དྲ་འདྲེ།
རྒྱ་ནག་སྲིད་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཅུང་ལྷོད་ཡང་དུ་བཏང་ཏེ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཐེབས་སྲིད་པའི་གནས་ཚུལ་ཐོན་བཞིན་པ་དང་དུས་མཚུངས། ཕྱི་ཟླ་༧ པའི་ཚེས་༦ གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན། ཁམས་རྟའུ་རྫོང་དུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱེད་པའི་སྐབས།རྒྱ་དམག་གིས་མེ་འདས་དྲག་གནོན་བྱས་ཏེ། དགེ་འདུན་པ་གཉིས་ཀྱི་མགོ་ལ་མེ་འདའ་བརྒྱབ་ཡོད་པ་དང་། དེ་བཞིན་མི་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་མ་ཟད། མི་ཧ་ཅང་མང་པོ་ཞིག་འཇུ་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད།
སྤྱིར་རྒྱ་ནག་སྲིད་གཞུང་གིས་བོད་དེ་མེ་འདའ་ལ་བརྟེན་ནས་དྲག་པོས་དབང་བསྒྱུར་བྱེད་བཞིན་པ་ནི་བསྙོན་མེད་ཡིན་ཡང་། འདི་ལྟ་བུའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོའི་ཉིན་མོ་དང་། གཞུང་ལ་ངོ་རྒོལ་མ་ཡིན་པའི་མི་མང་འདུ་འཛོམས་དང་ལས་འགུལ་རིགས་ལ། ཁ་ཐུག་མེ་མདའ་བརྒྱབ་ཏེ་དྲག་གནོན་བྱས་པའི་གནས་ཚུལ་བྱུང་བ་ནི་ཧ་ཅང་ཉུང་ཉུང་ཡིན།
རྟའུ་རུ་མེ་མདའ་བརྒྱབ་པའི་དོན་རྐྱེན་དེ་བྱུང་ཚར་བའི་རྗེས་སུ། རྒྱ་ནག་དབུས་གཞུང་གྲངས་ཉུང་མི་རིགས་ལས་དོན་གྱི་འགན་གཙོ་བོ་ཁུར་མཁན་ཡོས་ཀྲིན་ཧྲིན་ཉེ་ཆར་བོད་ཀྱི་ས་ཆ་ཁ་ཤས་ནང་བསྐྱོད་སྐབས། “ང་ཚོས་ངེས་པར་དུ་ལངས་ཕྱོགས་གསལ་བོ་བཟུང་ནས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་མུ་མཐུད་དུ་བྱེད་དགོས་”ཞེས་བརྗོད་ཡོད་པ་དང་། རྒྱ་ནག་དམར་ཤོག་གི་མཁྲེགས་འཛིན་གྱི་སྲིད་བྱུས་དག་བསྐྱར་ཟློས་བྱས་ཡོད། ཉེ་བའི་ཆར་བོད་ནང་དུ་༧གོང་ས་མཆོག་གི་སྐུ་པར་གཤོམ་ཆོག་པ་སོགས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་ཡོད་སྐོར་གྱི་གནས་ཚུལ་དེའི་ཐད། ཐད་ཀར་ལན་འདེབས་བྱས་པ་ཡང་ཡིན་སྲིད་པ་ཞིག་རེད། ཟླ་བ་གཅིག་གི་སྔོན་ཙམ་དུ། རྒྱ་གཞུང་གིས་༧གོང་ས་མཆོག་གི་འཁྲུངས་གཞིས་བསྐྱར་གསོ་བྱས་ཡོད་པ་དང་། རྒྱ་ནག་དབུས་དམར་ཤོག་སློབ་གླིང་གི་སློབ་དཔོན་ཅིན་ཝན་གྱིས་<<ཨེ་ཤི་ཡ་བདུན་རེའི་དུས་དེབ་>>ཀྱི་བཅར་འདྲི་དང་ལེན་བྱས་སྐབས། བོད་ཀྱི་གནད་དོན་ཐད་ཀྱི་ཞིབ་ཕྲའི་བསམ་ཚུལ་བཤད་ཡོད་པ་དང་། ༧གོང་ས་མཆོག་ཆོས་ལུགས་ཀྱི་ངོ་བོ་གཙང་མའི་སྒོ་ནས་ཧོང་ཀོང་དང་མེའེ་ཁོ་སུ་འཚམས་འདྲིར་ཕེབས་བཅུག་ཏེ། རིམ་པས་རྒྱ་ནག་སྐམ་ས་ནང་ལོགས་སུ་ལོག་ཕེབས་དགོས་སྐོར་དང་། ༧གོང་ས་མཆོག་གི་ཡང་སྲིད་རྒྱ་ནག་ནང་ལོགས་སུ་ངོས་འཛིན་བྱེད་དགོས་པའི་གནད་དོན་སོགས་བརྗོད་ཡོད།
དེ་བཞིན་རྒྱ་གཞུང་གིས་བོད་ནང་དུ་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་ཆོག་པའི་གནས་ཚུལ་གང་སར་ཁྱབ་ཡོད། བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་ཁ་ཤས་ཤིག་ཨ་རིར་ཡོང་སྐབས། ཕྱིར་སྡོད་བོད་རིགས་སྤུན་ཟླ་རྣམས་ཕ་ཡུལ་དུ་ལོག་དགོས་པའི་འབོད་སྐུལ་ཡང་བྱས་ཡོད་ལ། དེ་དང་མཉམ་དུ། རྒྱ་གཞུང་གིས་རྒྱ་ནག་ནང་སྲིད་ལ་ཐེ་བྱུས་བྱེད་མཁན་དུ་སྨྲ་བའི་ཨ་རིའི་རྒྱ་ནག་གཞུང་ཚབ་ཆེན་མོ་གྷེ་རི་ལོཀ་(Gary Locke) བོད་དབུས་གཙང་ཁུལ་དུ་གཟིགས་སྐོར་དུ་ཕེབས་ཏེ། ས་གནས་ཀྱི་དཔོན་རིགས་དང་མང་ཚོགས་ལ་མཇལ་འཕྲད་གནང་ཡོད། དུས་ཚོད་ཐུང་ཐུང་ཞིག་གི་ནང་གློ་བུར་དུ་དེ་ལྟ་བུའི་གནས་ཚུལ་རིགས་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་ཐོན་ཡོང་སྐབས། མི་ཧ་ཅང་པོ་ཞིག་གིས་རྒྱ་ནག་སྲིད་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལྷོད་ཡང་དུ་བཏང་ཡོད་པའི་ཚོད་དཔག་བྱས་ཏེ། བཟང་ཕྱོགས་ཀྱི་འགྱུར་ལྡོག་ཅིག་ཡོང་བའི་རེ་སྒུག་ཆེན་པོ་བྱེད་བཞིན་པ་དང་དུས་མཚུངས། ༧གོང་ས་མཆོག་གི་དགུང་གྲངས་༧༨ སྐུའི་འཁྲུངས་སྐར་སྲུང་བརྩིའི་ཉིན་མེ་འདའ་གང་བྱུང་དུ་བརྒྱབ་ཏེ། བོད་མི་ཚོའི་བཟང་ཕྱོགས་ཀྱི་རེ་འདུན་སྟོང་ཟད་དུ་བཏང་ཡོད།
སྤྱིར་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་ཆོག་པའི་གནས་ཚུལ་དེ་དག་རྒྱ་ནག་གཞུང་ཕྱོགས་ཀྱི་བརྒྱུད་ལམ་ཁག་ཏུ་ཐོན་མེད་ཀྱང་། གནས་ཚུལ་དེ་དངོས་གནས་བདེན་པ་ཡིན་སྲིད་པའི་དོགས་གནས་གསུམ་ཡོད།
གཅིག ༧གོང་ས་མཆོག་གི་འཁྲུངས་གཞིས་བསྐྱར་གསོ་བྱས་པ། གནས་ཚུལ་དེ་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་སྤེལ་ཡོད་པ་དང་། ཁ་བྱང་ལ་“ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་འཁྲུངས་ཡུལ་རྒྱ་ནག་གི་གྲོང་ ཁྱེར་གསར་ཤོས་སུ་འགྱུར་བའི་རེ་བ་ཡོད་པ་”ཞེས་འཁོད་ཡོད།
