ཉེ་ལམ་རྒྱ་ནག་གི་མིང་འདོགས་སྟངས་ཐད་དྲ་ཐོག་ནས་བགྲོ་གླེང་བྱེད་མཁན་འགའ་རེ་བྱུང་ལ། རྒྱ་ནག་གི་ཚབ་ཏུ་དགྱ་ནག་ཅེས་འབྲི་མཁན་ཡང་མང་དུ་འབྱུང་བཞིན་པར་བརྟེན། རྒྱ་ནག་གི་མིང་ལས་འཕྲོས་པའི་བསམ་ཚུལ་འགའ་འདིར་འགོད་འདོད་བྱུང་།
བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ཏུ་རྒྱ་ནག་དང་རྒྱ་གར་ལ་རིག་གཞུང་དང་གོམས་སྲོལ་སོགས་ཀྱི་སྒོ་ནས་སྒྲ་བཤད་དམ་ཚིག་འགྲེལ་བྱེད་མཁན་སྔར་བྱུང་ལ། བོད་ཀྱི་སྐད་བརྡའི་འགྱུར་རིམ་ཁྲོད་ནས་གླེང་མཁན་ཡང་བྱུང་ཡོད། འདི་དག་ཐམས་ཅད་མཐའ་གཅིག་ཏུ་མ་རེད་ཅེས་དགག་དགོས་དོན་མི་འདུག་ལ། དེ་ལྟར་དགག་པ་ལ་དགོས་པའང་མཐོང་མ་སོང་། ཡིན་ཡང་། རང་གི་བསམ་ཚུལ་དེ་སྦས་གསང་བྱས་ནས་འདུག་དགོས་པའི་རྒྱུ་མཚན་ནི་དེ་བས་ཀྱང་མཐོང་མ་སོང་སྟབས་འདིར་འགོད་པར་བྱ།
ངའི་བསམ་ཚུལ་ལ། རྒྱ་ནག་ཅེས་པའི་མིང་འདི་བོད་ཀྱི་ལོ་རྒྱུས་མཁན་པོ་དག་གིས་ཚིག་འགྲེལ་བྱས་པ་ལྟར་དང་། དེང་གི་རྒྱལ་གཅེས་པ་དག་སྙིང་ནད་ཀྱིས་བཟུང་སྟེ་རྒྱ་ནི་དགྲ་རུ་འགྲེལ་བ་འདི་དག་ནི་དོན་དངོས་དང་མཐུན་པ་ཞིག་མ་རེད་འདོད།
རྒྱ་ནག་ཅེས་པ་ནི་བོད་རང་གི་མིང་བརྡ་མིན་པར། རྒྱ་ནག་གི་སྐད་དོད་དེ་ཚུར་བོད་སྐད་ལ་ཟུར་ཆགས་པར་སྙམ། དེ་བཞིན་དུ་ ༼ཙི་ན་༽ ཞེས་པ་འདི་ཡང་བོད་སྐད་ཀྱི་མིང་ཞིག་མིན་པ་གསལ་བོ་རེད། དེའི་རྒྱུ་མཚན་ནི་བོད་རང་གི་ཡིག་ཚང་ཁག་ཏུ་རྒྱ་ནག་ལ་རྒྱ་ནག་ཅེས་པའི་མིང་ཇི་ལྟར་ཐོགས་ཚུལ་མ་དཔྱད་པའི་སྔོན་དུ། ཨེ་ཤ་ཡའི་རྒྱལ་ཁབ་ཆེ་གྲས་གཞན་དག་གིས་སྔ་མོ་རྒྱ་ནག་གི་མིང་ལ་ཇི་ལྟར་འབོད་པའི་སྐད་ལ་ཞིབ་འཇུག་བྱས་ན་མིང་གི་ཐོགས་དོན་ཇེ་གསལ་དུ་འགྲོ་བར་དགེ་ཕན་ཆེ་བར་འདོད།
