མཚམས་སྦྱོར་བ། ནམ་མཁའ་འཇིགས་མེད།
༼གསལ་བཤད། དུས་བབ་དང་བང་ཆེན་སོགས་སུ་བསྒྱུར་བ་དང་ཀྲུང་གོ་བོད་ཀྱི་དྲ་བའི་སྟེང་གི་གཏམ་བཤད་གཉིས་ལ་ཅུང་ཟད་ཁྱད་པར་འདུག་པས་འདྲེན་བཀོད་བྱས་པ་ཡིན།༽
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བརྒྱད་པའི་ཚེས་ཉེར་བཞི་དང་ཚེས་ཉེར་ལྔ་ཉིན་གཉིས་ལ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕེན་གྱིས་ཏིན་ཞོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་པ་དང་། ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་བྱེད་དགོས་ལ། ཏང་གི་བོད་ལྗོངས་བཅོས་སྐྱོང་ཐབས་ཇུས་རྒྱུན་འཁྱོངས་བྱས་ཏེ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱུ་དེ་བྱ་བའི་གནད་ཆེ་སར་འཇོགས་པ་དང་། བློ་བརྟན་འགྱུར་མེད་སྒོས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་དགོས་ལ། བློ་བརྟན་འགྱུར་མེད་སྒོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་སྒོས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་དགོས་ལ། བློ་བརྟན་འགྱུར་མེད་སྒོས་མི་རིགས་སོ་སོས་འབྲེལ་འདྲིས་དང་བརྗེ་རེས་མཉམ་བསྲེས་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་བདེ་འཇགས་དང་ཡུན་སྐྱོང་བདེ་འགོད་འགན་སྲུང་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱེད་དགོས་ལ། རིགས་སོ་སོའི་མི་དམངས་ཀྱི་དངོས་པོའི་རིག་གནས་འཚོ་བའི་ཆུ་ཚད་སྔར་ལས་འཕེལ་རྒྱས་སུ་འགྲོ་བ་འགན་སྲུང་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་བཟང་བ་འགན་སྲུང་བྱེད་དགོས་པ་བཅས་ནན་གྱིས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་བོད་ལྗོངས་དང་ཞིང་ཆེན་བཞི་ཡི་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གསུང་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚོགས་འདུ་གྲོལ་སྐབས་གསུང་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཀྲང་ཏི་ཅང་དང་ལིག་ཡོན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་དང་ལྷག་པར་དུ་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བའི་རྗེས་ཀྱི་བོད་ལྗོངས་བྱ་བར་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས་པ་དང་། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་བོད་ལྗོངས་བྱ་བའི་མཛུབ་སྟོན་བསམ་བློ་དང་དམིགས་འབེན་དང་རེ་བ། བྱེད་ཐབས་གལ་ཆེན་བཅས་གཏན་འཁེལ་བྱས་ཏེ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་སྐྱོང་བདེ་འགོད་བྱ་བར་སྔར་ལས་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས། ཚོགས་ཐོག་ནས་ད་དུང་སི་ཁྲོན་དང་ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞི་ཡི་བོད་ཁུལ་གྱི་འཕེལ་རྒྱས་དང་བརྟན་འཇགས་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་དང་ལྷག་པར་དུ་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བའི་རྗེས་ཀྱི་བོད་ལྗོངས་བྱ་བར་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས་པ་དང་། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་བོད་ལྗོངས་བྱ་བའི་མཛུབ་སྟོན་བསམ་བློ་དང་དམིགས་འབེན་དང་རེ་བ། བྱེད་ཐབས་གལ་ཆེན་བཅས་གཏན་འཁེལ་བྱས་ཏེ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་སྐྱོང་བདེ་འགོད་བྱ་བར་སྔར་ལས་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས། ཚོགས་ཐོག་ནས་ད་དུང་སི་ཁྲོན་དང་ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞི་ཡི་བོད་ཁུལ་གྱི་འཕེལ་རྒྱས་དང་བརྟན་འཇགས་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།
ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཁྲིམས་ལྟར་བོད་ལྗོངས་བཅོས་སྐྱོང་བྱེད་པ་དང་། མི་དམངས་ཕྱུག་པོ་དང་བོད་ལྗོངས་དར་རྒྱས་སུ་གཏོང་བ། ཡུན་རིང་བོར་བོད་ལྗོངས་འཛུགས་སྐྲུན་བྱེད་པ་དང་། མི་སེམས་གཅིག་ཏུ་བསྡུས་ནས་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་ནི། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཏང་ཀྲུང་དབྱང་གིས་བཏོན་པའི་བོད་ལྗོངས་བྱ་བའི་རྩ་དོན་གལ་ཆེན་ཞིག་རེད། ཁྲིམས་ལྟར་བོད་ལྗོངས་བཅོས་སྐྱོང་བྱེད་པ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་ཟིལ་སྲུང་སྐྱོང་བྱས་ནས། བཅའ་ཁྲིམས་ཀྱི་མདུན་ནས་མི་རེ་རེ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཕྱུག་པོ་དང་བོད་ལྗོངས་དར་རྒྱས་སུ་གཏོང་བ་དེ་ནི། རིགས་སོ་སོའི་མང་ཚོགས་ལ་བདེ་སྐྱིད་སྐྲུན་པར་སྐུལ་འདེད་གཏོང་བའི་བྱ་བ་དེ་བོད་ལྗོངས་དར་རྒྱས་སུ་གཏོང་བའི་མགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ནས། མི་རིགས་མཐུན་སྒྲིལ་དང་དམངས་ཚིས་ཇེ་ལེགས་སུ་གཏོང་བར་དམ་པོར་དམིགས་ནས་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་གོང་འཕེལ་དུ་གཏོང་བར་ཡར་སྐུལ། རིགས་སོ་སོའི་མང་ཚོགས་ཀྱིས་མཉམ་དུ་སྔར་ལས་བཟང་བོའི་སྒོ་ནས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པར་བྱེད་དགོས།
བོད་ལྗོངས་ཡུན་རིང་བོར་འཛུགས་སྐྲུན་བྱེད་པ་ནི། བརྟན་འཇགས་ཁྲོད་ནས་བརྩོན་ལེན་བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པར་ཡིད་འཇོག་བྱས་ནས། བྱ་བ་ཡོད་ཚད་ཡུན་རིང་འཆར་འགོད་བྱེད་པ་དང་། བྱེད་ཐབས་ཡོད་ཚད་དུས་ཡུན་རིང་བོར་རྒྱུན་མཐུད་ཡོབ་པར་བྱེད་དགོས་པ་དེ་རེད། མི་སེམས་གཅིག་ཏུ་སྒྲིལ་བ་ནི། དངོས་པོའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་ཟུང་དུ་སྦྲེལ་ནས། མི་སེམས་དང་སྟོབས་ཤུགས“བརྒྱ་ལོ་གཉིས་ཀྱི”འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བྱ་བའི་སྟེང་དུ་གཅིག་ཏུ་བསྡུ་རྒྱུ་དེ་རེད། རྨང་གཞི་ཇེ་བརྟུན་དུ་གཏོང་བ་ནི། རྩ་ལག་མཉམ་བཅོས་དང་། རྩ་བ་ནས་བཅོས་སྐྱོང་བྱེད་པ་གཙོ་བོར་འཛིན་དགོས་པ་དང་། རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཡུན་རིང་ལ་ཕན་པའི་བྱ་བ་སྒྲུབ་ཏེ། གཞི་རིམ་རྩ་འཛུགས་དང་གཞི་རིམ་བྱ་བ་ཇེ་བརྟན་དུ་གཏོང་རྒྱུ་དེ་རེད་ཟེར།
