་ལ་འགྱུར་འགྲོ་པར་རྒྱ་མི་ཚོ་གཉིད་སད་དགོས་ན།
བོད་ལ་འགྱུར་བ་འགྲོ་དགོས་ན་བོད་མི་དམངས་གཉིད་ཉལ་དགོས་རེད། ངས་བྱས་ན་ཕལ་ཆེན་བོད་མི་དམངས་ལ་གཉིད་མ་ཡོང་ནའང་མིག་བཙུམ་ནས་སྒོམ་རྒྱག་ན་བོད་ལ་འགྱུར་བ་ཞིག་འགྲོ་གི་རེད་འདོད། གཉིད་སད་མི་ཉན། རྟོག་སད་པ་རེ་གཉིས་ཡོད་པ་དེ་དག་མྱི་གྲལ་ནས་་ཕག་ཚང་ནང་དུ་གཡུག་བཞག་ན་གཉིད་ཁུག་འགྲོ་གི་རེད། དམར་པོའི་ལྟ་གྲུབ་པ་རེད་འདྲ་ལབ། ཨ་མདོའི་གཞོན་སྐྱེས་རེད་འདྲ་ལབ། ཆོས་མེད་སྨྲ་བ་རེད་འདྲ་ལབ་ནས་སྐྱོན་འདོགས་བྱས་ན་བོད་ལ་འགྱུར་བ་བཟང་པོ་ཞིག་ཡོང་རྒྱུ་ཐག་གི་ཆོད་ཚར་བ་རེད་ཡ།་་ཧཧ
ཁྲི་རལ་པ་ཅན་གྱིས་ལེགས་པར་བྲིས་ཤིང་། ཁ་བརྡ་རུ་བཀོད་པའི་རྩོམ་ཡིག་རྣམ་དཔྱོད་དམན་པ་དག་ལས་བལྟོས་ཏེ། གོ་རྟོགས་ཆེ་བར་མཆིས། ཁོ་བོ་བོད་མི་རྣམས་གཅིག་འགྱུར་འབྱུང་བར་སྔར་གྱི་མཁས་པ་རྣམས་ལྟ་ཅི། ཉེ་དུས་ཀྱི་ཨ་མདོ་པ་མཁས་པ་དགེ་འདུན་ཆོས་འཕེལ་གྱིས་ལམ་བསྟན་བཞིན་དུ། རང་རེའི་༧རྣམ་འདྲེན་ཆེན་པོ། ༧གོང་ས་རྒྱལ་བ་རིན་པོ་ཆེའི་སྲིད་ཞུ་སྒྲུབ་པར་བརྩོན།
རྩོམ་ཡིག་འདིར་ཁ་སྐད་ཀྱི་རྐུན་མ་ཤོར་བའི་མིང་ཚིག་མང་དུ་མཆིས་ཏེ། རྣམ་རྒྱུན་ལ་ནམ་རྒྱུན། ངེས་ཅན་ཞིག་ཅེས་པར་ངེས་ཅན་ཅིག དཀའ་ངལ་ཞིག་ལ་དཀའ་ངལ་ཅིག ཅེས་པ་བོད་ཀྱི་བརྡ་སྤྲོད་ལ་འགལ་བའི་ཡི་གེ་དང་། དངོས་མ་ཞིག་ལ་ངོ་མ་ཅིག དཀའ་བོ་རེད་ཅེས་པར་ཁག་པོ་རེད། བཟོ་བར་མ་ཟད་ཅེས་པར་བཟོ་བ་མ་ཟད། ཅེས་འབྲི་བ་སོགས་དེ་འདྲ་བྱེད་མཁན་ཀུན་བོད་ཀྱི་མཁས་པའི་དག་ཆ་ལས་རྒྱང་རིང་དུ་འགྲོ་བར་མཐོང་ངོ་།
ཧི་ཧི་ཧི། རང་གིས་རང་ལ་རྟོག་སད་པ་ཟེར་ན་སེམས་པ་སྐྱིད་ལེ་རེད།
བརྡ་སྤྲོད་ལ་འགལ་བ། ཞེས་པ། བརྡ་སྤྲོད་དང་འགལ་བ། ཞེས་ཞུས་དག་བྱས་སོ།