ད་ཕན་གྱི་ཡིག་ཆ་ལྟར་ན། རྒྱ་ནག་ཅེས་པའི་སྒྲ་ཟུར་འདི་ཐོག་མར་ལེགས་སྦྱར་གྱི་སྐད་ནས་བྱུང་བར་བཤད། གནའ་བོའི་ལེགས་སྦྱར་གྱི་སྐད་དུ་རྒྱ་ནག་ལ་ Cina (चीन) ཞེས་འབོད་ཀྱིན་འདུག འདི་ནི་སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་བའི་ནང་གི་འབོད་སྟངས་རེད་ལ། དེང་སྐབས་རྒྱ་ནག་ལ་དབྱིན་སྐད་དུ་ China ཞེས་འབོད་པའི་ཁུངས་ངོ་མ་ཡང་འདི་ཡིན་པར་འདོད། འདི་ལྟར་ཐོགས་དོན་ནི་རྒྱ་ནག་གི་གོང་མའི་རྒྱལ་བརྒྱུད་དང་པོ་ཆིན་ Qin (秦) ཞེས་པ་དེ་ཡིན་ལ། རྒྱ་གར་གྱི་ཀློག་ལ་ Cina ཞེས་མཆེད་པར་བཤད། འདི་ནི་རྒྱ་ནག་ཅེས་པའི་ཐོག་མའི་ཡོང་ཁུངས་སུ་གྱུར་འདུག
དེ་ནས་རྒྱ་ནག་གི་འདབ་འབྲེལ་རྒྱལ་ཁབ་ཉི་ཧོང་བ་རྣམས་ཀྱིས་རྒྱ་ནག་ལ་ sina དང་ Shina ཞེས་འབོད་པ་རེད། དེང་སྐབས་རྒྱ་ནག་གི་དྲ་ཚིགས་གྲགས་ཅན་ཞིག་གི་མིང་ལ་ sina.com ཞེས་བཏགས་ཡོད་པ་ལྟ་བུ་རེད། ཉི་ཧོང་གི་འབོད་སྟངས་འདི་ཡང་ཕར་དེད་ན་རྒྱ་གར་གྱི་ལེགས་སྦྱར་གྱི་སྐད་དེར་ཐུག་ཡོད་པ་འདྲ།
གནད་དོན་གཞན་ཞིག་ནི། གནའ་བོའི་ཨེ་ཤ་ཡའི་ནང་གི་རིག་གཞུང་གི་མཆེད་ཁུངས་གལ་ཆེ་ཤོས་ཤིག་ནི་སྟག་གཟིག་གི་ཡུལ་རེད། སྟོབས་ཤུགས་ཆེ་ཤོས་ཤིག་ཀྱང་ཁོང་ཚོ་རེད། ཨེ་ཤ་ཡའི་གནའ་བོའི་ལུས་རྩལ་དང་རིག་གཞུང་གི་ཁུངས། ཐ་སྙད་ཀྱི་ཁུངས་མང་པོ་ཞིག་སྟག་གཟིག་སྟེ། ད་ལྟའི་ཨི་རན་ལ་ཐུག་ཡོད། དེ་བས་རྒྱ་གར་གྱི་ཕན་ནས་སྟག་གཟིག་ལའང་ཉན་དགོས་པ་རེད། སྟག་གཟིག་གིས་རྒྱ་ནག་ལ་ Cin ཞེས་འབོད་པར་བཤད། ནུབ་ཕྱོགས་རྒྱལ་ཁབ་དག་གིས་རྒྱ་ནག་ལ་ China འབོད་དོན་ནི་མར་ཁུ་པོ་ལོ་ཤར་ཕྱོགས་ནས་ཕྱིར་ནུབ་ཕྱོགས་སུ་འབྱོར་རྗེས་སྟག་གཟིག་གི་འབོད་སྟངས་ལྟར་གྱི་ Cin ཞེས་པ་ལས་ China ཞེས་པའི་མིང་འདི་ཁྱབ་བརྡལ་ལ་བཏང་བར་བཤད། ཕྱིས་སུ་ལ་ཊིན་སྐད་དུ་རྒྱ་ནག་ལ་ Sinia འབོད་ཅིང་། འབོད་སྟངས་འདི་བྱུང་ནས་མི་ལོ་ ༡༥༥༥ འགོར་བར་བཤད། དེང་སྐབས་ Sino-tibet talk ཞེས་འབྲི་སྐབས་ཀྱི་ Sino འདི་ཡང་ལ་ཊིན་སྐད་ལས་བྱུང་བར་བཤད།