ཞི་ཅིན་ཕེན་གྱིས་བསྟན་དོན། བོད་ལྗོངས་ཀྱི་བྱ་བའི་དམིགས་ས་དང་ཤུགས་འདོན་ས་དེ་ངེས་པར་དུ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པའི་སྟེང་འཇོག་དགོས་ལ། སྤྱི་ཚོགས་གནས་བབ་ཀྱི་རྒྱུན་མཐུད་བརྟན་འཇགས་དང། ཡུན་རིང་བརྟན་འཇགས། ཁྱོན་ཡོངས་བརྟན་འཇགས་བཅས་མངོན་འགྱུར་བྱེད་པ་དེ་ལས་འགན་གལ་ཆེན་དུ་བརྩིས་ནས། ཕྱོགས་སོ་སོའི་བྱ་བའི་གཅིག་གྱུར་འཆར་འགོད་དང་ཕྱོགས་བསྡུས་ཤུགས་འདོན་བྱས་ནས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་དམ་འཛིན་བྱེད་དགོས།
ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དག་དང་འདྲ་བར་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་དེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐག་གཅོདརང་བཞིན་གྱི་དུས་རིམ་དུ་བསླེབས་ཡོད། དམངས་ཚིས་ལེགས་བསྒྱུར་དང་། མི་སེམས་གཅིག་སྒྲིལ་བྱེད་པའི་མགོ་རྩོམ་ས་དང་རྐང་འཛུགས་ས་དམ་འཛིན་བྱས་ནས། ཤུགས་ཆེན་པོས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཤུགས་ཆེན་པོས་གཞི་རྩའི་སྤྱི་སྤྱོད་ཞབས་ཕྱིར་སྐུལ་འདེད་བཏང་ནས། འཁྲུལ་མེད་དབུལ་སྐྱོར་དང་། འཁྲུལ་མེད་དབུལ་ཐར་བྱ་བ་འབུར་དུ་ཐོན་པར་བྱེད་དགོས་པ་དང་། དབུལ་ཕོངས་སུ་གྱུར་ནས་བྱུང་བའི་གནད་འགག་གི་གནད་དོན་ཐག་གཅོད་པ། མྱུར་དུ་ཧ་ཅང་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ཇེ་བཟང་དུ་གཏོང་དགོས།
སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་སློབ་གསོ་དེ་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭའི་བསླབ་དེབ་དུ་བཀོད་དེ། རྒྱལ་ཁབ་ཀྱིས་གཅིག་གྱུར་གྱིས་བཀོལ་སྤྱོད་བྱེད་པའི་ཡིག་རིགས་ཁྱབ་གདལ་དུ་གཏོང་དགོས་པ་དང་། ཧུར་ཐག་སྒོས་ཏང་ལ་དགའ་བ་དང་མེས་རྒྱལ་ལ་དགའ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་འཛུགས་སྐྲུན་བྱེད་མཁན་དང་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་དགོས། སྔར་ལས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ནས། རིགས་སོ་སོའི་མང་ཚོགས་རོང་འབྲོག་ཕྱོགས་ནས་མཁར་གྲོང་དང་ཁེ་ལས་སུ་ལས་ཞུགས་བྱེད་པ་དང་། ཚོང་གཉེར་ལས་སྐྲུན་ཐད་ལ་སྔར་ལས་རོགས་རམ་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས་དང་། ཕྱོགས་བསྡུས་བྱེད་ཐབས་སྤྱད་ནས། མདོ་དབུས་མཐོ་སྒང་གི་མཁའ་དབུགས་བཙོག་གྱུར་གནད་དོན་དང་། ས་ཞིང་བྱེ་འགྱུར་གྱི་ཚོད་འཛིན་དང་བཅོས་སྐྱོང་ལ་ཤུགས་སྣོན་པ། རྩྭ་ས་དང་བརླན་ས། རང་བྱུང་ནགས་ཚལ་བཅས་ཀྱི་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ནང་དུ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱིས་མུ་མཐུད་དུ་དམིགས་བསལ་གྱི་ནོར་སྲིད་དང་ཁྲལ་བསྡུ། དངུལ་གཏོང་། དངུལ་ལོར་སོགས་སྲིད་ཇུས་ལག་བསྟར་བྱེད་དགོས། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱིས་རང་སྟོབས་རང་སྤེལ་དང་། དཀའ་སྤྱད་འབད་བརྩོན་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་ཏེ། རྒྱུན་ཆད་མེད་པར་རིགས་སོ་སོའི་མང་ཚོགས་འཕེལ་རྒྱས་ཁྲོད་དུ་ཞུགས་ཚད་དང་གྲུབ་འབྲས་ཐོབ་པའི་ཚོར་བ་ཇེ་དྲག་ཏུ་གཏོང་དགོས་ཟེར།
ཞི་ཅིན་ཕེན་གྱིས་བསྟན་དོན། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་ཡུན་རིང་བདེ་འགོད་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་དང་ཡུན་རིང་བྱས་རྗེས་བཞག་ཏེ། ཡུན་རིང་གི་འཐབ་ཇུས་ལ་འཆར་གཞི་འཐེན་དགོས། རྨང་གཞིའི་རང་བཞིན་གྱི་བྱ་བ་ཞིབ་རྒྱས་དང་གཟབ་ནན་གྱིས་སྒྲུབ་ཏེ། ཁྲིམས་ལྟར་བཅོས་སྐྱོང་དང་། རང་འགུལ་གྱིས་བཅོས་སྐྱོང་། ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་། མགོ་ཁུངས་བཅོས་སྐྱོང་བཅས་ཟུང་དུ་སྦྲེལ་ཏེ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་རྒྱབ་རྟེན་བྱེད་དགོས། ཤུགས་ཆེན་པོས་མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་ནས། མི་རིགས་སོ་སོའི་མང་ཚོགས་བར་ཕན་ཚུན་རྒྱུས་ལོན་ཟབ་མོ་དང་། ཕན་ཚུན་བར་རོགས་རམ་བྱེད་པ། ཕན་ཚུན་བར་སློབ་སྦྱོང་བཅས་བྱེད་དགོས། ཤུགས་ཆེན་པོས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་སློབ་གསོ་དང་གསར་སྐྲུན་བྱ་འགུལ་རྒྱ་ཆེན་པོ་སྤེལ་དགོས། ཤུགས་ཆེན་པོས་བོད་རྒྱུད་ནང་བསྟན་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་ནས། བོད་རྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱེད་དགོས་པ་དང་། དགོན་པའི་དོ་དམ་གྱི་ཡུན་རིང་ཕན་ཡོད་ནང་རྐྱེན་འཛུགས་པར་སྐུལ་འདེད་བཏང་ནས། བོད་རྒྱུད་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པར་བྱེད་པའི་རེ་བ་ལྟར་ཆོས་ཀྱི་འདུལ་ཀྲིམས་ལ་འགྲེལ་བཤད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་མར་ལེ་རིང་ལུགས་ཀྱི་མེས་རྒྱལ་ལྟ་བ་དང་། མི་རིགས་ལྟ་བ། ཆོས་ལུགས་ལྟ་བ། རིག་གནས་ལྟ་བ་སོགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་འདུ་ཤེས་ཆགས་པར་བྱེད་དགོས། ཁྲིམས་ལྟར་བོད་ལྗོངས་བཅོས་སྐྱོང་བྱེད་པའི་རེ་བ་དངོས་འབེབས་བྱས་ནས། མེས་རྒྱལ་ཁ་བྲལ་དུ་གཏོང་བ་དང་། སྤྱི་ཚོགས་བརྟན་འཇགས་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ཡོད་ཚད་ལ་ཁྲིམས་ལྟར་རྡུང་རྡེག་བྱེད་དགོས་ཟེར།
ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། བོད་ལྗོངས་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས་ན། ངེས་པར་དུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་སྡེ། གཞི་རིམ་རྩ་འཛུགས་བཅས་འཛུགས་སྐྲུན་བཟང་བོ་བྱས་ཏེ། ཏང་གི་གསར་སྐྲུན་ནུས་ཤུགས་དང་གོང་བུར་སྒྲིལ་ཤུགས། འཐབ་འཛིང་སྟོབས་ཤུགས་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་དུ་རིམ་པ་སོ་སོའི་ལས་བྱེད་པས་ངེས་པར་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱས་ཏེ། ཏང་དང་མི་དམངས་ལ་བློ་དཀར་པ་དང། བློ་བརྟན་འགྱུར་མེད་སྒོས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། རིམ་པ་སོ་སོའི་ལས་བྱེད་པས་རང་ཉིད་ཀྱི་མིག་ཟུང་ལ་གཅེས་སྤྲས་བྱེད་པ་ལྟར་མཐུན་སྒྲིལ་ལ་གཅེས་སྐྱོང་བྱས་ནས། བསམ་བློ་གཅིག་ཏུ་འཁོར་བ་དང་སྟོབས་ཤུགས་གཅིག་ཏུ་འབུལ་བའི་རྣམ་པ་ཆགས་པར་བྱེད་དགོས་ཟེར།
ཞི་ཅིན་ཕེན་གྱིས་བསྟན་དོན། མཐོ་སྒང་ནས་བྱ་བ་སྒྲུབ་པར་ཆེས་དཀོན་པ་ནི་དབྱང་དབུགས་ཡིན་ལ། ཆེས་རྩ་ཆེ་བ་ནི་སྙིང་སྟོབས་ཡིན། ལོ་མང་པོའི་རིང་ལ། མི་རབས་ནས་མི་རབས་བར་གྱི་གུང་ཁྲན་ཏང་ཡོན་གྱིས་མི་རྣམས་ལ་དབང་བ་དང་མི་རྣམས་ཀྱིས་ལོངས་སུ་སྤྱོད་པའི་འཚོ་བ་བསྐྱུར་ཏེ། མཐོ་སྒང་ནས་གཞིར་ཆགས་པ་དང་། དཀའ་སྤྱད་འབད་འཐབ་སྒོས་བྱ་བ་སྒྲུབ་བཞིན་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཕུལ་བྱུང་སྲོལ་རྒྱུན་དེ་དར་སྤེལ་བྱས་ནས། བོད་ལྗོངས་པ་རྒན་པའི་སྙིང་སྟོབས་དེ་ལ་དུས་རབས་གསར་བའི་ནང་དོན་རྒྱུན་ཆད་མེད་པར་སྣོན་དགོས། ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བར་དུས་ནམ་ཡང་ཧ་ཅང་ཐུགས་ཁུར་བྱས་ཏེ།དམིགས་བསལ་གྱི་ཟླ་ཕོགས་སྲིད་ཇུས་དང་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་གཏན་ལ་ཕབ་ཡོད། ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱིས་དེར་ཧུར་ཐག་སྒོས་རྒྱབ་སྐྱོར་དང་། ཁོ་ཚོས་སེམས་ཁུར་བྱེད་པའི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས། བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པ་དང་། བོད་ལྗོངས་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་ཤེས་ལྡན་མི་སྣའི་གྲུབ་ཚུལ་ཇེ་ལེགས་སུ་བཏང་སྟེ། ཕུལ་བྱུང་ཤེས་ལྡན་མི་སྣ་ཆ་རྐྱེན་ཞན་པ་དང་གནས་ཚུལ་རྙོག་འཛིང་ཆེ་བའི་ས་ཁུལ་དུ་མངགས་ནས་སྦྱོང་བརྡར་བྱེད་དུ་འཇུག་དགོས། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བས་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དེ་བྱ་བའི་སྒུལ་ཤུགས་སུ་བསྒྱུར་ནས། རང་སོ་སོའི་བྱ་བའི་ལས་གནས་སྟེང་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།
