སྡིགས་པ་ར་ཛ།
༡ བོད་ཀྱི་ས་ཁུལ་དུ་མི་བསད་ཁྲག་གི་འཁོར་ལོ་བསྐོར་ཏེ་ཞི་བའི་བཅིངས་གྲོལ་མིང་བཏགས་པ།
ད་ལོ་སྟེ་༢༠༢༡་ལོ་བོད་ཞི་བས་བཅིངས་གྲོལ་བཏང་སྟེ་ལོ་བདུན་ཅུ་འཁོར་བའི་མཛད་སྒོ་འཚོགས་བཞིན་པའི་རྣམ་པ་མཐོང་བ་དང་། དེ་ལ་ཚོར་སྣང་མ་བདེ་བ་ཞིག་གིས་བཟི་སྟེ་ཉིན་ཤས་རིང་བསམ་བློ་བཏང་བ་ཡིན། ཞི་བས་བཅིངས་གྲོལ་བཏང་བ་ཞེས་པ་དེ་བོད་པ་གཏན་ནས་མ་བསད་པར་དབང་དུ་བསྡུས་པ་ལ་གོ་ཡང་། དེ་ནི་དངོས་ཡོད་གནས་ཚུལ་ཞིག་ག་ལ་ཡིན། ༡༩༥༩་ལོར་བཙན་བྱོལ་ལ་ཡོང་བའི་ལམ་བར་དང་རྒྱ་གར་དུ་ས་མ་འཕྲོད་ནས་ཤི་བ་རྣམས་རོབ་རྩིས་བྱས་པ་ཡིན་ན་༨༧༠༠༠་ཁྲི་བརྒྱད་དང་བདུན་སྟོང་ཤི་འདུག འདི་ཡང་རྒྱ་ནག་བཙན་ཤེད་ཀྱིས་རང་ས་འཕྲོག་སྟེ། གཞན་ཡུལ་དུ་ཕུད་བཞག་པ་ལ་བརྟེན་ནས་བྱུང་བ་རེད། ༡༩༩༤་ལོར་ཨ་རིའི་གསར་ཁང་ཞིག་ཏུ་བཀོད་པ་ལྟར་ན་མདོ་དབུས་ཁམས་གསུམ་ཀུན་ཏུ་རྒྱ་དམག་གིས་བསད་པ་རྣམས་སྡོམ་༡༢༠༠༠༠༠་བྱེ་བ་གཅིག་དང་འབུམ་གཉིས་ལྷག་བསད་འདུག དེ་ལ་ཞི་བའི་བཅིངས་གྲོལ་ཟེར་བ་རེད་དམ།
བོད་ཁུལ་ཞིང་འབྲོག་མང་ཚོགས་ཉམས་ཆུང་ཚོར་རོགས་པའི་རྣམ་པ་དང་། ཁ་གཏད་དུ་ལང་མཁན་ཚོ་གསོད་ཀྱིན་ཆབ་མདོ་བར་ཕྱིན། ཆབ་མདོའི་དམག་སྒར་སོགས་སུ་ཡོད་པའི་༧༠༠༠་བོད་དམག་སྟོང་ཕྲག་བདུན་ཙམ་བསད་འདུག ད་དུང་༡༩༦༦་ལོ་རིག་གནས་གསར་བརྗེ་དང་། དམངས་གཙོ་བཅོས་བསྒྱུར་ཞེས་པའི་སྐབས་སུ་མུ་གེ་འཆི་བ་དང་། བཙོན་ལ་ཚུད་དེ་ཤི་བ་སོགས་གྲང་ཐོ་མེད་པ་ཡང་དུ་མ་ཡོད་ངེས་སོ། །
དབྱིན་ཇིའི་གསར་ཁང་ཆེ་ཤོས་ཤིག་གིས་ཁྱབ་བསྒྲགས་བྱས་པར་གཞིག་ན་༡༩༥༩་ནས་༡༩༧༦་བར་བོད་ཀྱི་དགོན་པ་དྲུག་སྟོང་ལྷག་གི་འདུ་ཁང་དང་། ལྟ་སྐུ་གསུང་རབ་མ་ལུས་ཐལ་བ་རྡུལ་བཞིན་དུ་བརླགས་འདུག དེ་ལ་ཞི་བའི་བཅིངས་གྲོལ་ཟེར་བ་རེད་དམ།
༢ བོད་ཀྱི་སུ་ཁུལ་ལ་རང་སྐྱོང་ཞེས་མིང་བཏགས་ཀྱང་རང་དབང་གཏན་ནས་མེད་པ།
༡༩༥༥་ལོར་བཙུགས་པའི་ཁམས་པ་རང་སྐྱོང་རྗེས་སུ་དཀར་མཛེས་རང་སྐྱོང་ཞེས་མིང་བསྒྱུར། ༡༩༦༥་ལོར་བཙུགས་པའི་བོད་རང་སྐྱོང་ལྗོངས་སོགས་རང་སྐྱོང་ཞེས་པའི་མིང་ཡོད་སའི་ས་ཁུལ་མང་ཙམ་ཡོད་ཀྱང་། རང་སྐྱོང་གི་མཚན་ཉིད་ཚང་ས་གཅིག་ཀྱང་མེད། རང་སྐྱོང་ཞེས་པ་ས་གནས་དེ་གའི་ཡུལ་མི་དང་། དེའི་སྐད་དང་ཡི་གེས་སྲིད་སྐྱོང་བ་དང་། ཚོང་རྒྱག་པ། འཚོ་བའི་རྒྱུན་ཤེས་བྱེད་དགོས་པའི་དོན་རེད། རྒྱ་ནག་གཞུང་གིས་རང་སྐྱོང་ཞེས་པའ་ཕྱིར་སྡོད་བོད་པ་དང་། རྒྱལ་སྤྱིའི་དཔོན་རིགས་མགོ་བསྐོར་གཏོང་བྱེད་ཅིག་ལས། རང་སྐྱོང་མཚན་ཉིད་པའི་ཐོབ་ཐང་གཏན་ནས་སྤྲད་མེད། དཔེར་ན་གཞུང་གི་ལས་བྱེད་ལ་འགྲོ་དགོས་ན་ངེས་པར་དུ་རྒྱ་ཡིག་ཤེས་དགོས། བོད་ཡིག་ཤེས་པ་ཙམ་གྱིས་ཕན་ཐོགས་ཆེན་པོ་གང་ཡང་མེད། མི་དང་མིའི་བར་འབྲེལ་ལམ་འཛུག་དགོས་ན་རྒྱ་ཡི་སྐད་ཡིག་ཤེས་དགོས་པ་དང་། དངོས་པོ་ཕྲན་ཚེག་ཅིག་ཤེས་དགོས་ན་ཡང་རྒྱ་ཡིག་ལམ་ནས་བཟོ་དགོས་པ་ལས། བོད་ཡིག་གིས་བཟོ་ཐུབ་པའི་དངོས་པོ་སྣེ་གཅིག་མེད། དེ་ནི་བོད་ཡིག་གི་མིང་ཚིག་དང་། བརྗོད་བྱའི་མ་འདང་བ་མ་ཡིན་པར། ཆབ་སྲིད་ཀྱི་དགོས་དབང་གིས་བོད་མའི་རང་དབང་རྡོག་རོལ་དུ་བཏང་སྟེ། ཆབ་སྲིད་རང་སྐྱོང་དང་། ཚོང་ལས་རང་སྐྱོང་ཕར་ཞོགས། རང་ལྟོ་དགང་བ་ལ་ཡང་རྒྱ་ཡིག་མ་ཤེས་ན་གོ་སྐབས་མེད་པར་བསྒྱུར་ཟིན་པ་རེད།