དཀའ་བོ་རེད་ཅེས་པར་ཁག་པོ་རེད། འདི་ལ་སླར་ཞུས་དག་དགོས་པར་མཐོང་སྟེ། དཀའ་པོ་རེད་ཅེས་པར་ཁག་པོ་རེད། ཅེས་བཅོས་སོ།
ལ་དྭགས་བློ་བཟང་ལགས་ཀྱིས་གསུང་བར་རྒྱབ་སྐྱོར་གཙང་མ་ཡོད་མོད།འོན་ཀྱང་།མིང་མཐར་ཅིག་ཞིག་ཤིག་སོགས་སྦྱར་སྟངས་སྐོར་ལ།མང་ཆེ་བར་ཅིག་བྱས་ན་བརྗོད་དང་སྟབས་བདེ་བོ་འདྲ་བོར་མཐོང་སོང་།
བརྡ་སྤྲོད་ལས་འགལ་བ། ཞེས་རྣམ་དབྱེ་ལྔ་པ་སྦྱར་ན་ཡང་མི་མཐུས་པ་ཨེ་ཡོད།
དཀའ་བོ་རེད། ཞེས་ཨམ་སྐད་དེ། དཀའ་མོ་རེད་ཞེས་ཁམས་སྐད་ཀྱི་བརྗོད་བདེར་དྲངས་ན་བདེ་མོ་ཅི་ཟིག་རེད། ཧ་ཧ།
དཀའ་མོ་རེད་དཀའ་བོ་རེད། སླ་མོ་རེད་སླའོ་རེད་དོན་གཅིག་གོ། ཚིག་གི་འགལ་འབྲེལ་བརྩིས་ན་དོན་གྱི་སྙིང
པོ་སྟོར་རོགས་རེད། མ་གཞི་ནས་བོད་ཀྱི་བརྡ་དག་དེ་དག་ཡིག་ཐོག་ཏུ་བཙན་གྱིས་འབྲི་རྒྱུ་ཞིག་ལས་ཁ་སྐད་དུ་བསྐོལ་རྒྱུ་ཞིག་མ་རེད། འོན་ཀྱང་ཐུན་མི་དྲིན་པོས་རྒྱ་གར་ནས་རིག་པ་སྦྱངས་ནས་ཧིན་དྷུའི་ལུགས་སྲོལ་དེ་བོད་ལ་སྦྱར་དུས་བདེ
མོ་ཞིག་བཟོ་མ་ཐུབ་པ་འདྲ། དབྱིན་སྐད་ལྟ་བུར་འབྲི་རྒྱུ་དང་ཤོད་རྒྱུ་གཉིས་ཀར་གཅིག་མཚུངས་སུ་འགྲོ་བཞིན་ཡོད་འདུག
ཅིག་བྱས་ན། གཅིག་ན། ཞེས་པ་དང་དོན་འདྲའོ་སྙམ། དེས་ན། གཅིག་བྱས་ན། ཞེས་སྔོན་འཇུག་དགོས་པར་སེམས། ངའི་ཁ་སྐད་དུ། གཅིག་ཆ་ན། ཞེས་པ་དེ་བོད་ཡིག་སྐད་དང་མཐུན་པར་མངོན། ལེགས་སྦྱར་སྐད་དུ། ཡ་དི་ ཨེཀ་དཱ། ཞེས་པ་དང་མཚུངས་ཤིང་། མིང་ཚིག་གམ་བྱ་ཚིག་གི་རྗེས། ན་ལ་གལ་ཏེ། ཞེས་གོ་དགོས་སྙམ། ཞེས་སོ།
ཁྲི་རལ་པས་ཧོང་ཀང་གི་མང་གཙོའི་ལས་འགུལ་དེར་རྒྱལ་ཁ་མི་ཐོབ་མདོག་མདོག་ལབ་འདུག།དེ་འདྲ་ཨེ་ཡིན་ན།ངས་བལྟས་ན་ད་རེས་རྒྱ་དམར་གཞུང་གིས་འགྱུར་བ་ཅིག་མ་བཏང་ན།ཧོང་ཀང་མི་མང་དེ་ག་ཟིག་བསྡད་ས་མ་རེད་བསམ།