ལིས་ཁི་ཆང་གིས་བསྟན་དོན། མ་འོང་བའི་ལོ་ལྔ་ལྷག་གི་རིང་ལ། བོད་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་དགོས་པས། ལས་འགན་དཀའ་ཚེགས་ཆེ་ཞིང་ཧ་ཅང་ལྗིད། བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་སྐྲུན་བྱེད་དགོས་ན། ཟུང་འབྲེལ་ལྔ་བསྒྲུབ་ཐུབ་པར་བྱེད་དགོས་ཏེ། དེ་དག་ནི་སྲིད་གཞུང་གི་ནུས་པ་དང་ཚོང་རའི་ནུས་པ་དང་། ཕྱིའི་སྟོབས་ཤུགས་ལ་བརྟེན་ནས་ནང་ཁུལ་གྱི་སྟོབས་ཤུགས་སྐུལ་སློང་བྱེད་པ། ཕྱི་ནང་ཕྱོགས་གཉིས་ལ་སྒོ་འབྱེད་པ། རྣམ་པ་གསར་བའི་གྲོང་བརྡལ་ཅན་དང་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པ། གསར་སྤེལ་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོང་བྱེད་པ་གཉིས་སྔར་ཟུང་འབྲེལ་བཟང་བོ་བྱེད་དགོས་ལ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དམངས་ཚིས་ལ་ཁག་ཐེག་དང་ལེགས་བཅོས་བྱེད་པའི་ཐད་འབད་བརྩོན་བྱས་ཏེ། ས་གནས་ལ་བསྟུན་ནས་སྲིད་ཇུས་ལག་བསྟར་བྱེད་པ་དང་མི་ལ་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ། སྟོབས་ཤུགས་ཆེན་པོས་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བ་བཟང་བོར་སྒྲུབ་པ་དང་ཐབས་ལམ་མང་པོ་བརྒྱུད་དེ་ལས་ཞུགས་རྒྱ་བསྐྱེད་དགོས། སློབ་གསོའི་ལས་དོན་ཁྲོད་ཀྱི་མི་འདང་ས་མྱུར་དུ་ཁ་གསབ་བྱེད་པ་དང་། སྨན་པ་དང་སྨན་རྫས་དཀོན་པའི་རྣམ་པ་མྱུར་དུ་བསྒྱུར་བ། སྤྱི་ཚོགས་འགན་སྲུང་གི་བདེ་འཇགས་དྲ་བ་མྱུར་དུ་སྲ་བརྟན་དུ་གཏོང་དགོས། ཁྱད་ཆོས་ཐོན་ལས་དང་རྨང་གཞིའི་སྒྲིག་ཆས། སྐྱེ་ཁམས་ཁོར་ཡག་སྲུང་སྐྱོབ་བཅས་ཕྱོགས་གསུམ་གྱི་བྱ་བ་གཙོ་བོར་བཟུང་སྟེ། བོད་ལྗོངས་རང་སྟེང་གི་འཕེལ་རྒྱས་ནུས་པ་ཇེ་ཆེར་གཏོང་དགོས། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་དང་དེའི་སྐོར་གྱི་བཟོ་ལས་འཕེལ་རྒྱས་སུ་གཏོང་བར་ཤུགས་སྣོན་པ་དང་། འཛམ་གླིང་གི་གནས་སྐོར་དམིགས་ཡུལ་ས་ཁུལ་གཙོ་བོ་འཛུགས་སྐྲུན་བཟང་བོ་བྱེད་པ། ཚོང་ཟོག་ཉོ་ཚོང་འཁོར་རྒྱུག་ལས་རིགས་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ནས། བོད་ལྗོངས་དེ་རང་རྒྱལ་གྱིས་ཨེ་ཤ་ཡ་ལྷོ་མའི་ས་ཁུལ་ལ་ཁ་ཕྱོགས་ནས་སྒོ་འབྱེད་པའི་ས་ཁུལ་གཙོ་བོ་ཞིག་ཏུ་བསྒྱུར་དགོས། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་མྱུར་དུ་འཛུགས་སྐྲུན་བྱས་ནས། རྫོང་མཁར་ཚང་མར་སྣུམ་ལམ་ལས་པ་དང་། ཆ་རྐྱེན་འཛོམས་པའི་ཞང་གྲོང་དང་སྲིད་འཛིན་སྡེ་བ་ལ་སྔ་མོ་ནས་གཞུང་ལམ་ལས་དགོས། ཆུ་བདེ་བཟོ་སྐྲུན་གཙོ་བོ་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱས་ནས། མང་ཚོགས་རྣམས་ཀྱིས་སེམས་བདེ་མོའི་ཆུ་གཙང་མ་འཐུང་ཐུབ་པར་ཁག་ཐེག་བྱེད་དགོས། ནུས་ཁུངས་འགན་སྲུང་ནུས་པ་ཇེ་ཆེར་བཏང་སྟེ། ལྗོངས་ནང་ཁུལ་གྱི་གློག་དྲ་རྫོང་ཡོངས་སུ་ཁེབས་པར་བྱས་ནས། གློག་མེད་པའི་ཁྱིམ་ཚང་གི་གློག་གི་གནད་དོན་ཐག་གཅོད་བྱེད་དགོས། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་མྱུར་དུ་འཛུགས་སྐྲུན་བྱས་ནས། མཐོ་སྒང་ས་ཁུལ་གྱི་དྲོད་འདོན་བཟོ་སྐྲུན་ལ་རོགས་སྐྱོར་བྱེད་དགོས། ཆ་འཕྲིན་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