༣ བོད་ཡུལ་གྱི་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་རྩ་ཚང་བ་ཞིག་ལས་སློབ་ཀྱིན་མེད་པ།
པེ་ཅིན། བོད་རང་སྐྱོང་དང་། མཚོ་སྔོན། སི་ཁྲོན་སོགས་སུ་མཐོ་རིམ་སློབ་གྲྭ་ཁག་ཏུ་བོད་ཡིག་གི་སློབ་ཚན་མིང་ཙམ་ཡོད་ཀྱང་། དེར་རྒྱུག་འཕྲོད་པ་ལ་རྒྱ་ཡིག་ཆུ་ཚད་བརྒྱ་ཆ་མང་ཤོས་ལོན་དགོས་ཤིང་། རྒྱ་ཡིག་མི་ཤེས་པའི་གང་ཟག་ཅིག་ལ་མཚོན་ན་གོ་སྐབས་གཏན་ནས་མེད་སར་ལྷུང་ཟིན་པ་རེད། བོད་ཀྱི་ས་ཁུལ་སློབ་འབྲིང་དང་། སློབ་ཆུང་ཁག་ཏུ་བོད་ཡིག་ཡོད་ས་དང་མེད་སར་མང་བ་དང་། ཡོད་པ་རྣམས་ཀྱང་དགེ་རྒན་ལ་དབང་ཆ་དང་། བོད་ཡིག་རིན་ཐང་གཏན་ནས་མེད་པ་དེས། སློབ་ཕྲུག་ཚོས་རྒྱ་ཡིག་ལ་གཙོ་བོ་མ་འཛིན་རང་འཛིན་རེད། ཁྱད་པར་དུ་ཡང་དེང་རབས་ཀྱི་བཟོ་ལས་དང་། ཚན་རིག འཕྲུལ་ལས་རིག་པའི་ལྟ་གྲུབ་སྙིང་པོ་རྣམས་བོད་ཡིག་ནང་ཕལ་ཆེར་མཐོང་རྒྱུ་མེད། མི་དགོས་རྒྱུ་ནུབ་ཕྱོགས་པའི་བསམ་བློ་འབྱེད་པ་གྲགས་ཅན་ཚོའི་མི་ཚེའི་ལོ་རྒྱུས་མང་པོ་བསྒྱུར་ཡོད།
བོད་རང་གི་སྐད་ཡིག་ཐོག་ནས་སྲིད་འབྱོར་རིག་གསུམ་གྱི་བྱ་བ་ཚད་ལྡན་སྒྲུབ་མི་ཐུབ་པ་དང་། རང་སྐྱོང་ཁུལ་ཟེར་བའི་མིང་སྐམ་པོ་དེ་ལ་ལག་ལེན་ཚུལ་བཞིན་མེད་ཚུལ། དཔེར་ན་བོད་རང་སྐྱོང་ལྫོངས་དང་། མཚོ་སྔོན་བོད་རིགས་རང་སྐྱོང་། དཀར་མཛེས། རྔ་བ། སྨི་ལི་སོགས་རང་སྐྱོང་གི་མིང་ཡོད་ས་མང་པོ་རེད། རང་སྐྱོང་གི་ཚད་གཞི་རྩ་བ་ནས་ཚང་མེད་པ་རེད། རང་སྐྱོང་ཞེས་པ་དེ་ས་གནས་དེ་གའི་མི་རིགས་དེའི་སྐད་དང་། ཡི་གེས་སྲིད་གཞུང་གི་ཆབ་སྲིད་དེ་སྐྱོང་དགོས་པའི་དོན་རེད། དོན་དངོས་སྲིད་གཞུང་གི་བྱ་བ་མཐའ་དག་སྒྲུབ་པ་ལ་རྒྱ་ཡིག་མ་གཏོགས། བོད་ཡིག་བེད་ཆོད་མེད། བོད་ཡིག་གི་སློབ་ཚན་ཚད་ལྡན་མེད་ན། བྱ་བ་སྒྲུབ་དུས་རྗེས་སུ་ལུས་པ་དེ་འགྲོ་སྟངས་རེད། ལུགས་སྲོལ་ཕལ་མོ་ཆེ་རྒྱའི་ལུགས་རེད། དེ་ཕྱིར་རྒྱ་ནག་གཞུང་གིས་ཕྱི་རྒྱལ་རང་སྐྱོང་སྤྲད་ཡོད་པའི་རྣམ་པ་བསྟན་ཏེ་བོད་པ་མགོ་སྐོར་གཏོང་བཞིནཔ་་རེད།
༤ བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལྟ་གྲུབ་ཁུངས་མེད་དུ་བསྒྱུར་བའི་ཐབས་ལམ་བཏིང་བ།
༡༩༨༦་ལོར་བཙུགས་པའི་བོད་རིག་པ་ཞིབ་འཇུག་ཅེས་པའི་ཚོགས་པ་དེ་བོད་རིག་གཞུང་དང་། མི་རིགས་མཐུན་སྒྲིལ་གཏོར་བཤིགས་གཏོང་མཁན་གྱི་གཏེ་བོ་དེ་ཚོ་རེད། ཁོ་པ་ཚོས་བོད་རིག་པ་ཞེས་པའི་མིང་སྙན་པོ་དེའི་གདོང་འབག་གི་འོག་ནས། བོད་ཀྱི་རྒྱལ་རབས་དང་། ལོ་རྒྱུས། ལྟ་གྲུབ་མ་ལུས་འཆོལ་རྙོག་ཅན་དུ་བསྒྱུར་བཞིན་ཡོད། བོད་པ་རིག་ཞིབ་འཇུག་པ་ཚོ་ཡིད་ཆེས་གཙོ་བོ་བྱེད་ས་གཙོ་བོ་རྐུན་བོན་གྱི་རིག་གནས་ཡིན། རྐུན་བོན་ནི་དུས་རབས་བཅུ་པའི་༩༩༦་ནས་༡༠༣༥་བར་བྱུང་བའི་ཀླུ་དགའ་ཟེར་བའི་བན་ལོག་དེ་དང་། ཁྱད་པར་ཡང་དུ་ཡང་རྐུན་བོན་གྱི་འདུལ་བ་རྫུན་བཟོ་མཁན་༡༣༥༦་ནས་༡༤༡༥་བར་བྱུང་བའི་རྒྱལ་རོང་ཤེས་རབ་རྒྱལ་མཚན། ཡང་དགོས་ཁྱད་པར་ཅན་ལོ་རྒྱུས་རྫུན་བཟོ་མཁན་༡༨༥༩་ནས་༡༩༣༤་བར་བྱུང་བའི་ཤར་རྫ་བ་དང་། བཀའ་བསྟན་རྫུན་བཟོ་མཁན་༡༨༦༩་ནས་༡༩༣༤་བར་བྱུང་བའི་ཉག་རོང་དབལ་ཁྱུང་དགོན་པའི་ཆོས་རྐུན་རྣམས་རེད། ཁོ་ཚོ་ནི་གདོད་མའི་བོན་པོ་མ་ཡིན་པར། བན་དེའི་སྤྱི་ཚོགས་ནས་སློབ་སྦྱོང་བྱས་ཏེ། རྟོག་འཆར་རིང་ལུགས་པ་གཙོ་བོ་རྣམས་རེད། ཁྱད་པར་དུ་ཡང་ཤར་རྫ་བ་དང་། ཉག་བླ་དང་། སྨན་རིའི་ཁྲི་འཛིན་ཉེར་དྲུག་པར་གྲགས་པའི་སྡེ་དགེའི་བླ་རྒན་འདི་ཚོ་དཔེ་རྐུན་ཉེས་ཅན་ཤ་སྟག་རེད། ཤར་རྫ་བ་ལ་མཚོན་ན་རྒྱ་དཀར་ནག་གི་སྐད་དང་། ཡི་གེ་མི་ཤེས་ཤིང་། སྔོན་གྱི་དཔེ་རྙིང་གཏན་ནས་མེད་པར་ཤར་རྫ་རི་ཁྲོད་དུ་ཉལ་ཏེ། ལེགས་བཤད་མཛོད་སོགས་རྟོག་བཟོས་བྱས་པ་ནི། མཁས་པས་བལྟས་ན་ཁྲེལ་འོས་པ་དང་། རང་གི་རྐུབ་ཐོན་པ་ལ་འཇིགས་མི་ཤེས་པའི་གླེན་རྒན་དང་པོ་དེ་རེད། བོད་རིག་པ་ཞིབ་འཇུག་པ་དང་། དེའི་རྗེས་འབྲང་ཚོས་བོད་ཀྱི་བོད་ཀྱི་ལོ་རྒྱུས་ནང་ཡོད་པའི་ཞང་ཡིག་ཡོད་ཚད་ཞང་ཞུང་ལ་འགྲེལ། དེ་ཡང་མངའ་རིས་ལ་བཙན་གྱིས་འགེལ། བོད་ཀྱི་ལོ་རྒྱུས་ཁག་གི་ནང་དུ་ཡོད་པའི་ཞང་ཡིག་རྣམས་ནི་རྒྱལ་པོའི་བཙུན་མོའི་ཕྱོགས་གཏོགས་ལ་གོ་བ་ལས། ཞང་ཞུང་ནས་ཡིན་པ་དང་། བོན་པོར་སྒྲུབ་ན་རྣམ་དཔྱོད་གཏན་ནས་མེད་རྟགས་རེད། ཞང་ཞུང་རྒྱལ་པོ་ལི་སྐྱ་མིཀ་གི་མིང་དང་། ཆས་གོས་གང་ལ་བལྟས་ཀྱང་ཡུ་གུར་མི་རིགས་ཀྱི་མི་བུ་སྣ་ཟོར། མིག་སྐྱ་བོ་ཅན་ཞིག་ལས་བོད་པ་ཞིག་གཏན་ནས་མ་རེད།
༥ བོད་མི་ཡོངས་རྫོགས་ལག་འཁྱེར་གྱི་ཐོབ་ཐང་འཕྲོག་སྟེ་ཚེ་བཙོན་དུ་བཅུགས་པ།
དུས་རབས་ཉེར་གཅིག་པའི་དུས་འགོ་འདིར། ཤར་ནུབ་ཀྱི་མི་བུ་ཕལ་མོ་ཆེ་ཤར་ནས་ནུབ་ལ་འཕུར། ནུབ་ནས་ཤར་ལ་འཕུར་བའི་དུས་འདིར། བོད་པ་གདོང་དམར་ཚོ་སྤྲེའུ་རྐུབ་དམར་བཞིན་གཅན་ཟན་གླིང་གར་རི་དྭགས་ཚོ་བཟང་བཙོན་བྱེད་པ་བཞིན། གར་འགྲོ་དང་། གར་འདུག་རང་དབང་མེད་པར་ཧི་མ་ལའི་མགུལ་དུ་ཡིབས་ནས་བསྡད་ཡོད། བོད་པ་ལག་འཁྱེར་མི་སྤྲད་པ་དེ་ནི་ཆབ་སྲིད་ཀྱི་དགོས་དབང་གཅིག་པུ་མ་ཡིན་པར། དཔལ་འབྱོར་གྱི་གནད་དོན། རྒྱལ་སྤྱིའི་གནས་ཚུལ་ཤེས་སུ་མི་འཇུག་པར། རྒྱ་མི་རིགས་ཀྱི་རྗེས་སུ་མ་ལུས་ན་ཡང་། སྔོན་དུ་ཐོན་མི་འཇུག་པའི་ཆེད་རེད། བོད་པ་ཚོ་ལག་ཁྱེར་ཡོད་པ་དང་། ཕྱོགས་གང་སར་འགྲོ་ཐུབ་པ་ཆགས། དཔལ་འབྱོར་དཀའ་ངལ་མེད་པར་ཆགས་ན། རྒྱལ་སྤྱིའི་ཐོག་རྒྱ་མི་རིགས་བརྒྱ་ལས་བོད་པ་གཅིག་གི་ནུས་པ་ཆེ་བ་རྒྱ་གཞུང་གིས་ཤེས་ཟིན་པ་རེད། དེ་ཕྱིར་རྒྱ་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་གོ་ལ་ཧྲིལ་པོར་སྲ་བརྟན་མ་ཆགས་པར། བོད་པ་བཟང་བཙོན་ལ་འཇུག་རྒྱུ་རེད། རྒྱ་ནག་ནང་ཁུལ་དུ་རྒྱ་བོད་གཉིས་བསྡུར་ན་གནམ་སའི་ཁྱད་པར་རེད། འཛམ་གླིང་ཤར་ནུབ་ཀྱི་རིག་གནས་དང་། དཔལ་འབྱོར་རྒྱས་པའི་ས་ཁུལ་དུ་རྒྱ་ཡི་སྤྲོ་འཆམ་པ་གྲངས་མེད་རེད། བོད་ནས་བསླེབས་པ་བོད་པ་གཅིག་ཀྱང་མཐོང་དུ་མེད། རྒྱ་ནག་རང་གི་མི་རིགས་དང་། འཛམ་གླིང་ཤར་ནུབ་གང་དུ་སོང་ན་འགྲོ་གྲོན་དང་། ཆོག་མཆན། ལག་འཁྱེར་ལ་དཀའ་ངལ་གཏན་ནས་མེད་པ་དང་། ཕྱི་རྒྱལ་བ་སོགས་རྒྱ་སྡེའི་ཕྱོགས་སུ་ཇི་ལྟར་སོང་ཡང་བཀག་འགོག་མེད།
༦ བོད་མི་ཕལ་མོ་ཆེ་ཤེས་རྨོངས་སུ་བསྒྱུར་ཏེ་དེང་རབས་ཀྱི་ཤེས་ཡོན་མ་སྤྲད་པ།
རྒྱ་ནག་གིས་མི་རིགས་ཡོད་ཚད་འདྲ་མཉམ་ཡིན་ཞེས་བཤད་བཞིན་པ་རེད། བོད་མི་ཀླད་མེད་འགས་ཀྱང་དེ་ལྟར་ཟེར་བཞིན་པ་ཐོས་སོང་། ཡིན་ན་ཡང་གནས་ཚུལ་དངོས་ལ་རྒྱུས་ལོན་བྱོས་དང་། རང་ཉིད་ས་གནས་དེ་ག་རང་ལས་ཕྱིན་མ་མྱོང་ཞིང་། སྲིད་འབྱོར་རིག་གསུམ་གྱི་གོ་བ་ཞན་པའི་མི་བུ་ཞིག་ཡིན་ན་མ་གཏོགས། དངོས་གནས་ལུགས་གཉིས་སྲང་ལ་གཞལ་ཏེ་ལྟ་བའི་ཤེས་རབ་ཀྱི་མི་ཟུང་མཛེས་པ་ཞིག་ཡོད་ན། དེ་འདྲ་ཞིག་གཏན་ནས་མ་རེད། འཛམ་བུ་གླིང་འདིའི་གོང་གི་ཤེས་བྱའི་ཡོན་ཏན་གསར་