གོང་གི་ཡིག་ཆ་འདི་དག་བཀླགས་རྗེས་ཁྱོད་ཀྱི་སེམས་ངོར་རྒྱ་ནག་ལ་ China ཞེས་ཐོགས་དོན་གང་ཡིན་གྱི་རྒྱུ་མཚན་རབ་རིབ་ཅིག་ཡོད་ཆོག་གི་རེད། མདོར་སྒྲིལ་ན་ཁུངས་ངོ་མ་ནི་རྒྱ་ནག་ཁོ་རང་ཚོའི་རྒྱལ་བརྒྱུད་དང་པོ་ Qin གྱི་འབོད་སྟངས་དེ་རྒྱ་གར་གྱིས་ཕར་འབོད་དུས་ Cina ཞེས་བཀླགས་པ་དང་རིམ་བཞིན་འགྱུར་བ་དེ་གསལ་བོ་ཆགས་གི་རེད།
དེ་ནས་བོད་སྐད་ནང་གི་རྒྱ་ནག་དང་ཙི་ན་ཞེས་པ་གཉིས་རེད།
ཙི་ན་ནི་མ་བཤད་ཀྱང་རྣམ་པ་ཚོས་མཁྱེན་ངེས་རེད། རྒྱ་ཡིག་གི་ནང་དུ་ཙི་ན་ལ་ 支那 ཞེས་འབྲི་གི་རེད། འདི་ཐོགས་དོན་ཡང་ཉི་ཧོང་བ་རྣམས་ཀྱིས་རྒྱ་ནག་ལ་ sina དང་ Shina ཞེས་འབོད་པ་འདི་ལས་ཟུར་ཆགས་པ་གསལ་བོ་རེད།
མདོར་སྒྲིལ་ན། ངའི་བསམ་ཚུལ་ལ་རྒྱ་ནག་གི་མིང་ལ་དབྱིན་ཡིག་གིས་ China ཞེས་འབྲི་སྲོལ་འདི་ནི་ད་ལྟ་ང་ཚོས་རྒྱ་ནག་ཅེས་འབྲི་བཞིན་པ་འདིའི་ཁུངས་སྣེ་ལྟ་བུ་རེད། གང་གིས་ཞེ་ན། དབྱིན་ཡིག་གི་ China ཞེས་པ་འདི་མ་ཎི་བཟློ་བ་བཞིན་སྐྱོར་ན། ༼གྱ་ན་༽ ཞེས་པའི་སྒྲ་ཞིག་ཐོན་ངེས་ལ། དེའང་མདོ་སྟོད་སྨད་ཀྱི་སྐད་ལས་དབུས་ཀྱི་ལྷ་སའི་སྐད་ལ་ཐག་ཉེ་བར་འདོད། རྒྱ་ནག་ཅེས་པའི་ར་མགོ་དང་རྗེས་འཇུག་ག་ཡིག་གཉིས་སྒྲ་སོར་ལ་གསལ་བོར་མ་ལོན་སྟབས་གྱ་ན་ལྟ་བུར་གོ་བ་མིན་ནམ་སྙམ། དེ་ནས་བསམ་བློ་གཞན་ཞིག་འཁོར་བ་ནི་ ༼ཙི་ན་༽ ཞེས་པའི་འབྲི་སྲོལ་དེ་རེད། འདི་ཡང་ China ཞེས་པ་འདི་དང་ཐག་རིང་པོ་མི་འདུག་སྙམ། མཐའ་མ་དེར་ ༼རྒྱ་ནག་༽ ཅེས་ཞོལ་གྱི་རྡོ་རིང་གཙོས་པའི་བོད་ཀྱི་ཡིག་ཚང་ཁག་ན་ས་ཁྱབ་རྡོ་ཁྱབ་ཀྱིས་བྲིས་པ་འདི་རེད། འདི་ནི་ལྷ་ས་བའི་འདོན་སྟངས་ལྟར་ན་ ༼རྒྱ་ན་༽ ཞེས་པའི་སྒྲ་དེ་ཤུགས་ཆེར་སླེབ་ལ། སྒྲ་ཙམ་མ་གཏོགས་དོན་ལ་རྒྱ་ནག་ཅེས་པའི་འབྲི་སྲོལ་འདི་ཡིན་ངེས། ཨེ་ཤ་ཡའི་ཡུལ་ལུང་གང་དུའང་རྒྱ་ནག་གི་མིང་འབོད་དུས་ ༼ཡ་༽ སྒྲ་དང་ ༼ན་༽ སྒྲ་གཉིས་ནི་ཐུན་མོང་དུ་གྲུབ་འདུག