ནམ་མཁའ།
ཁ་སང་དེ་རིང་འཛམ་གླིང་སྟེང་གསར་འགྱུར་ཆེན་པོ་ཞིག་བྱུང་ཡོད། དེ་ནི་རྒྱ་ནག་གི་མི་རྒྱུ་གཉིས་ལ་ཉམས་རྒུད་དུ་སོང་བའི་གནས་ཚུལ་རེད། རྒྱ་ནག་གི་མི་རྒྱུ་གཉིས་ལ་ཉམས་རྒུད་དུ་ཕྱིན་པའི་རྒྱུ་མཚན་ཅི་ཡིན་ནམ། དྲི་བ་འདི་ནི་འཛམ་གླིང་གི་ཆབ་སྲིད་དཔྱད་བརྗོད་པ་ཚོས་གླེང་ཕྱོགས་མི་འདྲ་བ་གཉིས་བྱུང་ཞིང་། དེ་ཡང་ཐོག་མར་རྒྱ་ནག་གི་མི་འབོར་ཉུང་རུ་ཕྱིན་པའི་སྐོར་ལ། འཛམ་གླིང་གི་ཆབ་སྲིད་དཔྱད་བརྗོད་ཁ་ཤས་ཀྱིས་བཤད་ཚུལ་ལྟར་ན། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་བཅུ་ནས་བཟུང་༢༠༡༥བར་དུ། རྒྱ་ནག་སྲིད་གཞུང་གིས་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། ལོ་ངོ་བཞི་བཅུ་ཕྱིན་པའི་རྗེས་སུ་རྒྱ་ནག་གི་མི་འབོར་འཕེལ་རྒྱས་ལ་གནོད་པ་ཆེན་པོ་བྱུང་བ་རེད་ཟེར།
ཡང་འཛམ་གླིང་གི་ཆབ་སྲིད་དཔྱད་བརྗོད་པ་ཁ་ཤས་ཀྱིས་བཤད་ཚུལ་ལྟར་ན། འཛམ་གླིང་གི་དཔལ་འབྱོར་གྱི་འཕེལ་རྒྱས་ཕྱིན་པའི་རྒྱལ་ཁབ་ཚང་མས་ནང་དུ། དཔལ་འབྱོར་གྱི་གནས་ཚུལ་མཐོ་རུ་ཕྱིན་པའི་སྐབས་སུ་འཚོ་བའི་གནས་རིམ་གྱི་ཚད་ཡང་མཐོ་རུ་ཕྱིན་ཡོད་པས། གལ་སྲིད་ཁྱིམ་ཚང་གཅིག་ལ་བུ་ཕྲུག་མང་པོ་ཡོད་ཚེ། འཚོ་བའི་གནས་རིམ་གྱི་ཚད་ནས་བུ་ཕྲུག་གི་སློབ་གྲྭ་སོགས་ཕྱོགས་གང་ཐད་ནས་འགྲོ་སོང་ཆེན་པོ་ཡོད་པས། བུ་ཕྲུག་མང་པོ་སྐྱེས་པ་ལ་རང་བཞིན་གྱིས་ཚད་བཀག་ཏུ་གྱུར་བ་རེད་ཟེར།
གང་ལྟར་ཡང་། ༢༠༡༥ལོར་རྒྱ་ནག་སྲིད་གཞུང་གིས་འཆར་ལྡན་བུ་སྐྱེས་ཀྱི་ཁྲིམས་ལ་འགྱུར་བ་བཏང་སྟེ། ཁྱིམ་ཚང་གཅིག་ལ་བུ་ཕྲུག་གསུམ་རེ་སྐྱེས་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད། རྒྱུ་མཚན་འདི་ལ་བལྟས་ནས་བཤད་ན། ལོ་ཤས་གོང་ནས་རྒྱ་ནག་གི་མི་འབོར་ཉུང་རུ་ཕྱིན་པ་ར་སྤྲོད་བྱེད་ཐུབ་ཀྱི་འདུག