བཀྲ་ལྷ་ཉི་མ་རྡོ་རྗེ།
ཉེ་ཆར་རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་ཆེ་ཁག་གིས་དོ་སྣང་ཆེན་པོ་བྱ་ཡུལ་གྱི་གནས་ཚུལ་གཅིག་ནི་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་(Interpol ) ཁང་གི་འགོ་འཛིན་མཱིང་ཧོང་ཝེ་(Meng Hongwei) གར་སོང་ཆ་མེད་དུ་གྱུར་བ་དེ་རེད། འོན་ཀྱང་གནས་ཚུལ་དེའི་ཐད་བོད་ཡིག་གི་གསར་ལམ་དང་ཚགས་ཤོག་ཁག་ཏུ་དེ་ཙམ་གྱིས་དོ་སྣང་བྱས་མེད་པའི་ཚོར་སྣང་ཞིག་བྱུང་སྟབས། ཁ་གསབ་ཀྱི་ཚུལ་དུ་དེ་རིང་འདིར་གནས་ཚུལ་དེའི་སྔ་ཕྱིའི་བྱུང་རྐྱེན་གང་ཡིན་པ་དང་། རྒྱལ་སྤྱིའི་སྲིད་དོན་ཉམས་ཞིབ་པ་ཁག་གིས་གནད་དོན་དེའི་ཐད་ལ་ལྟ་ཚུལ་གང་ཡོད་པའི་ཐོག་ཕྲན་ཙམ་ཞུ་རྒྱུ་ཡིན།
དེ་ཡང་རྒྱལ་ཁབ་ ༡༩༢ ཀྱིས་མཉམ་སྦྲེལ་ཐོག་བཙུགས་པའི་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཁང་གི་ལྟེ་གནས་ནི་ཧྥ་རན་སིའི་གྲོང་ཁྱེར་ལཱེ་ཨོང་(Lyon) ལ་གནས་ཡོད་པ་དང་། ལྷན་ཁང་དེའི་འགོ་འཛིན་ནི་རྒྱལ་སྤྱིའི་ཚོགས་ཆེན་སྐབས་འོས་ཤོག་གི་ལམ་ནས་འདེམས་སྒྲུག་བྱེད་ཀྱི་ཡོད་པ་དང་། འགོ་འཛིན་གྱི་ལས་ཡུན་ཡང་ལོ་བཞི་ཡིན། སྔ་ལོ་ ༢༠༡༦ ཟླ་བཅུ་གཅིག་པའི་ནང་རྒྱ་ནག་གི་སྐོར་སྲུང་བའི་སྐུ་ཚབ་སྐུ་ཞབས་མཱིང་ཧོང་ཝེ་ལྷན་ཁང་དེའི་འགན་འཛིན་ལ་འདེམས་ཐོན་བྱུང་ཡོད་པ་དང། ཁོང་ནི་ལྷན་ཁང་དེའི་འགོ་འཛིན་ལ་འདེམས་ཐོན་བྱུང་བའི་རྒྱ་མི་མི་རིགས་ཐོག་མ་དེ་ཆགས་ཡོད་སྟབས། གནད་དོན་དེའི་ཐད་རྒྱལ་སྤྱིའི་ནང་གླེང་སློང་དང་ལྟ་ཚུལ་མི་མཐུན་པ་མང་པོ་ཞིག་བྱུང་ཡོད་པ་རེད། སྲིད་དོན་ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱ་ནག་ནི་འགྲོ་མིའི་ཐོབ་ཐང་ལ་བརྩི་མཐོང་སྤུ་ཙམ་མེད་པ་མ་ཟད། དེ་རྡོག་རོལ་ལ་གཏོང་མཁན་གྱི་རྒྱལ་ཁབ་ཞིག་ཡིན་པར་བརྟེན་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཁང་ལྟ་བུའི་གལ་གནད་ཆེ་བའི་ལྷན་ཁང་ཞིག་གི་འགོ་འཛིན་ལ་རྒྱ་མི་ཞིག་སླེབས་པ་ནི་སྔ་ལྟས་ངན་པ་ཞིག་ཡིན་པ་དང་། དེས་རྒྱ་ནག་ལ་གྲངས་ཉུང་མི་རིགས་དང་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་རྣམས་ལ་སྔར་ལས་ལྷག་པའི་དམ་དྲགས་བྱ་ཆེད་གོ་སྐབས་འཕར་མ་ཞིག་སྤྲད་པ་དང་། རྒྱ་ནག་གི་བཙན་གནོན་འོག་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བྲོས་བྱོལ་དུ་ཕྱིན་པའི་བཙན་བྱོལ་པ་རྣམས་འཛིན་བཟུང་དང་ཕྱིར་སློག་བྱ་རྒྱུར་ལས་སླ་པོ་ཆགས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ཡང་ཉམས་ཞིབ་པ་འགའ་ཞིག་གིས་དེང་གི་འཆར་རྒྱ་ནག་ནི་དམག་དོན་དང་དཔལ་འབྱོར་དེ་བཞིན་སྲིད་དོན་སོགས་གང་གི་ཐད་ནས་བརྗོད་ཀྱང་འཛམ་གླིང་ནང་ཆེས་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཅིག་ཏུ་འགྱུར་བཞིན་ཡོད་སྟབས། དེས་རྒྱ་ནག་ལ་འཛམ་གླིང་སྡིངས་ཆའི་སྟེང་མཚན་སྙན་གསར་པ་ཞིག་བསྐྲུན་རྒྱུའི་གོ་སྐབས་སྤྲད་ཡོད་པ་དང་། རྒྱལ་སྤྱིའི་ནང་སྟོབས་ཆེན་རྒྱལ་ཁབ་གསར་པ་ཞིག་ཡིན་པའི་དབང་གིས་སྐོར་སྲུང་ལྷན་ཁང་གི་འགོ་འཛིན་ལྟ་བུར་རྒྱ་མི་ཞིག་སླེབས་པ་དེས་རྒྱ་ནག་ལ་རྒྱལ་སྤྱིའི་ཐོག་བཟང་ཕྱོགས་ཀྱི་འགན་འཁུར་བྱ་རྒྱུའི་འོས་འགན་གསར་པ་ཞིག་སྤྲད་པར་ངོས་འཛིན་བྱེད་ཆོག་པ་རེད་ཅེས་ཀྱང་བརྗོད་ཡོད། གང་ལྟར་གོ་གནས་དེ་ནི་རྒྱ་ནག་ལ་མཚོན་ན་གཡང་ཊིའི་སྒང་ལ་དཀར་རྒྱན་ཟེར་བ་བཞིན་ཆགས་ཡོད་སྟབས། སྲིད་འཛིན་ཞི་ཡིས་དགའ་བསུའི་གཏམ་བཤད་སྤེལ་བའི་ནང་དེ་ནི་རྒྱ་ནག་གི་གཟི་བརྗིད་དང་སྤོབས་པ་ཞིག་ཡིན་པ་དང། དེས་རྒྱ་ནག་ནི་རྒྱལ་སྤྱིའི་ཁྲིམས་དང་བདེ་འཇགས་ལ་བརྩི་བཀུར་ཞུ་མཁན་ཞིག་ཡིན་པ་མཚོན་ཡོད་པས། ཕྱིས་འབྱུང་དེའི་ཐད་ལེགས་སྐྱེས་གང་མང་འབུལ་རྒྱུ་ཡིན་ཞེས་བསྒྲགས་གཏམ་སྤེལ།
ལོ་ན་ ༦༤ སོན་པའི་མཱིང་ནི་དེ་སྔོན་རྒྱ་ནག་གི་སྤྱི་ཚོགས་བདེ་འཇགས་ལྷན་ཁང་གི་བཀའ་བློན་གཞོན་པའི་ལས་འགན་འཁུར་མྱོང་ཡོད་པ་དང་། ལས་གནས་དེས་ཁོང་ལ་རྒྱ་ནག་གི་གསང་བའི་སྐོར་སྲུང་བ་རྣམས་ལ་སྟངས་འཛིན་བྱ་རྒྱུའི་གོ་སྐབས་བྱུང་ཡོད་པ་མ་ཟད། དེ་སྔོན་ཁོང་མཚོ་ཁའི་སྐོར་སྲུང་དམག་གི་འགན་འཛིན་དང་། མཚོ་མཐའ་འཛིན་སྐྱོང་ལས་ཁང་གི་འགོ་འཛིན་གཞོན་པ་བཅས་ཀྱི་གོ་གནས་ཀྱང་བཟུང་ཡོད་འདུག དེ་རྗེས་སྔ་ལོ་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཁང་གི་འགོ་འཛིན་ལ་འདེམས་ཐོན་བྱུང་ཡོད་པ་དེ་ནི་ཁོང་གི་མི་ཚེའི་ནང་གི་ལས་གནས་ཐད་གྲུབ་འབྲས་མཐོ་ཤོས་ཐོབ་པའི་དུས་སྐབས་ཤིག་ཀྱང་ཡིན།
གར་ལྟར་ཡང་། ལོ་གཅིག་ཙམ་མ་སོང་གོང་སྐོར་སྲུང་ལྷན་ཁང་གི་འགོ་འཛིན་ཁོང་ཟླ་སྔོན་མའི་ཟླ་མཇུག་ལ་གར་སོང་ཆ་མེད་དུ་གྱུར་བ་དང་། ཁོང་གི་བཟའ་ཟླས་ཧྥ་རན་སིའི་སྐོར་སྲུང་བར་བརྗོད་དོན། ཁོང་ཧྥ་རན་སི་ནས་རྒྱ་ནག་ལ་ཕྱིར་ལོག་བྱས་རྗེས་གང་སོང་ཆ་མེད་དུ་གྱུར་པའི་སྙན་སེང་ཞུས་རྗེས་ཧྥ་རན་སིའི་སྐོར་སྲུང་ལྷན་ཁང་ནས་ཁོང་གི་གནད་དོན་ཐད་རྟོག་ཞིབ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་རུང་། དོན་དངོས་ཐོག་ཁོང་ཧྥ་རན་སིའི་ས་ཐོག་ནས་གར་སོང་ཆ་མེད་དུ་གྱུར་པ་མིན་པར་བསྙད་ནས་ཁོང་གི་གནད་དོན་དེར་དེ་ཙམ་གྱི་སྣང་ཆེན་བྱས་མེད། རྒྱལ་སྤྱིའི་སྐོར་སྲུང་ལྷན་ཁང་ནས་ཐད་ཀར་རྒྱ་ནག་གཞུང་ལ་ཁོང་གང་དུ་ཡོད་མེད་ཀྱི་གནས་ཚུལ་དྲི་ཞིབ་བྱས་ཡོད་རུང་སྐབས་དེར་རྒྱ་ནག་ནང་རྒྱལ་ཡོངས་དུས་ཆེན་ཁེལ་སྟབས་དེ་ལ་ཕྲལ་དུ་བརྡ་ལན་གང་ཡང་མ་རག འོན་ཀྱང་། ཁོང་བོར་བརླགས་སོང་ནས་ཉིན་བཅུ་གཉིས་ཀྱི་རྗེས་རྒྱ་ནག་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཁོང་ད་ལྟ་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག་བཀག་ཉར་བྱས་ནས་དྲི་བརྩད་བྱེད་བཞིན་ཡོད་པར་བརྗོད་འདུག
ཕྱི་ལོ་ ༢༠༡༢ ལོར་ཞི་ཅིང་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་རྒྱ་ནག་གི་དཔོན་པོ་ཆེ་ཆུང་མི་འདྲ་བ་ས་ཡ་གཅིག་ལྷག་ལ་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་ཉེས་མིང་འོག་བཙོན་འཇུག་དང་ཁྲིམས་ཆད་བཅད་ཡོད་པ་རྒྱལ་སྤྱིའི་དབྱིན་ཡིག་ཚགས་ཤོག་དྷི་གྷར་བྲན(The