བ་མ་ལུས་མི་ལུས་ལུས་པ་མེད་པར་ཡོད་ཚད་རྒྱའི་མི་རིགས་ལ་ཐོབ་ཟིན་པ་རེད། དེ་ནི་རྟོག་འཆར་ཙམ་མ་ཡིན་པར་སྦྱོར་བ་ལག་ལེན་ཐོག་ནས། གནམ་གྲུ། མེ་འཁོར། གྲུ་གཟེངས། རླངས་འཁོར། གནས་ཁང་སོགས་བཟོ་རིགས་དང་། རྡུལ་ཕྲན་རིག་པ། སྐྱེ་དངོས་རིག་པ། སྨན་རྫས། དྲ་རྒྱའི་མཉེན་ཆས་དང་། སྲ་ཆས་རྣམས་ཀྱི་ལྟ་གྲུབ་ཙམ་མ་ཡིན་པར། ཚད་ལྡན་བཟོས་ཏེ་རྒྱལ་སྤྱིའི་ཐོག་འཚོང་བཞིན་པ་རེད། ཐོག་མའི་བཟོ་གྲྭ་སོགས་ཨ་རི་དང་། དབྱིན་ཇི་སོགས་ཀྱིས་བཙུགས་པ་ཞིག་རེད། ཡིན་ན་ཡང་དེ་ཚོ་ཚང་མ་རྒྱ་མི་རིགས་གནས་སྡོད་ཁུལ་དུ་ཆོག་མཆན་སྤྲད་པ་ལས། བོད་ལ་གཏན་ནས་མེད་པ་ཅིའི་ཕྱིར་རེད། གཅིག་ཅེ་ན་མཚོ་འགྲུལ་སྟབས་བདེ་བར་དམིགས་ཏེ་བཟོས་པ་ཞིག་རེད་ཟེར་སྲིད་པ་རེད། དེ་ལྟར་ཡང་གོ་སྐབས་ཆ་ཚང་རྒྱ་མི་རིགས་ལ་སྤྲད་པ་ལས། བོད་པ་ཚོར་ཐོབ་མེད་པ་ཇི་ལྟར་གྱུར་པ་རེད། ཐོབ་ཐང་འདྲ་མཉམ་ཡིན་པས་སོ། །མདོར་རྒྱ་མི་རིགས་ཀྱིས་གང་བཤད་དང་། གང་བཟོས་མཐའ་དག་བོད་པས་བེད་ཆོད་གཏོང་ནུས་ཙམ་བྱུང་ན་ཨ་རབ་རེད། དེ་མིན་འཕྲུལ་རིག་གི་ངོ་བོ་བྱེད་ལས་ཡང་དག་ཤེས་མཁན་དཀོན་པོ་རེད། ཚགས་པར་དང་། དྲ་རྒྱ་ཁག་ཏུ་ཁྱབ་སྒྲག་ཆེད་སློབ་སྦྱོང་སྤྲད་བཞག་པའི་བོད་པ་འགའ་ཡོད་པ་ཡང་ཤེས་ཀྱིན་ཡོད།
༧ བོད་མི་ནང་ཁུལ་ས་རྩོད་ཆུ་རྩོད་ཕན་ཚུན་གསོད་རེས་བྱས་པ་རང་དགར་བསྐྱུར་བ།
བོད་མི་ནང་ཁུལ་དུ་རྙོག་འཛིང་ཐུག་སྟེ། ཆོས་ལུགས་དང་། བླ་མའི་གནད་དོན། རྩ་ས་དང་། ཆུ་སའི་དཀའ་ངལ་ལ་བརྟེན་ནས་རྒྱག་རེས་འཛིང་རྩོད་ཇི་ལྟར་བྱས་ཀྱང་། མཐོང་ན་མ་མཐོང་ཁུལ། གོ་ན་མ་གོ་བའི་རྣམ་པས་བླ་རྒན་ཚོའི་མགོར་གཡུག བླ་རྒན་ཚོས་མ་འཇོན་ན་འཇོན་མདོག་གིས་གྱོད་འདྲ་བོ་བཤད་ཁུལ་བྱེད། ཞག་ཤས་དང་། ལོ་ཤས་རྗེས་སུ་ཡང་བསྐྱར་ལང་སྟེ། མི་གསོད་རྟ་བསྒྱུར་ཁྲག་གི་འཁོར་ལོ་བསྐོར་ན་ཡང་། ཉེས་པ་འཛིན་མཁན་དེ་ཙམ་མེད། དེ་ནི་རྒྱ་ནག་གཞུང་ལ་རྒྱ་མི་རིགས་དགོས་པ་ལས། བོད་མི་རིགས་མི་དགོས་པ་དང་། བོད་ཀྱི་ས་ཁུལ་རྩ་བ་ཆེན་པོ་ཆགས་ཡོད་ན་ཡང་། མི་རིགས་གལ་ཆེན་མ་ཡིན་པ་རྟོགས་ཐུབ་ལ། བོད་ནང་ཕན་ཚུན་བསད་དེ་རྩ་མེད་ཆགས་སོང་ན། དགའ་བ་ལས་ཁྲིམས་འགལ་དུ་བརྩིས་མེད་པའི་རྟགས་གསོན་པོ་རེད། རྒྱ་མི་རིགས་ནང་ཁུལ་དུ་མེ་མདའ་ཉར་མཁན་དཀོན་ན་ཡང་། བོད་པའི་ཞིང་འབྲོག་མང་ཚོགས་སུ་མེ་མདའ་ཡོད་ཧ་ཅང་མང་། སྲིད་གཞུང་ཞིག་མཚོན་ན་གནད་དོན་དེའི་རིགས་མི་ཤེས་པ་ག་ལ་སྲིད་དེ་མི་སྲིད་དོ། །
༨ བོད་ཀྱི་རིག་གནས་ཆེད་དུ་སྐད་འབོད་བྱེད་ན་བཙོན་དུ་བཅུགས་ཏེ་ནད་པར་བསྒྱུར་བ།
བོད་རང་གི་རིག་གཞུང་དང་། སྐད་ཡིག རང་དབང་གི་གནད་དོན་གླེང་མཁན་རེ་ཡོད་ན། ཉི་མ་དེ་ནས་བཟུང་མི་མཐོང་རྒྱུ་མེད་པར་གྱུར་ཟིན་པ་རེད། ནང་མི་སྤུན་མཆེད་དང་། ཡུལ་མི་ཚོས་གང་དུ་ཡོད་མེད་ཙམ་ཡང་མི་ཤེས། བཙོན་ཁང་ནས་ཚུར་ལོག་རྒྱུ་མེད་པར་གྱུར་བའི་གང་ཟག་ཀྱང་མང་པོ་རེད། གལ་སྲིད་ཐོན་ན་ཡང་ལུས་སེམས་བདེ་ཐང་མེད་པའི་མི་བུ་ཕྱེད་ཀ་ཅན་དུ་བསྒྱུར་ཟིན། འདི་འདྲའི་གནད་དོན་དེ་༡༩༥༩་ནས་ད་ལྟ་བར་མུ་མཐུད་ནས་བྱུང་བ་ཞིག་རེད། དང་པོ་༡༩༩༨་ལོར་ཐུབ་བསྟན་དངོས་གྲུབ་ཀྱི་རང་ཉིད་མེ་ལ་ཞུགས་པ་དང་། ༢༠༠༨་ནས་ད་ལྟ་བར་༡༥༧་གྱིས་རང་ལུས་མེར་བཞུས་ཏེ་རིག་གཞུང་དང་མི་རིགས་ཆེད་རང་སྲོག་བློས་བཏང་ཟིན་ཡང་། རྒྱ་ནག་གིས་གཟའ་ཙང་གི་དཀའ་ངལ་དང་། སེམས་མི་བདེ་བ། ཆང་སྐྱལ་ཚོས་རང་སྲོག་བཅད་པ་རེད་ཅེས་བཤད་བཞིན་པ་རེད། ང་ཚོས་མཐོང་ཟིན་པའི་གནས་ཚུལ་དང་། འདས་པའི་གནས་སྟངས་གང་ལ་བསམ་བློ་བཏང་ན་ཡང་། རྒྱ་ནག་གཞུང་ལ་བོད་ཀྱི་ས་དང་། གཏེར་ཁ་མཁོ་བ་ལས། བོད་མ་རིགས་མི་དགོས་པ་ཕར་བལྟས་ཚུར་གཟིགས་རེད།