གཉིས། ཨ་རིའི་རྒྱ་ནག་གཞུང་ཚབ་ཆེན་མོ་གྷེ་རི་ལོཀ་བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་འཚམས་འདྲིར་ཕེབས་པ། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེའི་སྐོར་གྱི་གནས་ཚུལ་དང་པར་རིས་ཀྱང་སྤེལ་ཡོད།
གསུམ། རྒྱ་ནག་དབུས་དམར་ཤོག་སློབ་གླིང་གི་སློབ་དཔོན་ཅིན་གྱིས་<<ཨེ་ཤི་ཡ་བདུན་རེའི་དུས་དེབ་>>ཀྱི་བཅར་འདྲི་དང་ལེན་སྐབས་བོད་ཀྱི་གནད་དོན་ཐོག་ལྟ་ཚུལ་གསར་པ་བརྗོད་པ། དངོས་འབྲེལ་ཡིན་པ་དང་བདེན་དཔང་ཡོད་པའི་གནས་ཚུལ་འདི་གསུམ་གྱི་ཐོག་ནས། གོང་གི་སྐུ་པར་སྒྲིག་གཤོམ་ཆོག་པའི་གནས་ཚུལ་དེ་ལ་རིགས་འདྲེན་ཞིག་བྱེད་པ་ཡིན་ན། རྒྱ་ནག་གི་ད་ལྟའི་གཞུང་འཛིན་མི་སྣས་བོད་ཀྱི་སྲིད་བྱུས་ལ་ཚོད་ལྟ་རང་བཞིན་ཅན་གྱི་བསྒྱུར་བཅོས་ཤིག་གཏོང་གི་ཡོད་པ་ནི་དངོས་ཡོད་ལྟ་བུ་ཞིག་ཏུ་མཐོང་། ལྷག་པར་དུ་སློབ་དཔོན་ཅིན་ཝན་གྱི་བསམ་ཚུལ་སྐོར་བལྟས་ན། རྒྱ་ནག་དབུས་དམར་ཤོག་གི་སློབ་དཔོན་ཞིག་གིས་རྒྱ་ནག་སྲིད་གཞུང་ལ་ཆེས་ཚོར་ཤུགས་རྣོ་བའི་གནད་དོན་ཐོག རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ཞིག་ཏུ་དེ་ལྟར་བརྗོད་པ་ནི། ཁོང་མི་སྒེར་གྱི་བསམ་ཚུལ་ཞིག་གཏན་ནས་ཡིན་མི་སྲིད་པ་ཞིག་རེད་ལ། མ་མཐའ་ཡང་སྐད་ཆ་དེ་རྒྱ་ནག་གཞུང་ཕྱོགས་ནས་ཡོང་བ་ཞིིག་ཡིན་པ་ཐེ་ཚོམ་མེད། དེས་ན་ཅིའི་ཕྱིར་རྒྱ་གཞུང་གིས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱེད་མ་བཅུག་པར་ལམ་སང་དྲག་གནོན་བྱས་པ་རེད། ཅེས་པ་འདིའང་སྐབས་སུ་བབ་པའི་དྲི་བ་ཞིག་རེད། ཡིན་ནའང་ངས་བསམ་ཚུལ་ལྟར་ན་རྒྱ་ནག་སྲིད་གཞུང་དང་དབང་འཛིན་པའི་ནང་ཁུལ་དུ་བོད་ཀྱི་སྲིད་བྱུས་ཐད་བསམ་ཚུལ་མི་མཐུན་པའི་འགལ་ཟླ་ཆེན་པོ་ཞིག་ལྷག་ཡོད་པ་ལྟ་བུ་ཞིག་རེད།
རྒྱ་གཞུང་གིས་༧སྐུའི་འཁྲུངས་སྐར་ཉིན་རྟའུ་རུ་མེ་འདའ་བརྒྱབ་པའི་དོན་རྐྱེན་མ་ བྱུང་པའི་སྔོན་དུ་བོད་ནང་༧གོང་ས་མཆོག་གི་སྐུ་པར་གཤོམ་ཆོག་པ་སོགས་སྲིད་བྱུས་ལྷོད་ཡང་གི་གནས་ཚུལ་དེ་དག