། འཕྲིན་གཏོང་གི་ཆ་རྐྱེན་ཞན་པའི་ས་ཁུལ་དུ་ཧུར་ཐག་སྒོས་འཕྲིན་གཏོང་འཕེལ་རྒྱས་སུ་གཏོང་དགོས། སྐྱེ་ཁམས་བདེ་འཇགས་བྱ་བར་གཙིགས་འཛིན་བྱས་ནས། སྐྱེ་ཁམས་ཀྱི་ཕྱོགས་བསྡུས་ཁ་གསབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། གངས་ལྗོངས་མཐོ་སྒང་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དྲ་བ་ཇེ་བརྟན་དུ་གཏོང་དགོས་ཟེར།
ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་བོད་ལྗོངས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་སྟེ། དམིགས་བསལ་གྱི་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཡོང་སྒོ་ཚང་མ་རང་ལ་ཐོབ་པ་དང་ཁ་གསབ་རོགས་དངུལ་ཇེ་མང་དུ་གཏོང་བ། ཆེད་དོན་རོགས་སྐྱོར་བྱེད་པ་བཅས་ཀྱི་ནོར་སྲིད་དཔྱ་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་དགོས། ཀྲུང་དབྱང་གི་དངུལ་གཏོང་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། དངུལ་ལོར་རོགས་སྐྱོར་ལ་ཤུགས་སྣོན་པ། ཁ་གཏད་རོགས་སྐྱོང་བྱ་བར་ཤུགས་སྣོན་དགོས། ཀྲུང་དབྱང་གི་ཞིང་ཆེན་བཞིའི་བོད་ཁུལ་གྱི་སྲིད་ཇུས་ལ་རོགས་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་ཤིང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བར་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་བཞིའི་བོད་ཁུལ་དང་ཞིང་ཆེན་རང་རང་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བར་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་བ། འབྲེལ་མཚམས་ས་ཁུལ་གྱི་གནད་དོན་གཙོ་བོ་གཅིག་གྱུར་སྒོས་འཆར་འགོད་དང་ཐག་གཅོད་བྱེད་དགོས། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་གནད་དོན་ཐག་གཅོད་བྱེད་པ་དང་། སྤྱི་ཚོགས་ཀྱི་འཆམ་མཐུན་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱས་ནས། མཉམ་དུ་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་སྔར་ལས་འཛུགས་སྐྲུན་བཟང་བོ་བྱེད་དགོས་ཟེར།
ཡུས་ཀྲིན་ཧྲིན་གྱིས་སྤྱི་སྡོམ་གསུངས་བཤད་ཁྲོད་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱིས་བོད་ལྗོངས་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་ལ་ཚན་རིག་ལྟར་དབྱེ་ཞིབ་དང་། རིགས་གཞུང་གལ་ཆེན་དང་ལག་ལེན་གནད་དོན་རབ་དང་རིམ་པར་འགྲེལ་བཤད་གཏིང་ཟབ་མོ་བྱས་ཡོད་པས། དེར་ཆབ་སྲིད་རང་བཞིན་དང་སྤྱི་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་ཆེན་པོ་ལྡན་ལ། དེ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རིང་བོད་ལྗོངས་བྱ་བ་བཟང་བོ་བསྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། རྩ་བའི་གནད་དོན་ཐད་ནས་ལང་ཕྱོགས་བརྟན་པོ་ཡིན་དགོས་ལ། འཕེལ་རྒྱས་གནད་དོན་ཐད་ནས་ཁ་ཕྱོགས་གསལ་བོ་ཡིན་དགོས་པ་དང་། དཀའ་ཁག་གནད་དོན་ཐད་ནས་ལན་གསལ་བོ་འདེབས་དགོས་ཤིང་། དངོས་ཡོད་གནད་དོན་གཙོར་བཟུང་ནས་ཐག་གཅོད་བྱེད་དགོས་ཟེར།
ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། བྱ་བའི་སྤྱོད་ཚུལ་བཟང་བོ་དང་བརྟན་བརླིང་ཕན་ཡོད་ཀྱི་བྱ་བའི་བྱེད་ཐབས་སྤྱད་དེ། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས། བསམ་བློར་སྔར་ལས་གཅིག་གྱུར་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱུ་དེ་བྱ་བའི་གཞི་འཛིན་ས་དང་ཤུགས་འདོན་སར་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱེད་པའི་དམིགས་འབེན་གྱི་གཞི་རྩའི་ནང་དོན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱུས་ལོན་བྱེད་དགོས། འགན་འཁྲི་སྔར་ལས་གསལ་བོ་བྱེད་པ་དང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱིས་འགན་འཁྲི་མི་སྣ་དང་པོའི་འགན་ནུས་ལག་བསྟར་ནན་མོ་བྱས་ནས། རིམ་པ་སོ་སོའི་ཏང་ཨུ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་གཅིག་བསྡུས་སྒོས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་བོད་ཁུལ་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། ཁེ་ལས་བཅས་ཀྱིས་རང་སྡེ་ཁག་དང་ལས་ཁུངས་ཀྱི་བྱ་བ་དངོས་དང་ཟུང་འབྲེལ་བྱས་ནས་ལག་ལེན་མཐར་ཕྱིན་བྱེད་པའི་ཇུས་གཞི་ཞིབ་ཕྲ་བཟོ་དགོས། གཙོ་གནད་སྔར་ལས་འབུར་ཐོན་བྱས་ཏེ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་གནད་དོན་གཙོ་བོ་དང་དཀའ་གནད་ཐག་གཅོད་བྱེད་དགོས་ཟེར།
བོད་རང་སྐྱོང་ལྗོངས་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཧྲན་ཏུང་ཞིང་ཆེན་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་ཚོགས་ཐོག་ནས་གཏམ་བཤད།
པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་སོགས་གྲོས་ཚོགས་ལ་ཞུགས།
བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འགན་ཁུར་བློ་མཐུན་དང་ས་ཆ་སོ་སོ་དང་གྲོང་ཁྱེར་སོ་སོ། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། སི་ཁྲོན་དང་ཡུན་ནན། ཀན་སུའུ། མཚོ་སྔོན་ཞིང་ཆེན་བཅས་ཀྱི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོ། བོད་རིགས་རང་སྐྱོང་ཁུལ་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ།གཞན་པའི་ཞིང་ལྗོངས་དང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་ཀྱི་འགན་ཁུར་བློ་མཐུན། ཕྱི་རྒྱལ་དུ་སྡོད་པའི་གཞུང་ཚབ་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན། མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས།
རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
ཁྱད་པར་གང་འཚམས་འདུག རྡ་སའི་གསར་ཁང་གིས་བོད་བསྒྱུར་གནང་དུས་ཆ་ཚང་གནང་ན་ཡག་པོ་ཡོད་པ་རེད།དེ་མིན་གསར་འགྱུར་ཚ་བོ་བཟོ་ཆེད་ཁོ་ན་དམིགས་ཏེ་བཀོད་པ་ནི་ཅུང་ཙམ་བསམ་བློ་གཏོང་དགོས་ཀྱི་འདུག