༨ བོད་ཀྱི་གསེར་དངུལ་ཟངས་ལྕགས་ཀྱི་གཏེར་ཁ་མ་ལུས་གཡོ་བཙན་གྱིས་བླངས་པ།
སྤྱི་ལོ་༡༩༤༩་ནས་༢༠༠༠་བར་ས་གཤིས་རྟགས་དཔྱད་པས་བོད་ཡོངས་ལ་གཏེར་ཁའི་རིགས་མི་འདྲ་གང་ཡོད་རྒྱུས་ཡོན་བྱས་པར་བརྒྱུད་ཤེས་རྟོགས་བྱུང་བར་གཞིག་ན། གཏེར་ཁ་མི་འདྲ་བའི་༡༢༦་ཙམ་ཡོད་པ་དང་། དེ་ཚོ་ཚང་མ་གསེར་དངུལ་ཟངས་ལྕགས་སོགས་རིན་པོ་ཆེ་ཤ་སྟག་རེད། གཏེར་ཁ་དེ་ཚོའི་རིགས་ལས་གསེར་ཉུང་ཤས་ཤིག་ལས། ཕལ་མོ་ཆེ་བོད་པ་ཚོས་གར་ཡོད་ཙམ་ཡང་ཤེས་ཀྱིན་མེད། གཏེར་བརྟགས་པའི་རིག་གནས་ཤེས་དགོས་ན། ས་གཤིས་རིག་གནས་ལ་མཁས་དགོས་པ་དང་། བོད་ལ་དེ་འདྲའི་སློབ་སྦྱོང་སྤྲོད་མཁན་མེད་ལ། བོད་པ་ཚོས་རིག་གནས་ཤིག་ཡོད་པ་མ་ཤེས་པའི་བརྒྱུད་རིམ་ཁྲོད་ནས། རྒྱ་ནག་གིས་གཏེར་ཡོད་པ་ཤེས་པར་མ་ཟད། ཕལ་མོ་ཆེ་དངོས་སུ་འཕྲོག་པ་དང་། ལྐོགས་ནས་བརྐུས་ཏེ་ཁུར་ཟིན།
༩ བོད་ཀྱི་ནགས་ཚལ་ཕལ་ཆེར་རྒྱ་ནག་ཏུ་ཁུར་ཏེ་བོད་ཡུལ་ཁྲ་སྐམ་ཅན་དུ་བསྒྱུར་བ།
ང་ཚོ་ཆུང་དུས་འབྲི་ཆུ་བརྒྱུད་ལ་འགྲོ་མྱོང་ཞིང་། དབྱར་གཞུང་ཆུ་ཆེ་བའི་སྒང་ལ་ཟླ་ཆུ་སོགས་ཆུ་ཆེན་ཁག་གི་ནང་དུ་ཉིན་མཚན་མེད་པར་བོད་ཀྱི་ཤིང་སྡོང་རྣམས་རྒྱ་ནག་དབོར་འདྲེན་བྱེད་ཀྱིན་ཡོད། ཆུའི་རྒྱ་ཁྱོན་གང་སར་གདོང་མ་འབའ་ཞིག་ལས་ཆུ་མཐོང་དུ་མེད་སའི་ས་ཕྱོགས་མང་པོ་རེད། ལོ་ངོ་སྟོང་ཕྲག་སོང་བའི་ནགས་རི་རྣམས་སྐྱ་ཐ་རེ་བསྒྱུར། ཚད་ལྡན་ཚུལ་མཐུན་བྱས་ན་ཤིང་ནགས་གཅོད་ཤུལ་དུ་ཡང་གསར་པ་ཞིག་བཙུགས་ན། ལོ་ཉི་ཤུ་སུམ་ཅུ་རྗེས་སུ་སླར་ཡང་འབོ་ལོ་གསར་བས་གང་བའི་རི་འགྱུར་ངེས་ཀྱང་། རྒྱ་རྒན་ཚོས་གཅོད་གང་ཐུབ། བོད་པ་ཚོས་ཤིང་ནས་འཛུགས་རྒྱུ་ཡོད་པ་མི་ཤེས། གནའ་བོའི་ནགས་རི་མེད་པར་ཆགས་ཚར་ནས་བཟུང་། རི་དེ་ཤིང་སྐམ་གྱི་ཁྲ་མ་དང་། གདུང་དུམ་གྱིས་ཁྱབ་པའི་དུར་ས་ཞིག་རེད། ཉེ་ཆར་རྒྱ་ནག་གཞུང་གིས་ཤིང་ནགས་འཛུགས་བསྐྲུན་གྱི་བྱ་བ་ཞིག་སྤེལ་ཡོད་ས་རེད་དེ། དེ་ནི་བོད་ཁུལ་མཐོ་སྒང་གི་ཤིང་ནགས་བཅད་པ་མང་དྲགས་ཏེ་རྒྱ་གདིང་ལ་ཆུ་ལོག་རྒྱུག ཆུ་བོ་ཆེན་པོ་སོགས་རྒྱས་པ་གཅོག་ཕྲི་བྱ་བའི་ཆེད་དུ་ཞིང་ཁར་ཚེར་མ་འདེབས་བཅུགས་པ་དང་། ཤིང་ནགས་གསར་འཛུགས་ཀྱི་བྱ་བ་འབད་བཞིན་པ་རེད། རྒྱལ་སྤྱིའི་ས་གཤིས་རིག་པ་བས་བརྗོད་པ་ལྟར་ན་བོད་ཀྱི་ས་ཁྱོན་ཡོངས་ནས་བྱེ་ཐང་ལ་འགྱུར་བཞིན་པའི་ཉེན་བརྡ་བཏང་འདུག
༡༠ བོད་ཀྱི་ཐོན་ཁུངས་ཀྱི་མིང་ཙམ་ཡང་རྒྱལ་སྤྱིའི་ཐོག་ལ་འགྲོ་མ་བཅུགས་པར་བཀག་པ།
བོད་ཀྱི་ས་ཁུལ་ནི་གནམ་གཤིས་དྲོ་གྲང་མི་འདྲ་བ་དུ་མ་ཡོད་སའི་ས་ཆ་ཞིག་རེད། དེ་ལ་གྲོ་ནས་སྲན་གསུམ། ཞོག་ཁོག ཀུ་ཤུ་དང་། ལི། ཚ་ལུ་མ། ཚལ་དཀར། ལྡུམ་ལྒོང་སོགས་འབྲུ་རིགས་དང་། སྔོ་ཚོད་འདྲ་མིན་སྣ་ཚོགས་ཤིག་སྐྱེས་ཤིང་། ཕལ་མོ་ཆེ་རྫས་སྦྱོར་འདྲ་མིན་གྱིས་མ་སླད་པའི་རང་བཞིན་གྱིས་སྐྱེས་པའི་ཟ་བཅའ་རིགས་རེད། དེ་འདྲའི་སྐྱེས་དངོས་རིགས་རྒྱལ་སྤྱིའི་ཚོང་ར་དང་། རྒྱལ་ནང་གི་ཚོང་རར་རིན་གོང་ཆེ་ལ། གཟུགས་པོར་མི་གནོད་པའི་སྤུས་གཙང་དུ་བརྩིས་པ་ཤ་སྟག་རེད། ང་འཛམ་གླིང་ཤར་ནུབ་གཉིས་ཀྱི་ཡུལ་གྲུ་མང་པོར་ཕྱིན་ཏེ། ཁྲོམས་རར་མང་པོར་བལྟས་པ་ཡིན། མཐོ་སྒང་བོད་ནས་ཡིན་པའི་ཟ་བཅའ་རིགསས་གཏན་ནས་མི་འདུག