ཡིན་ན་ཡང་། ཁ་སང་དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་མི་འབོར་ཞིབ་བཤེར་ཚོགས་པས་ཚོད་དཔག་བྱས་བའི་༢༠༣༥ལོར་རྒྱ་ནག་གི་མི་འབོར་མར་ལྷུང་གི་རེད་ཟེར་བ་འདི་ཡང་ལོ་བཅུའི་རྗེས་ལུས་ཐེབས་པ་ལྟ་བུ་ཞིག་རེད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ཏུ་༢༠༢༡དང་༢༠༢༢བར་གྱི་བུ་ཕྲུག་སྐྱེས་བའི་གྲངས་འབོར་དང་རྒྱ་ནག་ཏུ་ཤི་བའི་གྲངས་འབོར་ཞིབ་བསྡུར་བྱས་ཏེ། ༢༠༢༡དང་༢༠༢༢བར་སྐྱེས་ཚད༦་༣༥དང་ཤི་ཚད་༧་༥༢བར་ཁྱད་པར་ཆེན་པོ་ཤོར་སྟབས་བཤད་པ་ཞིག་རེད་སྙམ།
གང་ལྟར་ཡང་། རྒྱ་ནག་སྲིད་གཞུང་གིས་༢༠༢༢ལོའི་མི་འབོར་ཁྱབ་བསྒྲགས་བྱས་པ་ལས་༢༠༢༡ལོ་དང་བསྡུར་ན་༢༠༢༢ལོར་རྒྱ་ནག་གི་མི་གྲངས་འབུམ་བརྒྱད་དང་ཁྲི་ལྔ་ལྷག་ཉུང་རུ་ཕྱིན་ཚུལ་བཤད། རྒྱ་ནག་གི་མི་འབོར་ཉུང་རུ་ཕྱིན་པའི་ཚད་འདི་ནི་ཆེས་མཐོ་ཤས་ཤིག་རེད་ཟེར་མོད། འོན་ཀྱང་རྒྱ་ནག་སྲིད་གཞུང་གིས་བཤད་པའི་མི་འབོར་ཉུང་རུ་ཕྱིན་པའི་གྲངས་ཀའི་སྐོར་ལ་ཕྱི་སྡོད་རྒྱ་རིགས་མང་པོས་ཡིད་ཆེས་བྱེད་ཀྱི་མེད། ཕྱི་སྡོད་རྒྱ་རིགས་ཚོས་བཤད་ཚུལ་ལྟར་ན། རྒྱ་ནག་མི་གྲངས་དུང་ཕྱུར༡༤ནང་ནས་མི་གྲངས་འབུམ་བརྒྱད་དང་ཁྲི་ལྔ་ལྷག་ཉུང་རུ་ཕྱིན་པ་ནི་འཛམ་གླིང་སྟེང་ཧང་སངས་དགོས་པ་ཞིག་མ་རེད། གྲངས་ཀ་འདི་ནི་ཕལ་ཆེར་༢༠༢༠ལོར་ཝུའུ་ཧན་ནས་ཏོག་ནད་ཐོག་མར་བྱུང་དུས་ཀྱི་ཤི་གྲངས་ལྟ་བུ་ཞིག་ཡིན་སྲིད་ཟེར། ༢༠༢༠ལོའི་ཕྱི་ཟླ༣དང་༤ཡས་མས་ཙམ་ལ་རྒྱ་ནག་སྲིད་གཞུང་གིས་རྒྱ་ནག་ཏུ་མི་གྲངས་༤༠༠༠མ་གཏོགས་ཤི་མེད་ཚུལ་བཤད་པས། སྐབས་དེར་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ནས་ཝུའུ་ཧན་སྨན་ཁང་ཞིག་གི་སྨན་པ་ལ་སྐད་ཆ་དྲིས་བའི་སྐབས། སྨན་པ་དེས་བཤད་ཚུལ་ལ། ༤༠༠༠+ད་རུང་ཀླད་གོར་གཉིས་བསྣན་ན་ད་གཟོད་གྲངས་ཀ་འགྲིག་གི་རེད་ཟེར་བའི་སྐད་ཆ་དེ་ངའི་ཡིད་ངོགས་སུ་དེ་རིང་ད་དུང་ཡང་གསལ་བོ་འདུག