དེས་ན་རྒྱ་ཞེས་པ་འདི་དགྱ་ཞེས་བཀླགས། དེའི་མཐའ་མའི་གོ་དོན་ནི་དགྲ་ལ་སྦྱོར་བ་ནི་དོན་དངོས་ལ་གཞོལ་བའི་སྐད་ཆ་མ་རེད་སྙམ། གལ་སྲིད་ཡིན་ན་ནི་དུས་དང་རྣམ་པ་ཀུན་ཏུ་ང་ཚོས་ལྷ་དང་བླ་མར་བརྩི་བའི་རྒྱ་གར་བ་རྣམས་ཀྱང་མདོ་དོན་བོད་ཀྱི་དགྲ་ཡིན་པ་ཁས་ལེན་དགོས་ལ། མ་མཐར་ཡང་རྒྱ་ནི་དགྲ་ཡི་དོན་ཡིན་པའི་ཡིག་ཚགས་ཀྱི་ཁུངས་དེའང་ཨེ་ཤ་ཡའི་ནང་ཡོད་པའི་རྒྱ་ནག་གི་འདབ་འབྲེལ་རྒྱལ་ཁབ་དག་ལས་ཀྱང་བོད་ལ་སྔ་བ་ཡོད་པའི་ཁུངས་བཙན་པོ་རེ་འཁྱེར་ཡོང་དགོས་པ་རེད།
ཉེ་ལམ་མིན་པར་ངས་སྔོན་ཙམ་ཞིག་ནས་རྒྱ་ནག་གི་སྒྲ་བཤད་ཟེར་བའི་ནང་གླེང་ཚར་བ་ཞིག་ཁྱེད་རང་གིས་སྐྱར་བཤད་བྱས་འདུག ང་ལས་ཁྱེད་རང་གིས་གསལ་བཤད་རིང་ཙམ་བྱས་འདུག དེ་མ་གཏོགས་གཅིག་པ་གཅིག་རྐྱང་རེད། གཞན་གྱི་རྙེད་པ་དེ་རང་གི་ཡིན་པ་ལྟར་འབྲི་བ་དེའང་ཤེས་ལྡན་པ་ཞིག་ལ་མཚོན་ན་དེ་འདྲའི་ཡ་རབས་ཀྱི་སྤྱོད་པ་ཞིག་མིན་པར་འདོད་ན་རྗེས་སུ་ཅུང་གཟབ་པར་འཚལ།
རྒྱ་ནག་ཆོས་འབྱུང་ནང་ཙི་ནར་འདི་ལྟར་འགྲེལ་བཤད་རྒྱབ་འདུག ་་མ་ཧྰ་ཙི་ནར་འབོད་པའི་མ་ཧྰ་ནི་ཆེན་པོ་དང་། ཙི་ན་ནི་ཚིན་ཞེས་པའི་རྒྱ་སྐད་སྒྲ་ཟུར་ཅུང་ཟད་ཆག་པ་སྟེ། སི་ཡང་ལ་སོགས་པའི་ནུབ་ཕྱོགས་པ་རྣམས་ཙིནྣྰ་ཟེར་རོ། དེའི་རྒྱུ་མཚན་ཡང་། སྔོན་ཡིང་གི་རིགས་ལས་ཚིན་རྒྱལ་སྲིད་ཀྱི་ཤི་ཧུའང་རྒྱལ་པོའི་མཐུ་སྟོབས་ཤིན་ཏུ་ཆེ་ཞིང་། འདོད་ཐག་ལྷག་པར་རིང་བས་ནང་དུ་ཕོ་རྩལ་གྱིས་མི་མགོ་གནོན་པའི་རྒྱལ་སྲོལ་བཙུགས། ཕྱི་རུ་སི་ཤུ་དང་ཥང་ནུ་སོགས་ཕྱོགས་གཞན་པ་རྣམས་དང་གསར་དུ་འབྲེལ་ཐོགས་པའི་སྒྱུས་མཆེད་པར་བརྟེན། ཐོག་མ་ཉིད་དུ་གྲགས་ཆེས་པས་ཚིན་མིང་ཐེར་ཟུག་ཏུ་ཆགས་ཤིང་རྒྱུན་འབྱམས་པར་མངོན་ནོ། སྒྲ་ཟུར་ཆག་ཐལ་ཆེས་པའམ་གང་ལྟར་བོད་རྣམས་རྒྱ་ནག་ཏུ་འབོད་པ་་ ཞེས་གསལ།