མང་ཆེ་ཤོས། རྒྱ་གར་དང་། རྒྱ་ནག ཡུ་རོབ་ཁུལ་ནས་རེད་འདུག བོད་ནས་ཐད་གར་ཕྱི་རྒྱལ་ལ་བལ་ཡུལ་ཙམ་ལས་ཐད་གར་ཚོང་འབྲེལ་མེད་པ་རེད། དེ་ནི་འགྲོ་བ་མིའི་རིགས་ཀྱི་སྟོབས་ཤུགས་དཔལ་འབྱོར་རག་ལས་ཡོད་པ་ཤེས་ནས་རེད། ཚོང་ལས་དང་། ཤེས་ཡོན་གྱི་ལམ་བུ་མཐའ་དག་རྒྱ་མི་རིགས་ལ་སྤྲད་དེ། རྒྱ་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་ཆ་ཚང་སྲ་ཐག་བཟོས་ཟིན་པ། མདོར་བསྡུས་ན་བོད་ཀྱི་ས་ཆའི་ཐོན་ཁུངས་དང་། གཏེར་ལས། ནགས་ཚལ་མ་ལུས་རིན་མེད་ཐོག་ནས་རྒྱ་ནག་ཁུལ་དུ་སྐྱེལ་འདྲེན་བྱེད་བཞིན་པ་དང་།
༡༡ བོད་ཀྱི་མི་འབོར་གཅོག་ཕྲི་ཡིས་སྐྱེས་སྒོ་བཙན་གྱིས་བཀགས་ཏེ་དབང་རྩ་གཅོད་པ།
རྒྱ་ནག་ནང་ཁུལ་གྱི་རྒྱ་མི་རིགས་༡༢༠༠༠༠༠༠༠༠ཐེར་འབུམ་གཅིག་དང་ཚེག་གཉིས་ཙམ་རེད། མི་རིགས་གཞན་པ་གྲང་ཉུང་བྱེ་བ་བརྒྱ་ལྷག་ཡོད། དེའི་ནང་ནས་བོད་རིགས་༦༢༠༠༠༠༠བྱེ་བ་དྲུག་དང་ཚེག་གཉིས་ལས་མེད། ས་གནས་ཆ་ནས་བསམ་བློ་བཏང་ན་བོད་མདོ་དབུས་མཐོ་སྒང་ས་ཁྱོན་ཆེན་པོ་རེད། ཧྥི་རན་སི་འདྲ་བོ་ལྔའི་ཚད་དང་། ཇྰར་མན་ཎི་འདྲ་བོ་དྲུག་གི་ཚད་དེ། མི་གྲངས་དུང་ཕྱུར་གནས་སྡོད་བྱེད་སའི་འཁོར་ཡུག་ལ་དཀའ་ངལ་གཏན་ནས་མེད། ཡིན་ན་ཡང་རྒྱ་རིགས་གྲངས་མང་བའི་དཀའ་ངལ་སེལ་ཆེད་བོད་པའི་མོའི་སྐྱེ་སྒོ་བཙན་གྱིས་བཀག་པ་དང་། ཕོ་ཡི་ཁུ་རྩ་དབང་ཤེད་ཀྱིས་བྲེག་པ་མང་པོ་རེད། བོད་ཀྱི་ཞིང་འབྲོག་མང་ཚོགས་མང་ཆེ་ཤོས་ལ་ཕྲུ་གུ་མང་ན་དགའ་བ་ལས། ཉུང་ན་དགའ་མཁན་ཕལ་ཆེར་མེད། ཕོ་མོའི་ཕྲུ་གུ་མི་འདོད་བཞིན་བཙན་གྱིས་འགོག་པ་མང་པོ་མཐོང་སོང་། གོ་སོང་། བོད་པ་མང་པོས་ཕྲུ་གུ་སྦས་དགོས་ཐུག་པ་དང་། རྒྱ་ནག་གཞུང་གིས་ཧ་གོ་ན་ཆད་པ་ཆེན་པོ་གཅོད་དགོས་པའི་ཁྲིམས་ཀྱང་བཞག་ཡོད།
༡༢ བོད་ཀྱི་ས་ཁུལ་དུ་དེང་རབས་ཅན་གྱི་བཟོ་བའི་ལས་གྲྭ་གཏན་ནས་མེད་པ།
རྒྱ་ནག་ལ་མཚོན་ན་འཛམ་གླིང་གཉིས་སུ་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཅིག་རེད། འཛམ་གླིང་ཤར་ནུབ་གཉིས་ཀྱི་འབྱོར་ལྡན་རྒྱལ་ཁབ་ཚོས་བཟོ་གྲྭ་མང་ཤོས་རྒྱ་གར་དང་། རྒྱ་ནག བྰང་ལ་དྰེ་ཤི། ཝེད་ནམ། ཁྰམ་པོ་ཌི་ཡ་སོགས་སུ་རྒྱག་ཡོད། རྒྱ་ནག་གང་སར་ཤེས་ཡོན་དང་འབྲེལ་བའི་བཟོ་ལས་ཐོན་ཁུངས་ཅན་མང་ཡང་། བོད་ལ་གཅིག་ཀྱང་མེད། དེ་ནི་བོད་པ་རྣམས་ཤེས་རྨོངས་སུ་འཇོག་རྒྱུའི་ཆེད་དུ་དམིགས་པ་ལས། སྐྱེས་ཁམས་འཁོར་ཡུག་ལ་བསམ་ནས་བཞག་པ་ཞིག་གཏན་ནས་མ་རེད། དཔེར་ན་གློག་ཀླད་མ་ལག་བཟོ་སའི་བཟོ་གྲྭ་ཞིག་བོད་ལ་ཡོད་རྒྱུ་ན། བོད་པ་ཚོས་འཛམ་གླིང་ཤར་ནུབ་གཉིས་སུ་སྐད་གྲགས་ཆོད་པའི་འཕྲུལ་རིགས་འདྲ་མིན་བཟོ་ཡོང་གི་རེད། རྒྱ་མི་རིགས་ཀྱི་སྔོན་དུ་བརྒྱ་ཆ་བརྒྱ་ཐམ་པ་འཆོར་ངེས་རེད། དེ་ཕྱིར་བོད་པ་ཚོར་རང་གི་རིག་གནས་ཀྱང་ཁ་ཚང་བ་ཞིག་བསླབ་མ་བཅུགས། རྒྱ་ནག་གི་སྐད་ཡིག་དང་། རིག་གནས་ཀྱང་ཉི་ཚེ་བ་བོད་ནང་ཁུལ་གྱི་ལྟོ་འཚོལ་བའི་ཐབས་ལམ་ཙམ་ལ་མགོ་འཁོར་བཅུགས་ཏེ། ད་ལྟ་བར་མི་ལོ་བདུན་ཅུ་ཕྱིན་པ་རེད།
༡༣ བོད་ཀྱི་འབྲོག་ལས་དེང་རབས་ཅན་དུ་བསྒྱུར་ཐབས་གཏན་ནས་བྱས་མེད་པ།