འདིར་འཛམ་གླིང་གི་མི་དམངས་ཚོས་ཤེས་དགོས་བའི་གནད་དོན་ཞིག་ལ། རྒྱ་ནག་དམར་ཤོག་ཚོགས་པ་ལ་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་ཡོད་པ་ནི། རྒྱ་ནག་ལ་གྱོང་གུད་ཕོགས་པའི་གནད་དོན་མི་ཤི་གྲངས་ལྟ་བུ་བྱུང་ཚེ། མི་ཤི་གྲངས་དངོས་གསང་བ་བྱས་ཏེ་གྲངས་ཀ་ལྡབ་མང་པོས་ཉུང་ཙམ་བཤད་ལ། གལ་སྲིད་དངུལ་སོགས་འཕེལ་རྒྱས་ཅུང་ཙམ་བྱུང་ཚེ། ལྡབ་འགའི་གྲངས་ཀ་ཡར་འཕར་ནས་བཤད་ཀྱི་ཡོད། དཔེར་ན། རྒྱ་ནག་ལ་གོད་ཆགས་འོག་ནས་མི་ཤི་གྲངས་ཀ་༡༠༠བྱུང་ཚེ། མི་༡༠ཙམ་མ་གཏོགས་ཤི་མེད་ཚུལ་བཤད་ཀྱི་ཡོད། གལ་སྲིད་དཔལ་འབྱོར་གྱི་སྐོར་ནས་བཤད་ན་ཡང་། དཔལ་འབྱོར་དངུལ་སྒོར་ཁྲི་གཅིག་གི་ཁེ་ཕན་བྱུང་ཡོད་ཚེ། ཁྲི་༡༠ནས་༡༥བར་བྱུང་ཡོད་ཚུལ་བཤད་ཀྱི་ཡོད་པས། དེང་སང་བོད་ནང་གི་མི་དམངས་ཚོ་ཡང་ན་ཚ་འདི་འགོས་ཁྱབ་བྱུང་སྟེ། ལོ་གཅིག་གི་ཚོང་ལས་ལ་ཡོང་སྒོ་ཁྲི་གཅིག་ལྷག་ཡོད་ཚེ། ཁྲི་ལྔ་ནས་ཁྲི་བཅུ་བར་ཡོང་སྒོ་བྱུང་ཚུལ་བཤད་ཀྱི་ཡོད་པ་རེད།
རྒྱ་ནག་གི་མི་འབོར་ཉུང་རུ་ཕྱིན་པའི་སྐོར་ལ་ང་རང་ཉིད་ཀྱིས་བསམ་ཚུལ་ཐུང་ངུ་ཞིག་བཤད་འདོད་བྱུང་། གོང་དུ་བཤད་པའི་བསམ་ཚུལ་མི་འདྲ་བ་གཉིས་ཀ་ལ་གནས་ལུགས་རྒྱུ་མཚན་ལྡན་པར་སྙམ། རྒྱ་ནག་གི་མི་འབོར་ཉུང་རུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ནི་འཆར་ལྡན་བུ་སྐྱེས་ཀྱི་ཁྲིམས་ལ་ཐུག་ཡོད་མོད། འོན་ཀྱང་འཆར་ལྡན་བུ་སྐྱེས་ཀྱི་ཁྲིམས་ལུགས་ལག་བསྟར་༡༩༨༠ནས་མགོ་འཛུག་པའི་སྐབས། རྒྱ་ནག་མི་དམངས་ཀྱི་འཚོ་བའི་གནས་རིམ་གྱི་ཚད་ཤིན་ཏུ་དམའ་བོ་རེད། སྐབས་དེར་རྒྱ་ནག་གི་ཁྱིམ་ཚང་གཅིག་ལ་བུ་ཕྲུག་གཉིས་ནས་གསུམ་བརྒལ་བའི་ཁྱིམ་ཚང་གི་བུ་མོ་མང་པོར་གུང་ཁྲན་ཏང་གིས་བཙན་དབང་གིས་གཤེགས་བཅོས་བྱས་ཏེ་བུ་ཕྲུག་སྐྱེས་རྒྱུ་མེད་པར་གཏོང་གི་ཡོད་པ་མ་ཟད། དངུལ་སྒོར་གྱིས་ཀྱང་ཉེས་ཆད་གཅོད་ཀྱི་ཡོད་པ་རེད། ངའི་ཡིད་ལ་གསལ་བོར་དྲན་པ་ཞིག་ལ། ཨ་མདོ་རེབ་གོང་གི་རྩེ་ཁོག་སོགས་འབྲོག་ཕྱོགས་ཀྱི་ས་ཁུལ་ཁ་ཤས་ཤིག་ཏུ་སྐབས་དེར། འཆར་ལྡན་བུ་སྐྱེས་ཀྱི་ཚད་གཞི་དང་བརྒལ་བའི་བུ་མོ་ལོ་ཆུང་འགའ་གཤེགས་བཅོས་བྱས་ཏེ། སྟབས་མ་ལེགས་པར་ཚེ་སྲོག་ཤོར་བའི་གནས་ཚུལ་བྱུང་སྟབས། ༡༩༨༧ལོར༼ལྷ་ས་ནས་འབྲུག་གྲགས་ན་རེབ་གོང་ནས་ཆར་བ་གཏོང་༽ཟེར་བའི་ཞི་རྒོལ་སྐབས་ཀྱི་འབོད་ཚིག་གཅིག་ནི་གྲངས་ཉུང་མི་རིགས་ལ་འཆར་ལྡན་བུ་སྐྱེས་ཀྱི་ཁྲིམས་ལུགས་མི་དགོས་ཟེར་བ་དེ་ཡིན། དེར་རྟེན་ འཆར་ལྡན་བུ་སྐྱེས་ཀྱི་ཁྲིམས་ལུགས་ལག་བསྟར་གྱིས་རྒྱ་ནག་གི་མི་འབོར་འཕེལ་རྒྱས་ལ་གནོད་སྐྱོན་ཆེན་པོ་བྱུང་བ་ནི་སྨྲས་མེད་ཅིག་ཡིན། ཆབ་སྲིད་དཔྱད་བརྗོད་པ་ཚོས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་བྱུང་སྟེ། རྒྱ་ནག་མི་དམངས་ཀྱི་འཚོ་བའི་གནས་རིམ་གྱི་ཚད་ཡང་མཐོ་རུ་ཕྱིན་དུས། བུ་ཕྲུག་མང་པོ་སྐྱེས་ཚེ་སློབ་གྲུ་དང་འཚོ་བའི་འགྲོ་སོང་ཕྱོགས་གང་ཐད་ནས་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། སོ་སོའི་རང་འགུལ་གྱིས་བུ་ཕྲུག་སྐྱེས་པ་ལ་ཚད་བཀག་བྱས་ཡོད།
རྒྱུ་མཚན་ནི། དཔལ་འབྱོར་རྒྱས་བའི་ནུབ་ཕྱོགས་རྒྱལ་ཁབ་མང་པོའི་ནང་དུ། བུ་ཕྲུག་སྐྱེས་བ་ལ་རང་འགུལ་གྱིས་ཚོད་བཞིན་བྱེད་ཀྱི་ཡོད་པ་མིག་མཐོང་ལག་ཟིན་རེད། ཡོ་རུབ་རྒྱལ་ཁབ་མང་པོའི་ནང་དུ་བུ་ཕྲུག་སྐྱེས་ཚེ་སྲིད་གཞུང་གིས་རོགས་དངུལ་བྱེད་ཀྱི་ཡོད་མོད། འོན་ཀྱང་མི་རིགས་དཀར་པོའི་ཁྱིམ་ཚང་ཕལ་ཆེ་བས་བུ་ཕྲུག་གཅིག་གཉིས་ལས་སྐྱེས་རུ་འཇུག་གི་མེད། ཡིན་ན་ཡང་། མི་རིགས་གཞན་གྱི་སྐྱབས་བཅོལ་པ་ཚོས་ཁྲིམས་ཐོག་ནས་སྐྱེས་དམན་གཅིག་མ་གཏོགས་མེད་ཀྱང་། ཁོ་རང་ཚོའི་མི་རིགས་གཅིག་པ་དགའ་རོགས་ཀྱི་མིང་ཐོག་ནས་བུ་ཕྲུག་མང་པོ་སྐྱེས་ཀྱི་ཡོད། གང་ལྟར་ཡང་། རྒྱ་ནག་གི་མི་འབོར་ཉུང་རུ་ཕྱིན་པ་ལ་གོང་གི་རྒྱུ་རྐྱེན་འཆར་ལྡན་བུ་སྐྱེས་དང་དཔལ་འབྱོར་འཕེལ་རྒྱས་ཕྱིན་ཏེ། མི་དམངས་ཀྱི་འཚོ་བའི་གནས་རིམ་ཚད་མཐོ་རུ་ཕྱིན་པ་གཉིས་ཀ་ལ་རེག་ལས་ཡོད་པ་རེད་སྙམ།
གཉིས་པ། རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་པའི་རྒྱུ་རྐྱེན་ཅི་ཡིན་ནམ།