གལ་ཏེ་ཁུངས་ལུང་མེད་པའི་དཀྲོག་གཏམ་ཞིག་ཡིན་པའི་དབང་དུ་བཏང་སྟེ། རྒྱ་ནག་སྲིད་གཞུང་གིས་བོད་ཀྱི་གནད་དོན་དེ་རེ་ཞིག་ཐག་གཅོད་བྱེད་པའི་བློ་སྤོབས་དང་འདོད་པ་མེད་པ་ལྟ་བུ་ཞིག་ཡིན་སྲིད་ཀྱང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་དུ་གཏོང་མི་སྲིད་པ་ཞིག་མ་རེད། ད་ལྟའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ཀྱང་གཉིས་ཕན་ལམ་དུ་ཤར་བསྐྱོད་བྱས་ཏེ། རྒྱ་ནག་དམར་ཤོག་གི་རྩ་ཁྲིམས་སྒྲོམ་གཞིའི་ནང་རང་སྲིད་རང་སྐྱོང་གི་གནས་བབས་ཐོབ་རེ་བྱེད་བཞིན་པ་དང་། ཉེ་སྔོན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་ད་ལྟའི་རྒྱ་ནག་དམར་ཤོག་གིས་བོད་དབང་བསྒྱུར་ལ་རྩོད་པ་མེད་ལུགས་གསུངས་ཡོད།
དེར་བརྟེན། རྒྱ་ནག་གཞུང་གིས་བོད་ཀྱི་སྲིད་བྱུས་ཅུང་ལྷོད་ཡང་དུ་བཏང་ཡང་རྒྱ་ནག་གཞུང་གི་རྩ་བའི་ཁེ་ཕན་ལ་ཕོག་ཐུག་མི་འགྲོ་བ་དང་། རྒྱ་ནག་དབང་འཛིན་པའི་ཁྱོན་ཡོངས་ཀྱི་སྲིད་བྱུས་ལའང་ཤུགས་རྐྱེན་ཐེབས་མི་སྲིད། དེར་མ་ཟད་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་མཚན་མཐོང་ལ་ཡང་ཕན་ཐོགས་ཆེན་པོ་ཡོད་པས། རྒྱ་ནག་གཞུང་འཛིན་པའི་ནང་དུ་དེ་ལྟ་བུའི་ངོས་འཛིན་ཐུབ་མཁན་ཡོད་ངེས་པ་ཞིག་རེད། ཡིན་ནའང་དེ་དང་མཉམ་དུ་གཞུང་འཛིན་པའི་ནང་“བརྟན་ལྷིང་སྲུང་སྐྱོབ་”ཀྱི་མིང་ཐོག་ནས་ཁེ་བཟང་རག་མཁན་མང་པོ་ཞིག་ཡོད་པ་དང་། གལ་སྲིད་སྲིད་བྱུས་ཅུང་ལྷོད་ཡང་གི་ཕྱོགས་སུ་གོམ་པ་སྤོས་སོང་ན། འོག་གི་ཁེ་ཕན་ཤོག་ཁག་མང་པོ་ཞིག་གི་ལས་ཀ་རང་བཞིན་གྱིས་འགག་འགྲོ་བ་ནི་ཆོས་ཉིད་ཡིན་པས། གཞུང་འཛིན་པའི་ནང་དུའང་ལྟ་ཚུལ་མི་མཐུན་པ་ཡོད་པ་ནི་ཁོང་ཚོའི་ཁ་ཐུག་གི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་རེད།
ཞི་ཅིན་ཕིང་གིས་སྲིད་དབང་བཟུང་བ་ནས་བཟུང་རྒྱ་ནག་དམར་ཤོག་ཚོགས་པའི་ནང་དུ་སྔོན་དང་མི་འདྲ་ས་གཅིག་ནི། ཁོང་ཚོས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་རྣམས་གྲ་མི་མཉམ་པ་དང་བཤད་སྟངས་མི་མཐུན་པ། གོང་འོག་མི་མཚུངས་པ། ཁ་ཁོག་མི་གཅིག་པ་ལྟ་བུའི་རྣམ་པ་མངོན་ཡོང་གི་ཡོད་ཅིང་། བོད་དུའང་དེ་དང་གཅིག་མཚུངས་སུ་གྱུར་ཡོད། དེ་དང་ཕྱོགས་མཚུངས་ད་ལྟའི་གཉིས་ཕན་དབུ་མའི་སྲིད་བྱུས་ཀྱི་ལམ་ནས་གྲོས་མོལ་བསྐྱར་གསོས་བྱས་ཏེ། བོད་དོན་ཐག་གཅོད་ཡོང་བ་ལ་ཐོག་མར་རྒྱ་ནག་དམར་ཤོག་ནང་ཁུལ་གྱི་གནད་དོན་རྣམས་ཚར་བཅད་དེ། གུ་ཡངས་ཤོག་ཁག་ཏུ་གྲགས་པའི་ཞི་ཅིན་ཕིང་ལ་སོགས་ལ་མཐའ་གཅིག་ཏུ་རྒྱལ་ཁ་ཐོབ་པ་ཡིན་ན། རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱང་རིམ་བཞིན་དུ་གུ་ཡངས་སུ་འགྲོ་སྲིད་པ་མ་ཟད། བོད་རྒྱ་ཞི་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་ཐག་གཅོད་ཡོང་མི་སྲིད་པ་ཞིག་ཀྱང་མ་རེད།
བསམ་ཚུལ་ཡག་པོ་བྲིས་འདུག རིག་པས་ཡག་པོ་དཔྱད་འདུག བཀའ་དྲིན་ཆེ།
༼རྒྱ་ནག་གིས་བོད་ཀྱི་སྲིད་བྱུས་ལ་འགྱུར་བ་གཏོང་སྲིད་དམ་ཞེས་པའི་སྐོར་ལ་མཆན་གཅིག་བཀོད་འདུག༽
བོད་ངོས་ནས་རང་ཚུགས་བརྟན་དང་མི་བརྟན་ལ་རགས་ལུས་པ་རེད། བོད་མིའི་ཆིག་བསྒྲིལ་ལ་རགས་ལུས་པ་རེད།
བསམ་ཚུལ་ལ་མོས་མཐུན་ཡོད། རྨོངས་ཞེན་དང་བཅོས་སྒྲུང་ལ་དགའ་བའི་བོད་མི་ཁག་ཅིག་གིས་རྒྱ་དམར་གཤེད་མ་ལ་མགོ་འདོགས་རྒྱུར་ཅི་ཡང་མི་སྙམ། གོང་གི་བསམ་ཚུལ་དེར་བརྗོད་དོན་ལྟར། རྟའུ་རུ་བྱུང་བའི་རྒྱ་གཞུང་གི་བཙན་གནོན་དེ་དང་། འདི་ཟླའི་ཚེས་༨ ཉིན་ཨ་མདོ་བླ་བྲང་དུ་རྒྱ་དཔོན་ཞིག་གིས་གཞུང་འབྲེལ་ཐོག་”ཏཱ་ལའི་བླ་མར་བཟུང་བའི་སྲིད་བྱུས་ལ་འགྱུར་བ་མེད་”ཅེས་ཆེད་དུ་བསྒྲགས་གཏམ་སྤེལ་བ་དེ་དག་གིས། བོད་མི་མགོ་འདོགས་རིང་ལུགས་པ་ཚོའི་མངོན་འདོད་ལ་བརྡ་ལན་ཞིག་དངོས་སུ་སྤྲད་ཡོད།
དོ་སྣང་ཆེ་པོ་གནང་འདུག་པ་ཡག་པོ་རེད།
http://ti.gzznews.com/
ཡུས་ཀྲིན་ཧྲིན་གྱིས་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་པ་དང་མཉམ་དུ་བཞུགས་མོལ་མཛད་སྐབས། ཀན་ལྷོ་ཁུལ་གྱིས་མཐོ་སྒང་གི་དཀའ་ཚེགས་ཆེ་བའི་འཚོ་བའི་ཆ་རྐྱེན་འོག་ཏུ་བྱ་བ་གང་མང་བསྒྲུབས་ནས་གྲུབ་འབྲས་མངོན་གསལ་བླངས་པར་ཁས་ལེན་གང་ལེགས་མཛད། ཏཱ་ལའི་གནད་དོན་སྐོར་གླེང་སྐབས་ཁོང་གིས་གསུངས་རྒྱུར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་དུས་ཡུན་རིང་བོར་མེས་རྒྱལ་ཁ་བྲལ་གྱི་བྱ་འགུལ་སྤེལ་ནས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་ལ་རྒྱབ་འགལ་བྱས་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྲོལ་རྒྱུན་ལྟ་བ་ལ་རྒྱབ་འགལ་བྱས། ཁོས་བཏོན་པའི་བོད་ཁུལ་ཆེན་པོ་ཚད་མཐོན་པོས་རང་སྐྱོང་བྱེད་པ་དམིགས་འབེན་ཡིན་པའི་དབུ་མའི་ལམ་ནི་ཀྲུང་གོའི་རྩ་ཁྲིམས་དང་ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་མཐའ་གཅིག་ཏུ་འགལ་ཡོད། རྒྱལ་ཁབ་གཅིག་གྱུར་དང་བོད་ཁུལ་འཕེལ་རྒྱས་བརྟན་འཇགས་ཡོང་ཆེད། ངེས་པར་དུ་ལངས་ཕྱོགས་གསལ་བོའི་སྒོ་ནས་ཏཱ་ལའི་ཕྱོགས་ཁག་ལ་འཐབ་རྩོད་བྱེད་དགོས་པ་དང་། བོད་བརྒྱུད་ནང་བསྟན་ཆོས་རིགས་ལས་རིགས་ཀྱི་མི་སྣས་ཆབ་སྲིད་ཀྱི་ཐད་ནས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་བའི་ལངས་ཕྱོགས་དང་འབྲེལ་མཚམས་གཅོད་པར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་དགོས་ལ། བློ་ཐག་རྦད་ཆོད་སྒོས་རྒྱལ་ཁབ་ཁ་བྲལ་ཏུ་གཏོང་བ་དང་ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་དགོས། ཀྲུང་དབྱང་གིས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་བར་སྤྱོད་པའི་སྲིད་ཇུས་ནམ་ཡང་གསལ་བོ་ཡིན་པ་དང་། ཏཱ་ལའི་བླ་མས་བོད་ལྗོངས་གནའ་ནས་བཟུང་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཡིན་པ་མངོན་གསལ་དུ་ཁྱབ་སྒྲོག་བྱེད་པ་དང་། བོད་ལྗོངས་རང་བཙན་གྱི་ལངས་ཕྱོགས་འདོར་བ། མེས་རྒྱལ་ཁ་བྲལ་གྱི་བྱ་འགུལ་སྤེལ་མཚམས་བཞག་ན་ད་གཟོད་ཀྲུང་དབྱང་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་པའི་སྐོར་གླེང་ཆོག་ཟེར།
གུན་ཁྲན་དམར་པོའི་ལྕགས་ཀྱི་དབྱུག་པ་འདི།
ཤ་ཁྲག་གཅིག་པའི་སྤུན་ལ་བརྡེགས་ཉིན་མོར།
བརྡེགས་ས་དཔའ་བོ་ཁྱེད་ཀྱིས་བཟོད་ནའང།
མཐོང་མཁན་སྡང་མ་ང་ཚོས་མི་བཟོད་འདུག
རྡ་སའི་རི་བོའི་སྟེང་གི་ལྐོག་གཟན་ཚོས།
ཉམ་ཐག་བོད་པའི་སྤྱི་རྒྱུར་ཟ་ཉིན་མོར།
ཟ་མཁན་ཁྱོད་ལ་ངོ་ཚ་མེད་ནའང།
མཐོང་མཁན་ང་ཚོའི་མིག་གིས་བཟོད་མི་འདུག
རྒྱ་དམག་དམར་པོའི་ལྕགས་ཀྱི་རྡེའུ་འདི།
ཉམ་ཆུང་བོད་མིའི་བྲང་ལ་བརྒྱབ་ཉིན་མོར།
བརྒྱབ་ས་དཔའ་བོ་ཁྱེད་ཀྱིས་བཟོད་ནའང།
བལྟ་མཁན་སྡང་མ་ང་ཚོས་མི་བཟོད་འདུག
ནུབ་ཀྱི་མཐོ་སློབ་ཐོན་པའི་སློབ་དཔོན་ཚོས།
བོད་ཀྱི་སྐད་ཡིག་མཐོང་ཆུང་བྱེད་ཉིན་མོར།
མཁས་དབང་ཁྱོད་ཚོས་ཐུགས་ཀྱིས་བཟོད་ནའང།
བླུན་པོ་ང་ཚོས་སེམས་ཀྱིས་མི་བཟོད་འདུག
རང་བཙན་རང་སྐད་རང་གི་མི་རིགས་ཆེད།
སྙིང་གི་གཅེས་ཕྲུག་མེ་ལ་མཆོངས་ཉིན་མོར།
མཆོངས་མཁན་གཅེས་ཕྲུག་ཁྱེད་ཀྱིས་ཕོད་ནའང།
བལྟ་མཁན་ཕ་མ་ང་ཚོས་མི་ཕོད་འདུག