བརྒྱུད་གཏོང་བ། ཚེ་རིང་དབང་ཕྱུག
འཇར་མ་ནིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ཀི་རིས་ཊོབ་སི་ཊེ་སར་ Mr Christoph Straesser མཆོག་ཉེ་ལམ་རྒྱ་ནག་དང་བོད་ཀྱི་ས་ཁུལ་ཁག་གཅིག་ནང་འགྲོ་བ་མིའི་ཐོབ་སྟངས་ཀྱི་གནས་སྟངས་རྟོགས་ཞིབ་ཆེད་ཕེབས་རྗེས། རྒྱ་ནག་གཞུང་གིས་དངོས་ཡོད་གནས་ཚུལ་སྦས་གསང་བྱས་ཡོད་སྐོར་གྱི་སྐྱོན་བརྗོད་ཤུགས་ཆེ་གནང་འདུག དེ་ཡང་ཁོང་གིས་འཇར་མན་གསར་འགྱུར་བརྒྱུད་ལམ་ཌ་ཆི་ཝེ་ལེ་(Deutsche Welle) ཞེས་པས་བོད་ནང་སྐད་ཡིག་དང་ཆོས་དད་རང་དབང་སྐོར་གྱི་དྲི་བར་ལན་འདེབས་གནང་སྐབས། རྒྱ་ནག་གཞུང་དང་ཡུ་རོབ་སྤྱི་མཐུན་དབར་འགྲོ་བ་མིའི་ཐོབ་ཐང་ཐོག་གནས་ཚུལ་བརྗེ་ལེན་བྱ་རྒྱུའི་ལས་གཞི་ EU-China human rights dialogue དང་འབྲེལ་ཁོང་བོད་ནང་སྐོར་བསྐྱོད་གནང་སྐབས་རྒྱ་ནག་གཞུང་གིས་བོད་མི་ཚོའི་གནས་སྟངས་ངོ་མ་སྦས་གསང་བྱས་ཡོད་ཚུལ་སྐོར་གསུང་དོན།
ང་ཚོས་ས་གནས་དེར་གང་མཐོང་བ་རྣམས་ལ་བདེན་པའི་ཆ་ཕྲ་མོ་ཙམ་ཡོད་ཀྱང་། དེས་བོད་མི་སྤྱི་ཡོངས་ཀྱི་གནས་སྟངས་མཚོན་མི་ཐུབ། འཇར་མན་ནང་ང་ཚོས་ལོ་ངོ་བཅུ་ཕྲག་རིང་ནས་བོད་དོན་གླེང་སློང་བྱས་པར་བརྟེན། བོད་ནང་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་དད་གུས་ཞུ་མཁན་ཚོར་རང་དབང་ཐོག་ནས་ཆོས་དད་བྱེད་ཆོག་གི་མེད་པའི་རྣམ་པ་མངོན་གསལ་བྱུང་། རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཁ་བྲལ་བ་ཞིག་ལ་ངོས་འཛིན་བྱས་ནས་ཁོང་ལ་དད་གུས་ཞུ་མཁན་ཚོའི་གཞི་རྩའི་ཐོབ་ཐང་ལ་དུས་རྟག་ཏུ་སུན་གཙེར་བཟོས་པ་དང་། འཛིན་བཟུང་བཀག་ཉར་སོགས་ཀྱི་ཉེན་ཁ་འཕྲད་བཞིན་ཡོད། ཅེས་དང་།
ཡང་ཁོང་གིས་ད་ལྟའི་བོད་ནང་ཆོས་དད་རང་དབང་གི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པའི་དངོས་ཡོད་གནས་སྟངས་སྐོར་གསུང་དོན། འོན་ཀྱང་ང་ཚོས་རྒྱ་ནག་དང་ལྷན་གོ་བསྡུར་བསྟུད་མར་བྱས་པ་བརྒྱུད་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཁ་བྲལ་རྩོད་གནང་མཛད་ཀྱི་མེད་པའི་གནས་ཚུལ་གསལ་བཤད་ཐུབ་རྒྱུ་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད། ལྷག་པར་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ང་ཚོ་འཇར་མན་ཡུལ་དུ་ཆིབས་སྒྱུར་བསྐྱངས་སྐབས་ཁོང་ལ་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་དང་། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་དབུ་ཁྲིད་གཞིག་གི་ངོ་བོའི་ཐོག་ནས་སྣེ་ལེན་ཞུ་བཞིན་ཡོད། ཕྱོགས་མཚུངས་ཁོང་ཉིད་མཆོག་ནས་ཀྱང་བོད་དེ་རྒྱ་ནག་དང་ཁ་བྲལ་གཏོང་རྒྱུའི་ཀུན་སློང་རྩ་བ་ནས་མེད་སྐོར་བཀའ་སློབ་སྩོལ་བཞིན་ཡོད། ཅེས་ལན་འདེབས་གནང་འདུག གཞན་ཡང་འཇར་མ་ནིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ཀི་རིས་ཊོབ་སི་ཊེ་སར་མཆོག་ཐེངས་འདིར་རྒྱ་ནག་ཏུ་འཚམས་གཟིགས་སྐབས་རྒྱ་ནག་གི་ཆབ་སྲིད་བཙོན་པ་ལྕམ་གའོ་ཡོས་ Gao Yu གཙོས་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་ཞིབ་རྩད་གནང་འདུག
་་་་་་་་་ བོད་ནང་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་དད་གུས་ཞུ་མཁན་ཚོར་རང་དབང་ཐོག་ནས་ཆོས་དད་བྱེད་ཆོག་གི་མེད་པའི་རྣམ་པ་མངོན་གསལ་བྱུང་། རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཁ་བྲལ་བ་ཞིག་ལ་ངོས་འཛིན་བྱས་ནས་ཁོང་ལ་དད་གུས་ཞུ་མཁན་ཚོའི་གཞི་རྩའི་ཐོབ་ཐང་ལ་དུས་རྟག་ཏུ་སུན་གཙེར་བཟོས་པ་དང་། འཛིན་བཟུང་བཀག་ཉར་སོགས་ཀྱི་ཉེན་ཁ་འཕྲད་བཞིན་ཡོད། ་་་་་་་་