Guardian)གྱིས་འགྲེལ་རྗོད་བྱས་ཡོད། དེང་གི་ཆར་རྒྱ་ནག་ནང་གནད་ཡོད་མི་སྣ་དང་། ཚོང་པ་དང་། ཁྲིམས་རྩོད་པ་དེ་བཞིན་སྒྱུ་རྩལ་བ་ལ་སོགས་པ་གར་སོང་ཆ་མེད་དུ་ཡལ་འགྲོ་བ་ནི་རྒྱུན་གཏན་གྱི་སྣང་ཚུལ་ཞིག་ཏུ་འགྱུར་བཞིན་ཡོད་ལ། དེ་ནི་ཞི་ཡིས་རང་གི་དགྲ་བོ་དང་ཁ་གཏད་རྣམས་མེད་པ་བཟོ་རྒྱུའི་ངན་ཇུས་ཤིག་པ་ཡིན་པ་དང་། དེས་རྒྱ་ནག་ནི་ཁྲིམས་ཀྱིས་དབང་བསྒྱུར་བྱས་པའི་སྤྱི་ཚོགས་ཤིག་རྩ་བ་ནས་མིན་པ་ར་སྤྲོད་གསལ་པོ་བྱས་ཡོད་མ་ཟད། ཁྲིམས་ཀྱི་དྲང་བདེན་དང་ཕྱི་གསལ་ནང་གསལ་ཟེར་བ་ནི་ཉིན་མོའི་སྐར་མ་དང་རི་བོང་རྭ་ལྟར་ཧ་ཅང་དཀོན་པོ་རེད་ཅེས་ཆབ་སྲིད་ཉམས་ཞིབ་པས་བརྗོད་ཀྱི་ཡོད།
ད་ལྟའི་ཆར་རྒྱ་གཞུང་སྤྱི་ཚོགས་བདེ་འཇགས་ལྷན་ཁང་གི་བཀའ་བློན་(Zhao Kezhi)ཡིས་སྤེལ་བའི་གསལ་བསྒྲགས་ནང་ཁོང་ལ་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞི་འདུག་ཟེར་བ་ཙམ་ལས་ཁོང་གི་ནག་ཉེས་ཁ་གསལ་གང་ཡང་ཐེར་འདོན་བྱས་མེད། གང་ལྟར་ཡང་། ཁོང་ལ་ཉེས་མིང་གང་ཞིག་བཙུགས་ཡོད་རུང་དེ་ནི་ཁོང་བཙོན་འཇུག་བྱེད་དགོས་པའི་རྒྱུ་མཚན་ངོ་མ་དེ་མིན་པ་ནི་སྨོས་མེད་རེད་ཅེས་ནེའུ་ཡོག་དུས་བབ་རྩོམ་སྒྲིག་པས་བརྗོད་ཡོད། ཁོང་གིས་མུ་མཐུད་གསུང་དོན། རྒྱ་ནག་ནང་ཁྲིམས་ཟེར་བ་ནི་དམར་ཤོག་ཚོགས་པས་གང་བཤད་དེ་རེད། དེ་ཡང་ཁ་གསལ་པོར་བརྗོད་ན་དེ་ནི་སྲིད་འཛིན་གྱིས་གང་གསུངས་པ་དེ་རང་རེད་ཅེས་གསུངས་ཡོད།
ཡང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་རྒྱ་ནག་ཉམས་ཞིབ་པ་སྐུ་ཞབས་ཀཱ་ས་ཀྲར་གྱིས་བརྗོད་དོན། རྒྱལ་སྤྱིའི་སྐོར་སྲུང་ལྷན་ཁང་གི་འགོ་འཛིན་དུ་རྒྱ་མི་ཞིག་སླེབས་པ་ནི་རྒྱ་ནག་གི་སྤོབས་པ་དང་གཟི་བརྗིད་ཅིག་ཡིན་པ་ནི་སྨོས་མེད་ཡིན་རུང་། ད་ཆ་ཁོང་མུན་ནག་ནང་ལྷུང་པ་དེས་རྒྱ་ནག་གི་རང་མདོག་ངོ་མ་དེ་མངོན་ཡོད་མ་ཟད། གནས་ཚུལ་དེས་དེང་གི་ཆར་རྒྱལ་སྤྱིའི་ཚོགས་པ་དང་སྒྲིག་འཛུགས་མང་པོ་ཞིག་གིས་རྒྱ་ནག་ལ་འགོ་ཁྲིད་ཀྱི་འགན་འཁྲི་གང་མང་ཞིག་སྤྲོད་དང་སྤྲོད་མུས་ཡིན་པ་དེར་དོགས་གཞིའི་སྤྲིན་ནག་ཆེན་པོ་ཞིག་འཁྲིག་དགོས་པ་བཟོས་ཡོད། གལ་ཏེ་ཉིན་ཞིག་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་རྒྱ་མི་ཞིག་སླེབས་ན་ཁོང་ཡང་གར་སོང་ཆ་མེད་དུ་འགྱུར་མི་སྲིད་པ་མ་རེད་ཅེས་གསུངས་ཡོད།