མདའ་ཚན་པ་ལགས། ཁ་ཉིན་ཉིད་ཀྱིས་བྲིས་པའི་སྐད་ཆ་དེ་དག་གིས་ང་ལ་བློ་སྐྱེད་མང་པོ་བྱུང་སོང་། ཁྱེད་ཀྱི་སྐད་ཆ་ལ་རྒྱབ་སྐྱོར་དངོས་གནས་ཡོད། ནམ་རྒྱུན་རྒྱབ་སྐྱོར་ཡོད་ཅེས་བཤད་པ་ལས་རང་གི་བསམ་ཚུལ་འདི་དག་ཞིབ་འཇུག་ཐེབས་ཅག་ཅིག་དང་མཉམ་དུ་བཤད་ན་རྒྱབ་སྐྱོར་དེ་བས་ཆགས་མེད་འགྲོ་བསམ་བྱུང་། གང་ལྟར་ངས་ཁྱེད་ཀྱི་བསམ་ཚུལ་བརྐུས་མེད། འོན་ཀྱང་ཁྱེད་ལ་རྒྱབ་སྐྱོར་ཡོད། ཡིན་ཡང་། ང་ལའང་འདིའི་ཐད་དུ་བསམ་ཚུལ་ཉི་ཚེ་བ་འགའ་རེ་སྔོན་མ་ནས་ཡོད། གང་ལྟར་བརྒྱ་གྲགས་སྟོང་གྲགས་མ་བྱས་བར་དུ་བསམ་ཚུལ་ཞིག་ཡོད་ལབ་ནའང་སྟོང་བ་རེད།
མདའ་ཚན་པ་ལགས། མཱ་ཧ་ཙི་ན། ཞེས་པ་འདི་རྒྱ་གར་གྱི་སྐད་ཡིན་པ་ཁྱེད་ཀྱིས་སྡོན་མ་ནས་ཤེས་ཡོད་དམ། གལ་སྲིད་ཡོད་ན་ཤེས་པའི་བརྒྱུད་རིམ་ཞིག་གསུངས་རོགས།
མདའ་ཚན་པ་ལགས། དེ་རིང་ངེད་གཉིས་ཀྱི་སྒྲུབ་ཕྱོགས་གཅིག་པ་ཡིན་སྟབས་དགག་མཁན་ཡོད་ཀྱང་སྐྱོན་གྱི་མ་རེད། གལ་སྲིད་ཡོད་ན་ནི་སོ་སོའི་ཁྲབ་སོ་སོས་གོན་མ་གཏོགས་་་་་་ ཧ་ཧ་ཧ།
མ་ཧྰ་དེ་ང་ཚོའི་ཆོས་གཞུང་ཁག་ནང་ཡང་སེ་མཐོང་རྒྱུ་འདུག་ག མ་ཧྰ་པན་ཊི་ཏ། མ་ཧྰ་ཡོ་ག། མ་ཧྰ་ར་ཛ་ཟེར་བ་ལྟ་བུ། ངས་ཆེན་པོའི་དོན་ཡིན་པ་གཅིག་པོ་ཤེས། དེ་ལ་གོ་དོན་གཞན་ཞིག་ཡོད་པ་ཡིན་ན་ངས་མི་ཤེས།
ཙེ་ན་ཞེས་པའི་ཐ་སྙད་དེའི་ཐད་རིག་པས་དཔྱད་ན་གོ་རྒྱུ་ཡོད་པ་ཞིག་འདུག་
༡་འོན་ཀྱང་ཁྱེད་ཀྱི་གསུངས་པའི་༼ངའི་བསམ་ཚུལ་ལ་རྒྱ་ནག་གི་མིང་ལ་དབྱིན་ཡིག་གིས་ China ཞེས་འབྲི་སྲོལ་འདི་ནི་ད་ལྟ་ང་ཚོས་རྒྱ་ནག་ཅེས་འབྲི་བཞིན་པ་འདིའི་ཁུངས་སྣེ་ལྟ་བུ་རེད། གང་གིས་ཞེ་ན། དབྱིན་ཡིག་གི་ China ཞེས་པ་འདི་མ་ཎི་བཟློ་བ་བཞིན་སྐྱོར་ན། ༼གྱ་ན་༽༽་དང་
༢་China འབོད་དོན་ནི་མར་ཁུ་པོ་ལོ་ཤར་ཕྱོགས་ནས་ཕྱིར་ནུབ་ཕྱོགས་སུ་འབྱོར་རྗེས་སྟག་གཟིག་གི་འབོད་སྟངས་ལྟར་གྱི་ Cin ཞེས་པ
༣་༼མཐའ་མ་དེར་ ༼རྒྱ་ནག་༽ ཅེས་ཞོལ་གྱི་རྡོ་རིང་གཙོས་པའི་བོད་ཀྱི་ཡིག་ཚང་ཁག་ན་ས་ཁྱབ་རྡོ་ཁྱབ་ཀྱིས་ བྲིས་པ་འདི་རེད།