བོད་ཀྱི་མི་སེར་ཕྱེད་ཀ་ཟིན་མ་ཟིན་ཙམ་འབྲོག་པ་རེད། འབྲོག་ལས་དེ་གཞི་རིམ་འཚོ་བའི་ཁྲོད་ཀྱི་མ་རྩ་ལྡན་ཞིང་། ཞོ་དང་། འོ་མ། ཕྱུར་བ། ཤ་མར་ཐུད་གསུམ་སོགས་གང་དགོས་ཟ་རྒྱུ་ཡོད་པའི་ཕྱུག་པོ་གྲལ་རེད། གནའ་བོའི་ལུགས་སྲོལ་བྱས་པ་ཡིན་ན། རྣམ་གྲངས་མང་པོ་ཅན་མེད་ཀྱང་། དེང་སང་འོ་མ་གཅིག་པུ་རྣམ་སྣ་ཚོགས་སུ་བཟོ་ཆོག་པ་དང་། དེ་བཞིན་ཕྱུར་བ་དང་། མར། ཤ་སོགས་ཀྱང་གཅིག་པ་རེད། རྒྱ་མི་རིགས་གནས་གཏན་སྡོད་བྱེད་སའི་ས་ཁུལ་དུ་དེང་རབས་ཀྱི་ལག་རྩལ་དང་། འཕྲུལ་ལས་ཆ་ཚང་ཡོད་ཀྱང་། བོད་མི་འདུས་སྡོད་ཀྱི་འཚོ་བ་རོལ་སའི་འཁོར་ཡུག་ནི། རང་གི་ཐོན་རྫས་མཐའ་དག་མི་རིགས་གཞན་པའི་ལག་ལ་ཤོར། བོད་པ་ཚོས་སྒོར་མོ་བཅུ་རག་ན། གཞན་པ་ཚོས་སྟོང་ཚོ་བསྒྱུར་ཏེ་ཁྲོམས་རར་སྐྱེལ་བཞིན་པ་རེད། དེ་ནི་བོད་པ་ལྐུགས་དྲགས་ཏེ་མ་ཡིན་པར། རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱིན་བྲན་གཡོག་ཏུ་བརྫངས་ཏེ། དམུ་གབ་འོག་ཏུ་བཅུགས་བཞག་པས་སོ། །
༡༤ བོད་ཀྱི་ཞིང་ལས་དེང་རབས་ཅན་དུ་བསྒྱུར་བའི་ཐབས་ལམ་གཏན་ནས་མེད་པ།
བོད་མི་ཕྱེད་ཀ་ལྷག་ཞིང་པ་རེད། ཞིང་པའི་ཐོན་རྫས་འབྲུ་རིགས་རེད། གྲོ་ནས་སྲན་གསུམ་གཙོ་བོར་གྱུར་པའི་ས་ཁུལ་དྲོ་གྲང་ལ་ལྟོས་ན། བོད་ཀྱི་ས་ཆ་གཅིག་ཏུ་ཡོད་ཚད་སྐྱེས་པ་ཁག་པོ་རེད། ཡིན་ན་ཡང་མདོ་དབུས་ཁམས་གསུམ་ས་ཁུལ་འདྲ་མིན་དུ་ཐོན་ཁུངས་ཀྱང་མི་འདྲ་བ་དུ་མ་རེད། དེ་ཕྱིར་འབྲུ་རིགས་གྲོ་གཅིག་པུ་ལྟ་བུ་མཚོན་ན་ཟ་བཅའི་རིགས་འདྲ་མིན་སྣ་ཚོགས་བཟོ་ཆོག་པ་དང་། ཐ་ན་བོད་ཀྱིས་རྡུག་པོར་བརྩི་བའི་ཡུག་པོ་ཡིན་ན་ཡང་། ཕྱི་རྒྱལ་ཁུལ་ཞོག་ཟས་ཞིམ་ཤོས་ཤིག་ཏུ་བརྩི་སྲོལ་འདུག ཟ་བཅའི་རིགས་འདྲ་མིན་བཟོ་ཤེས་དགོས་ན། དང་པོ་ དེ་མིག་གིས་དངོས་སུ་མཐོང་དགོས་རེད། གཉིས་པ་ཇི་ལྟར་བཟོ་བའི་ཚུལ་ལ་སློབ་སྦྱོང་དགོས་རེད།
བོད་ཁུལ་དུ་འཛུགས་བསྐྲུན་གྱི་རྣམ་པ་ཡོད་ཀྱང་། ཕྱིའི་རྣམ་པ་དང་། ནང་གི་དངོས་པོ་གཉིས་ཀྱི་རིན་ཐང་རྒྱ་ནག་ནང་ཁུལ་གྱི་གནས་མལ་སོགས་ལ་བསྡུར་ན་ཁྱད་ཆེན་པོ་ཡོད་ཚུལ། དཔེར་ན་ཁང་པ་ཞིག་ལ་མཚོན་ན་ནང་གི་ལྕགས་དང་། ཨར་འདམ། རྡོ། སྤུས་ཚད་སོགས་རྒྱ་གདིང་དུ་བཟོས་པའི་ཁང་པའི་རྒྱུ་ཆ་དང་བསྡུར་ན། ཁྱད་པར་ཆེན་པོ་ཡོད་ཚུལ།
༡༥ བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ལ་ལག་པ་འཆང་སྟེ་ཡང་རྫུན་བཟོ་བཞིན་པ།
སྤྲུལ་སྐུ་ཞེས་པ་དེ་སངས་རྒྱས་པའི་ཆོས་གཞུང་ནས་བཤད་པ་ལྟར་ན། རང་དོན་གཏན་ནས་མེད་པའི་སྤྲུལ་བའི་གང་ཟག་ཅིག་གཞན་དོན་ལ་ཕེབས་པ་ཞིག་ལ་ཟེར། བོད་ཀྱི་ཡང་སྲིད་ལམ་ལུགས་དེ་ཡང་དེ་ཡིན་པའི་ཁུལ་རེད། ཡིན་ན་ཡང་ཆབ་སྲིད་དང་། ཚོང་ལས་ལ་འབྲེལ་ཏེ་གཙོག་པ་ཆགས་ཟིན་པ་རེད། གང་ལྟར་ཡང་བླ་མ་ཞིག་ལ་དད་གུས་ཀྱིས་ཞུས་ཏེ་བརྟགས་པ་བྱས་ཏེ་འཚོལ་བའི་ལམ་ལུགས་ཤིག་ཡོད་པ་རེད།
རྒྱ་ནག་གཞུང་གི་ལས་བྱེད་ཚོ་བླ་མ་ནི་མ་རེད། མཁྱེན་པ་ནི་མེད། བོད་ཀྱི་གནད་ཡོད་མི་སྣ་ཚོ་ཆབ་སྲིད་ཀྱི་ལག་ཆར་བཀོལ་བའི་ཆེད་དུ་འདྲ་མིན་འཁྲབ་བཞིན་པ་རེད། པཎ་ཆེན་རྫུན་མ་བཟོས་ཟིན་པ་རེད། ད་ཡང་གཞུག་ནས་རྒྱལ་བ་རིན་པོ་ཆེ་རྫུན་མ་བཟོ་ངེས་རེད། དེ་ཙམ་དུ་མ་ཟད། བོད་ཀྱི་ཡང་སྲིད་ཆེ་ཆུང་ལ་ལྟོས་ཏེ་ལག་འཁྱེར་དང་། མིང་ཐོབ་སྤྲད་པའི་ལུགས་སྲོལ་ཞིག་བཟོས་ཡོད་པ་རེད། རྒྱ་ནག་གཞུང་གི་སྤྲུལ་སྐུའི་དཔང་ཡིག་མེད་ན་སྤྲུལ་སྐུ་མ་རེད་ཁོ་ཚོས་སྨྲ་བཞིན་པ་རེད། དེ་ཕྱིར་སྤྲུལ་སྐུ་ཕལ་ཆེར་རྫུན་མ་ཡིན་པའི་ཐོག རྒྱ་ནག་གཞུང་གིས་ཡང་རྫུན་བཟོ་བཞིན་པའི་སྐྱོ་གར་ལ་བསམ་བློ་བཏང་ན། བོད་ཟེར་བ་འདི་ངོ་ཐབས་སྐྱོ་བོ་རེད། འདི་ཚོ་ཚང་མ་རང་ཚུགས་མེད་ནས་བྱུང་བ་ཤ་སྟག་རེད་འདུག་གོ།