སྲིད་དབང་གི་འཐབ་རྩོད་རྣོ་ངར་དྲགས་པོའི་ཁྲོད་ཀྱི་རྒྱ་ནག་གི་སྤྱི་ཚོགས་ནི་རླུང་འཚུབ་ཁྲོད་ཀྱི་མར་མེ་ཞིག་དང་འདྲ་(ཇི་བཞིན)བར་མི་སུ་འདྲ་ཞིག་ཡིན་རུང་བདེ་འཇགས་རྩ་བ་ནས་མེད། སྐུ་ཞབས་མཱིང་གི་ལས་སྐལ་ལས་འཕྲོས་པའི་དོགས་དྲི་ཆེ་ཤོས་ནི། ཅིའི་ཕྱིར་རྒྱ་གཞུང་གིས་རང་ངོས་ནས་བསྐོ་བཞག་བྱས་པའི་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཁང་ལྟ་བུའི་གལ་འགངས་ཆེ་བའི་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཞིག་དུས་ཡུན་ལོ་གཅིག་ཙམ་ཡང་མ་འགོར་གོང་བཙོན་འཇུག་བྱེད་དགོས་དོན་དེ་རེད། གང་ལྟར་ཁོང་བསྐོ་བཞག་བྱེད་རྒྱུ་དང་བཙོན་འཇུག་བྱེད་རྒྱུ་གཉིས་ཀར་ཞི་ཡིས་ཆོག་མཆན་ཡོད་པ་ནི་གསལ་པོ་རེད། དེ་ནི་རྒྱ་གཞུང་གིས་རང་གི་རྐང་པར་རང་གིས་རྫོག་རྡོ་བརྒྱབ་པ་དང་གཅིག་མཚུངས་ཡིན།
མདོར་ན་ནང་བཀྲ་མ་ཤིས་ན་ཕྱི་དོན་མི་གྲུབ་ཟེར་བའི་དཔེ་ལྟར་རིང་མིན་རྒྱ་ནག་ནང་འགྱུར་བ་ཤུགས་ཆེན་ཞིག་འགྲོ་རྒྱུ་ཡིན་པ་ནི་དེང་རྒྱ་ནག་གི་སྐྱུག་བྲོ་བའི་གནས་སྟངས་ཀྱི་དྲི་ངན་ལས་ཤེས་ཐུབ།
ང་རང་བོད་ཡིག་ཚགས་ཤོག་ནི་་་་འདི་རིགས་གནས་ཚུལ་དང་། མ་ཟད་བཀའ་བློན་དང་སྲིད་སྐྱོང་གི་གནས་ཚུལ་བཏོན་ཡག་ལ་དགའ་པོ་ཡོད་མ་རེད།
བོད་ཀྱི་དུས་བབ། > གསར་འགྱུར། > གཙོ་གནད་གསར་འགྱུར། > མདོ་སྨད་དང་སྙེ་མོའི་གྱེན་ལངས་ངོ་རྒོལ་སྐོར་ལ་བགྲོ་གླེང།
མདོ་སྨད་དང་སྙེ་མོའི་གྱེན་ལངས་ངོ་རྒོལ་སྐོར་ལ་བགྲོ་གླེང།
http://tibettimes.net/2018/10/26/172986/
སྐབས་དེར་མི་དམངས་ཀུང་ཧྲེ་ ༤༢ དང་ཆུས་༢༥། ཞང་ ༡༣༠ མང་ཚོགས་ཀྱིས་འཕྲོག་པ་མ་ཟད། ཐམ་ཀ་རྩིས་ལེན་བྱས་ཤིང་རོགས་རེས་ཚོགས་ཆུང་ ༧༠༡ འཐོར་བཤིག་བཏང་ཡོད་པ་དང་། རྒྱ་དམར་ལས་བྱེད་པ་དང་ཧུར་བརྩོན་ཅན་གྲངས་ ༥༤༢ ལྷག་ལ་འཐབ་རྩོད་བྱས་ཏེ་རྒྱལ་ཁ་བླངས་པ་དང་། ཉིན་གྲངས་ ༨༠ ལྷག་རིང་རང་བཙན་རང་བདག་བྱས་ནས་འདུག་ཐུབ་ཡོད་སྐོར་བརྗོད་སོང་།