1. རྒྱ་ཟེར་བའི་གོ་དོན་ནི་༼ཐག་རིང་དང་ ཞེངས་ཁ་ཆེན་པོ་ཡོད་པའི་དོན་ཡིན་ དཔེར་ན་ ས་རྒྱ་ཆེན་པོ་ལྟ་བུ་ འདིར་རྒྱ་ཟེར་བ་ནི་ཐག་རིང་བའི་དོན་༽ནག་ཟེར་ན་ གོས་ནག་གྱོན་པས་སོ་ དེ་ལྟར་མིན་ཚེ་ རྒྱ་གར་ལའང་ རྒྱ་གར་སྐད་ལ་༼Ci Si=Hindiལ་སོཌ་བརྗོད་དགོས་ཀྱི་ཡོད་ས་རེད༽
2. 1254 – 1324) དེའི་རིང་ མར་ཁུ་པོ་ལོ་ཚོ་བཞུགས་གནང་ཡོད་ འོན་ཀྱང་ བོད་ཀྱི་རྡོ་རིང་ཐོག་འཁོད་པའི་རྒྱ་རྒྱ་ཡུལ་ལ་སྐྱིད་ བོད་བོད་ཡུལ་ལ་སྐྱིད་ ཅེས་འཁོད་པའི་༨༢༣ལོར་འོན་ཞང་རྡོ་རིང་བཙུགས་པ་དེ་ད་ཆ་ལྷ་སའི་གཙུག་ལགས་ཁང་གི་མདུན་གི་ཇོ་བོ་དབུ་སྐྲའི་ཉེས་འགྲམ་དུ་ད་ཆ་ཡང་མི་རྣམས་ཀྱི་མཇལ་རྒྱུ་ཡོད་
3.དེར་བརྟེན་ཁྱེད་ཀྱི་གསུངས་པའི་སྐད་ཆ་ལ་ཡང་བསྐྱར་དགོངས་པ་བཞེད་རོགས་གནང་
དཔྱད་གཞིའི་ཡིག་ཆ༼དུང་དཀར་ཚིག་མཛོད་དང་རྒྱ་བོད་ཤན་སྦྱར་༽ཡིན་
ཁ་དྲོ་ཚེ་རིང་།་
རྒྱ་ནག་གི་འགྲེལ་བཤད་དེ་ཚོ་ཅིག་བཙལ་དགོས་བྱུང་ན་ཆོས་འབྲུང་རེ་རེའི་ནང་ལ་འགྲེལ་བཤད་རེ་རེ་ཡོད་པ་རེད། གོས་ཀྱི་ཁ་དོག་ལ་ལྟོས་ཏེ་མིང་བཏགས་ཚུལ། གླུ་གར་རྩེད་འཇོ་ལ་དགའ་མིན་གྱིས་མིང་བཏགས་ཚུལ། ཆོས་དང་ཁྲིམས་དར་ཚུལ་ལ་ལྟོས་ཏེ་མིང་བཏགས་ཚུལ། ཡུལ་ལུང་རྒྱ་ཆེ་ཆུང་གི་སྒོ་ནས་མིང་བཏགས་ཚུལ་སོགས་ཧ་ཅང་མང་། དེ་རེ་རེ་ནས་དྲངས་ཐབས་མི་འདུག
ད་གཞི་རྩ་དང་ཁུངས་གང་ཡང་མེད་པའི་རང་རང་སོ་སོས་བློས་བཟོ་བྱས་ཡོང་བ་དེ་ཚོ་སྔོག་བསྡད་ན་ཆོ་གང་ཡང་མི་འདུག དེ་བས་རྒྱལ་ཁབ་དང་མི་རིགས་འདྲ་མིན་ཚང་མས་རྒྱ་ནག་ལ་འབོད་པའི་མིང་གི་ཁུངས་གཅིག་ལ་ཐུག་འདུག་པ་ལྟར་རང་རེ་ཡང་དེ་ལས་མ་འདས་ན་ཉོག་བཤད་མང་པོ་མི་བྱེད་པར་ཞུ། རྒྱ་ནག་གི་མིང་འདི་ཟུར་ཆག་ཡིན་པ་གསལ་བོ་ཞེ་དྲག་རེད།
དེ་ནས་རྒྱ་གར་གྱི་མིང་ཐོགས་དོན་ནི། ཉིན་འགའི་སྔོན་ངས་མཆན་ཞིག་ནང་བཀོད་པ་ལྟར། མྱ་དཀར་པོ། མྱ་ནག་པོ། གུར་དཀར། གུར་ནག གུར་སེར། ཁྱུང་པོ་དཀར་ནག་སེར་གསུམ་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་མིང་འདོགས་སྟངས་འདིས་ཁ་ཆེ་ཆེ་ཞིག་གདངས་ནས་སྐད་ཆ་ཤོད་ཀྱི་འདུག་སྟེ་འོན་པའམ་ཞ་རའི་བརྟུལ་ཞུགས་བླངས་འདུག་པ་ཤིན་ཏུ་ནས་ཀྱང་མང་བ་འདྲ།