རྒྱ་ནག་གི་ནུབ་ཕྱོགས་སྒོ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་བྱས་བའི་སྐབས། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཕྱུག་བདག་མང་པོས་རྒྱ་ནག་ཏུ་ཚོང་ལས་ཀྱི་མ་རྩ་འཛུགས་པར་འགྲན་རྩོད་ལྟ་བུ་གྱུར་བའི་དུས། རྒྱ་ནག་གིས་ཀྱང་གོ་སྐབས་དེ་བཟུང་ནས་གལ་སྲིད་ནུབ་ཕྱོགས་པ་ཚོས་རྒྱ་ནག་ཏུ་ཚོང་རྒྱག་དགོས་ན། རྒྱ་ནག་ཏུ་བཟོ་གྲྭ་འཛུགས་དགོས་པ་མ་ཟད། ནུབ་ཕྱོགས་ལུང་པའི་འཕྲུལ་རིགས་ལག་ཤེས་ཀྱང་རྒྱ་ནག་ཏུ་བཙུགས་པའི་བཟོ་གྲྭ་ནང་གི་བཟོ་ལས་པ་ཚོར་བསླབས་དགོས་བའི་གྲོས་འཆར་བཏོན་སྟེ། རྒྱ་ནག་གི་བཟོ་ལས་པ་ཚོར་འཕྲུལ་ཆས་ལག་ཤེས་བསླབས་ཡོད། དེ་ལྟ་ན་ཡང་། རིམ་གྱིས་རྒྱ་ནག་གི་བཟོ་ལས་པ་ཚོས་འཕྲུལ་རིགས་བཟོ་ལས་ཀྱི་ལག་ཤེས་སོགས་རང་མགོ་ཐོན་དུས། རྒྱ་ནག་གི་ཚོང་པ་ཁོ་རང་ཚོས་བཟོ་གྲྭ་བཙུགས་ཏེ། ནུབ་ཕྱོགས་ལུང་པའི་བཟོ་གྲྭ་རྣམས་ག་ལེར་ཕྱི་ལོགས་སུ་འགྲོ་དགོས་བྱུང་བ་མ་ཟད། རྒྱ་ནག་ཏུ་བཙུགས་པའི་ནུབ་ཕྱོགས་ལུང་པའི་ཚོང་པ་ཚོར་ཆ་རྐྱེན་མི་འདྲ་བ་རེ་བཏོན་ཡོད། དེ་ནི་གལ་སྲིད་ཁྱེད་རང་གིས་རྒྱ་ནག་ཏུ་ཚོང་ལས་བྱེད་འདོད་ན། ཐོག་མར་བོད་དང་ཐེ་ཝན་ཡུ་གུར་ནང་སོག་སོགས་གནའ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ཁས་ལེན་བྱེད་དགོས་བའི་ཆ་རྐྱེན་འདི་བཏོན་ཡོད། ནུབ་ཕྱོགས་ཀྱི་ཚོང་པ་ཚོར་དངུལ་གྱི་ཁེ་ཕན་རེག་ན། མི་རིགས་གཞན་ཞིག་གི་ཐོབ་ཐང་ལ་བསམ་གཞིགས་མི་བྱེད་པར། རྒྱ་ནག་སྲིད་གཞུང་གིས་ཆ་རྐྱེན་གང་བཏོན་པ་རྣམས་ཁས་ལེན་བྱས་ཡོད།
སྟབས་ལེགས་དང་མ་ལེགས་གང་ཞིག་བཤད་དགོས་མིན་མི་ཤེས་ཀྱང་། རྒྱ་ནག་གིས་བཟོས་བའི་ཅ་ལག་རྣམས་ནུབ་ཕྱོགས་སུ་བཙོང་སྟེ། རྒྱ་ནག་གི་དཔལ་འབྱོར་འཛམ་གླིང་གི་སྟོབས་ཆེ་ཤོས་ཨང་གཉིས་པ་གྱུར་དུས། རྒྱ་ནག་གི་དམར་པོའི་སྲིད་གཞུང་གི་དམིགས་ཡུལ་དངོས་དེ་ཕྱི་ལོགས་སུ་བཏོན་སྟེ། འཛམ་གླིང་ལ་དབང་བསྒྱུར་བྱེད་འདོད་པའི་རྣམ་པ་གསལ་བོ་ཆགས་དུས། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཚོ་ཡང་གཉིད་སད་དེ་ཚོང་ལས་ཀྱི་ལམ་ཁ་དེ་རྣམ་པ་གསར་པ་ཞིག་ཏུ་བསྒྱུར་མགོ་བརྩམས་ཏེ། ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་གི་ཚོང་རྫས་རྣམས་སོ་སོའི་ལུང་པའི་ནང་ཡོང་བ་ལ་སྒོ་ཁྲལ་འཕར་སྟེ། རྒྱ་ནག་གི་ཚོང་རྫས་རྣམས་ཕྱི་ལོགས་སུ་བཙོང་བར་བཀག་རྒྱ་བྱས་ཡོད། འདིར་ཚང་མས་ཤེས་དགོས་པ་ཞིག་ལ། རྒྱ་ནག་གི་དཔལ་འབྱོར་ཉམས་མགོ༢༠༡༦ལོར་ནས་བརྩམས་ཡོད།
གང་ལྟར་ཡང་། འཛམ་གླིང་གི་རྒྱལ་ཁབ་གང་ཡིན་ཡང་དཔལ་འབྱོར་གྱི་ཐོན་ཁུངས་གཉིས་ལས་མེད། གཅིག་ནི་སོ་སོའི་ལུང་པའི་ནང་རང་བྱུང་ཐོན་ཁུངས་རྡོ་སྣུམ་ལྟ་བུའི་གཏེར་ཁའི་རིགས་མང་པོ་ཡོད་ཚེ། གཏེར་ཁ་རིགས་ཕྱིའི་རྒྱལ་ཁབ་ལ་བཙོང་སྟེ་དཔལ་འབྱོར་བཟོ་གི་ཡོད། གཉིས་པ་ནི། སོ་སོའི་ལུང་པ་ནས་ཅ་ལག་འདྲ་མིན་བཟོས་ཏེ་རྒྱལ་ཁབ་གཞན་བཙོང་སྟེ་དཔལ་འབྱོར་ཡར་རྒྱས་གཏོང་པ་འདི་གཉིས་ལས་ཐབས་གཞན་ཅི་ཡང་མེད། དེས་རྐྱེན་རྒྱ་ནག་ལ་རང་བྱུང་ཐོན་ཁུངས་མེད་སྟབས། སོ་སོའི་ལུང་པ་ནས་བཟོས་བའི་ཅ་ལག་རྣམས་ཕྱིའི་རྒྱལ་ཁབ་ལ་བཙོང་ཡ་ཐབས་གཞན་ཅི་ཡང་མེད། དེང་སང་ནུབ་ཕྱོགས་ལུང་པའི་བཟོ་གྲྭ་ཕལ་ཆེར་རྒྱ་གར་དང་ཝེ་ཐི་ནམ་ལ་གནས་སྤོར་བྱེད་བཞིན་ཡོད་སྟབས། རྒྱ་ནག་གི་མི་དམངས་མང་པོར་ལས་མེད་དུ་འགྱུར་བཞིན་ཡོད་། འཛམ་གླིང་གི་རྒྱལ་ཁབ་གང་ཡིན་ཡང་སོ་སོའི་ལུང་པ་རུ་ལས་མེད་ཀྱི་མི་གྲངས་ཅི་ཙམ་མང་ན་དེའི་ཚོད་ཀྱིས་ལུང་པ་དེའི་དཔལ་འབྱིར་མར་ལྷུང་གི་ཡོད་པ་ང་ཚོས་ཤེས་གསལ་རེད། ལྷག་པར་དུ་རྒྱ་ནག་མི་དམངས་ལ་འཚོ་བའི་དཀའ་སྡུག་འཕྲད་དུས། རྗེས་ནས་མི་དམངས་གཉིད་སད་དེ་སྲིད་གཞུང་ལ་ངོ་རྒོལ་བྱེད་པ་ལས། སོ་སོའི་ལྟོ་གོས་ལ་གྱོང་རྒུད་མ་རེག་ན་ཁ་བཙུམ་ནས་བསྡད་མཁན་གྱི་མི་རིགས་ཤིག་ཡིན་སྟབས། རྗེས་ནས་རྒྱ་ནག་མི་དམངས་ཚོས་རྒྱ་ནག་གི་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་གྱི་རྣམ་པ་ཕྱོགས་གང་ས་ནས་ཡོང་ངེས་རེད་སྙམ།
20/12/2022ལ་ཡོ་རུབ་ནས་བྲིས། འདིར་གསལ་བཤད་ཅིག་ལ། བར་མཚམས་ཤིག་ནས་དེ་རིང་བར་དུ་རྐྱེན་འདྲ་མིན་གྱི་དབང་གིས་དྲ་ལམ་དུ་བཀོད་ཐུབ་མ་སོང་།