༡༦ བོད་མི་དམངས་ལ་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་ཏེ་རང་ཚུགས་ཐུབ་པ་བཟོས་མེད།
རྒྱ་ནག་གཞུང་གིས་བོད་པ་ལ་རྒྱལ་སྤྱིའི་ཆབ་སྲིད་འགྲོ་བ་མིའི་རིགས་ཀྱི་རང་དབང་གི་གོ་རྟོགས་སྤེལ་བ་ཕར་ཞོགས། རྒྱལ་ནང་གི་ཆབ་སྲིད་ཀྱི་གནད་དོན་ཆ་ཚང་ཡང་གསལ་བཤད་བྱས་མི་འདུག དེ་ལ་བརྟེན་ནས་བོད་པ་ཕལ་མོ་ཆེ་རྒྱ་ནག་གི་ཆབ་སྲིད་པའི་སྒོ་ཁར་བཏགས་པའི་ཁྱིའི་རིན་ཐང་ཡང་ཡོད་པ་རེད།
བོད་ཀྱི་མི་སྐྱའི་ཁྲོད་དུ་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་དགོས་པ་རེད། སྤྱིར་བཏང་བོད་ཀྱི་སྤྱི་ཚོགས་ལ་ཆོས་སྲིད་གཉིས་ཀ་བསྲེས་ཏེ་ཆོས་མིན་སྲིད་མིན་དེས་ཡོད་ཚད་མགོ་འཐོམ་སྟེ་ཆབ་སྲིད་ཀྱི་གོ་བ་མེད། དེའི་ནང་ནས་གཞིས་ལུས་བོད་པ་ཚོ་རྒྱ་ནག་བཟང་བཙོན་འོག་ལ་བཅུགས་པ་དེས་ཆབ་སྲིད་ཀྱི་གོ་རྟོགས་ཧ་ཅང་གི་སྐྱོ་པོ་རེད། བོད་ཀྱི་རང་དབང་ལ་མོས་པ་ཅུང་ཟད་ཡོད་པ་ཚོས་ཀྱང་ཨ་རི་བས་རོགས་པ་འདྲ་བྱེད་ཡོང་ན་བསམ་ནས་འདུག་རྒྱུ་ལས། ཆབ་སྲིད་ཀྱི་གནད་དོན་མང་ཚོགས་ལ་ཐུག་ཡོད་པ་ཤེས་མཁན་ཕལ་ཆེར་མེད། ཕྱི་རྒྱལ་བ་ཚོས་རོགས་པ་བྱེད་པར་བྱས་པ་ལ། ཐོག་མར་རང་ལ་ཉེས་འགལ་མེད་པ་དང་། ཁེ་བཟང་ཡོད་པོ་ཞིག་ལ་བསམ་བློ་གཏོང་གི་རེད། རྒྱ་ནག་དང་ཐད་གར་དགྲ་ཆགས་ན་གྱོང་ལས་ཁེ་བཟང་མེད་ན། བོད་པ་རྩ་མེད་སོང་ཡང་སུ་གཅིག་གིས་རོགས་བྱེད་ལེ་མ་རེད། དོན་དངོས་ཡོད་ཚད་བོད་པ་རང་ལ་རག་ལས་པ་རེད། གཞི་བྱེས་གཉིས་སུ་ཡོད་པའི་ས་ཡ་དྲུག་ཁོ་ནའི་ལས་དབང་རེད། དེ་ཕྱིར་ཆབ་སྲིད་དང་། རིག་གནས་ཀྱི་རྩ་བ་མི་མང་གི་འདུན་པ་ཕྱོགས་གཅིག་ཏུ་བསྒྱུར་བ་དང་། སེམས་ཤུགས་སྤར་དགོས་རེད། མི་མང་གི་བསམ་བློ་གཞི་གཅིག་ཏུ་བསྡུད་ཐུབ་ན་ཆབ་སྲིད་ཀྱི་སྲོག་རྩ་རེད། དེ་སྡུད་པར་བྱེད་པ་ལ་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་ལྟ་གྲུབ་དང་། ལག་ལེན་གྱི་བྱས་ཉེས་བགྲང་དགོས་རེད། བྱས་ཉེས་བགྲང་བ་དེ་ཡང་གནས་ལུགས་དང་རྒྱུ་མཚན་ཡོད་པ་ཞིག་གི་ཐོག་ནས་མ་བགྲང་ན། གཞུང་ཚབ་སྔུན་ལ་སོང་སྟེ། རྒྱལ་དར་དང་། པར་མེ་ལ་སྒྲོན་པ་དང་། ཚིག་ངན་འགའ་ལབ་པ་ཙམ་གྱིས་ཕན་ཐོགས་གཏན་ནས་མི་ཡོང་། བོད་ཁུལ་གྱི་ཁང་པ་དང་། ལམ། ཅ་དངོས་སོགས་སྤུས་ཁ་ཞན་ཚད་དང་། རྒྱ་ནག་མ་རིགས་ཀྱི་སྤྱོད་འཕྲོ་འགྲིམས་འགྲུལ་རླངས་འཁོར་སོགས་བོད་ལ་གཏོང་བཞིན་པ་དང་། བོད་ལ་ཕྱིར་སྐྱོད་ལག་འཁྱེར་གཏན་ནས་སྤྲད་མེད་པ་དང་། ཕྱི་རྒྱལ་བོད་ལ་འགྲོ་བར་བཀག་འགོག་བྱེད་བཞིན་པ། དེ་ཡང་ཆབ་སྲིད་ཀྱི་གནད་དོན་གཅིག་པུ་མ་ཡིན་པར། ཚོང་ལས་དང་། དཔལ་འབྱོར། ཐོན་ཁུངས་སོགས་དང་འབྲེལ་བ་ཡོད་ནས་རེད། མི་རིགས་དང་། དངོས་པོ་གང་ཞིག་རྒྱལ་སྤྱི་ཅན་ཆགས་སོང་ན། རྒྱ་ནག་གཞུང་ལ་དཀའ་ངལ་ཆེན་པོ་སྤྲོད་བཞིན་པ་རེད།
ཅེས་པ་འདི་ནི་རྒྱ་ནག་གིས་བོད་ཞི་བས་བཅིངས་གྲོལ་བཏང་སྟེ་ལོ་བདུན་ཅུ་འཁོར་བ་ཞེས་པའི་མིང་རྫུན་མཐོང་བར་མ་བཟོད་ནས། རྫུན་རྐུབ་རྡོལ་བའི་ཆེད་དུ་དམིགས་ཏེ་འཛུབ་མོས་རྟོག་རིས་ཕབ་པ་པོ་ནི་སྡིགས་པ་ར་ཛའོ། ༢༢། ༠༨། ༢༠༢༡། །