ཨ་ལེ། དེ་ལྟར་རང་རའི་བོད་མིའི་ངག་ལ་འབོད་སྲོལ་བྱུང་ནས་ལོ་ངོ་སྟོང་ཕྲག་ཁ་ཤས་ཕྱིན་ཚར་བའི་རྒྱ་ནག་ཞེས་པའི་མིང་འདི་ china ལ་ཁུངས་གཏུགས་དགོས་ན། རྒྱ་གར་ཞེས་པའི་མིང་འདི་ཡང་ india ལ་ཁུངས་གཏུགས་དགོས་པ་མིན་འགྲོ། ད་དུང་བལ་ཡུལ་དང་སོག་པོ་སོགས་ཀྱང་ nepal དང་ mongol སོགས་ལ་ཁུངས་གཏུགས་ན་ཡག་ཤོས་རེད། གང་ཡིན་ཟེར་ན། རྒྱལ་ཁབ་དང་མི་རིགས་མང་པོས་དེ་ལྟར་འབོད་ཀྱིན་མི་འདུག་གམ་ཟེར་ན་བཤད་རྒྱུ་ཅང་མེད།
བོད་ཀྱི་མཁས་པ་དག་གིས་མཚམས་རེར་ལས་སླ་བོ་དག་ཀྱང་དཀའ་མོ་བཟོས་ནས་གསུང་གི་རེད། རང་གིས་བཤད་པ་དེ་གཞན་གྱིས་མི་གོ་བ་དང་མ་གོ་བ་ཞིག་ཡིན་ན་གཟི་བརྗིད་ལ་རྩི་གི་རེད། རྩོམ་ཡིག་ཅིག་ཡིན་ནའང་གང་ཐུབ་ཐུབ་ཀྱིས་གཞན་གྱིས་རྟོགས་དཀའ་བ་ཞིག་འབྲི་གི་རེད། ལོ་རྒྱུས་བཤད་སྐབས་ཀྱང་ཐག་རིང་པོ་དང་གཏིང་ཟབ་མོ་ཞིག་ལ་འདང་རྒྱག་གི་རེད། འདི་ནི་སྲོལ་ཞིག་ཡིན་པ་འདྲ།
གོང་དུ་གསལ་བོ་ཞེ་དྲག་བཤད་ཡོད། དུས་ཚིགས་ཀྱི་དབང་དུ་བྱས་ན། རྒྱ་ནག་གི་མིང་འདི་ཐོགས་སྟངས་སྔ་ཤོས་དེ་ལེགས་སྦྱར་གྱི་སྐད་རེད། དེའི་རྗེས་ནས་ཉི་ཧོང་དང་སྟག་གཟིག་གཉིས་དང་། ལ་ཊིན་སོགས་ལ་ཁྱབ་ཚུལ་བཤད་ཡོད།
བོད་ཀྱི་ཡིག་ཆ་རྙིང་ཤོས་དག་ནི་ཏུན་ཧོང་དང་རྡོ་རིང་གི་ཡིག་ཆ་དག་རེད། འདི་དག་ནི་སྲོང་བཙན་གྱི་རྗེས་ཙམ་ལ་རེད། ད་ཕན་གྱི་ཡིག་ཆའི་ཁུངས་ལྟར་ན་རྒྱ་ནག་ནི་ Cin df sina དང་ Cina དེ་བཞིན་ shina དང་ China ཞེས་པ་ནས་ཚུར་སྒྲ་ཟུར་ཆགས་པ་ནི་གསལ་བོ་རེད།
བོད་ཀྱི་མཁས་པ་དག་གི་སྒྲ་བཤད་དེ་དག་ནི་བོད་རང་གི་བཤད་སྟངས་ཙམ་རེད། དེར་བརྟེན་ངས་དང་པོ་ནས། ༼བོད་ཀྱི་ལོ་རྒྱུས་ཡིག་ཚང་ ཁག་ཏུ་རྒྱ་ནག་དང་རྒྱ་གར་ལ་རིག་གཞུང་དང་གོམས་སྲོལ་སོགས་ཀྱི་སྒོ་ནས་སྒྲ་བཤད་ དམ་ཚིག་འགྲེལ་བྱེད་མཁན་སྔར་བྱུང་ལ། བོད་ཀྱི་སྐད་བརྡའི་འགྱུར་རིམ་ཁྲོད་ནས་གླེང་མཁན་ཡང་བྱུང་ཡོད། འདི་དག་ཐམས་ཅད་མཐའ་གཅིག་ཏུ་མ་རེད་ཅེས་དགག་དགོས་དོན་མི་འདུག་ལ། དེ་ལྟར་དགག་པ་ལ་དགོས་པའང་མཐོང་མ་སོང་།༽ ཞེས་བྲིས་ཡོད།
རེད། དངོས་ནས་རེད། བོད་ཀྱི་མཁས་པ་དག་གིས་མཚམས་རེར་སླ་མོ་དཀའ་མོ་རུ་བཏང་། ཐུང་བ་རིང་བར་བཟོས། ཆུང་ཆུང་ཆེན་པོ་ལ་བསྒྱུར་ནས་གསུང་པས་སྐབས་ཧ་ཅང་མང་། སྲོལ་དེ་དེང་སང་ཡང་རྒྱུན་འཛིན་བྱེད་འདོད་མཁན་གྱི་ཡིག་འབྲི་བ་ཉུང་ཉུང་མ་རེད། བོད་རང་གི་སྐད་བརྡ་འཁྲུལ་མེད་ཀྱི་མིང་དང་ཐ་སྙད་དེ་ཚོའང་གཞན་ཅིག་ཅིག་ཅིག་གི་སྐད་ལ་འདི་དང་འདི་ཟེར་གྱིན་འདུག་ཟེར་ནས་ཁུངས་བཙལ་ཁུལ་བྱེད་མཁན་ཡང་ཁ་སང་དེ་རིང་གི་དུས་ལ་ཐོན་ཡོང་བར་ལྟོས་དང་།
ཚིག་ཟུར་ལ་མདའ་མདུང་མང་པོ་འཛིན་དགོས་དོན་ཡོད་པ་མ་རེད། རྒྱུ་མཚན་དང་གནས་ལུགས་བཤད་རྒྱུ་ཡོད་ན་ཤར་ཤར་བཤད་ན་དེ་ནས་གསལ་བོ་ཆགས་གི་རེད། གནས་སྐབས་དེ་ཙམ་ཡིན།
ངན་པ་ཉིས་ལོག་བྱས་ན་ར་རྒྱ་རྒྱ་ཁྱི་རུ་བསྒྱུར་ཐུབ་ཟེར་བའི་དཔེ་དེ་ཡིད་ལ་དྲན་བྱུང་། གང་ལྟར་ཨུ་ཚུགས་བཙན་སྒྲིག་དང་ལ་བསྐོར་ལུང་བསྐོར་བྱས་མཐར་བསྐལ་བ་ས་ཆགའས་པ་ནས་བོད་མི་རང་གི་ངག་ལ་བྱང་བའི་ཚིག་རྒྱ་ནག་ཞེས་པ་འདི་ཉེ་བའི་དུས་རབས་ཁ་ཤས་ནང་དར་ཁྱབ་སོང་བའི་ཕྱི་གླིང་བའི་སྐད་རིགས་ཤིག་གི་ཐོག་ཕར་ཁུངས་འདེད་བྱེད་པའི་ཚུལ་འདི་བསམ་ཚེ། ཡབ་མེས་ཀྱི་མིང་བརྡ་མཁན་པོ་ཚོས་མི་མངོན་པའི་དབྱིངས་ནས་འཛུམ་ཆུང་ཞིག་སྟོན་རྒྱུའི་ཚབ་ལ་ཁྲོ་གཉེར་ཤིག་བསྡུས་ཏེ་ཤོད་རྒྱུ། ཨ་རོགས་གཉིས་པོ།
རྒྱ་ནག་ཟེར་བའི་ཚིག་དེ་བོད་སྐད་ཀྱི་མིང་བརྡ་མིན་ན། རྒྱ་གར། རྒྱ་སེར། མགོ་ནག མགོ་སེར་ཞེས་རིགས་འདྲ་བའི་མིང་བརྡ་འདི་དག་ཡང་སྐད་རིགས་གང་ནས་ཟུར་ཆགས་པའི་ཁུངས་ཤིག་བཙལ་ན་མི་ལེགས་སམ་ཞེས་བཀའ་འདྲི་གནང་སོང་བས། ལན་ཅིག་ཡོད་ན་ཕུལ་རོགས་གནང་།