བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག
༄༅། །རྒྱལ་སྤྱིའི་ནང་རྒྱ་ཡིག་གི་དྲ་རྒྱ་ཆེ་ཤོས་ boxun.com.nwes/gb/chinaཚེས་ ༡༤ ཉིན་གནས་ཚུལ་ཐོན་གསལ་ལ་གཞིགས་ན། རྒྱ་ནག་དམར་ཤོག་ཚོགས་ཆེན་སྐབས་ ༡༨ པའི་ཆབ་སྲིད་ཅུས་ཀྱི་ཆེས་མཐོའི་རྒྱུན་ལས་གསར་པ་མི་དགུའི་མིང་ཐོ་ཉེ་བའི་ལོ་གཅིག་ནང་ནང་ཁུལ་བགྲོ་གླེང་ཞིབ་བསྡུར་ཐེངས་མང་བྱས་པ་བརྒྱུད་གཞི་རྩའི་ཐོག་སྤྱི་མོས་གཏན་འཁེལ་བྱས་འདུག འོན་ཀྱང་། འདི་ནི་མཐའ་མའི་གཏན་འབེབས་མ་ཡིན་ཀྱང་། གལ་ཏེ་བློ་ཡུལ་ལས་འདས་པའི་གནས་ཚུལ་མི་འབྱུང་ཚེ་ལོ་རྗེས་མའི་ ༼༢༠༡༢༽འཚོགས་འཆར་ཡོད་པའི་རྒྱ་དམར་ཚོགས་ཆེན་སྐབས་ ༡༨ ནང་། ད་ལྟ་གཏན་འཁེལ་ཟིན་པའི་མི་འགྲོ་རྣམས་ཧ་ལམ་འགྱུར་བ་འགྲོ་སྲིད་ཀྱི་མ་རེད།
རྒྱ་དམར་གཞུང་གིས་སྐབས་རྗེས་མའི་ཆེས་མཐོའི་དབང་འཛིན་མི་སྣ་འདེམས་སྒྲུག་བྱ་རྒྱུར་སྔོན་འགྲོའི་ཆ་རྐྱེན་ཞིག་ཡོད་པ་དེ་ནི། འབྱུང་འགྱུར་ལོ་འགའ་ཤས་ནང་རྒྱ་ནག་དམར་ཤོག་གུང་ཁྲན་ཏང་གི་སྲིད་དབང་སྲ་བརྟན་སྲུང་སྐྱོང་བྱས་ཏེ་ཚོས་གཞི་འདྲ་མིན་གྱི་གསར་བརྗེ་གང་རུང་མི་འབྱུང་བ་འགོག་ཐུབ་པ་དགོས། ལྷག་དོན་དུ་ཉེ་དུས་དཀྱིལ་ཤར་ཡུལ་གྲུའི་ནང་བྱུང་བའི་གསར་བརྗེ་ནང་ཐོར་བཤིག་ཏུ་ཕྱིན་པའི་རྒྱལ་ཁབ་མང་ཆེ་བ་འགོ་ཁྲིད་ནང་ཁུལ་རྙོག་ཟིང་བྱུང་ཏེ་མི་མང་འོས་ལངས་བྱུང་བ་ཞིག་ཡིན་པ་དང་། དེ་སྔའི་དམར་ཤོག་སུའུ་ལན་ལ་ཆ་མཚོན་ནའང་ནང་ཁུལ་འགྱུར་བ་བྱུང་ནས་སྲིད་གཞུང་ཐོར་བཤིག་ཏུ་ཕྱིན་པ་ཞིག་རེད། རྒྱ་ནག་གི་འདས་པའི་ལོ་རྒྱུས་ནང་གི་རྒྱལ་རབས་གསར་རྙིང་བརྗེ་ལེན་བྱས་པར་བལྟས་ནའང་། མང་ཆེ་བ་ནང་ཁུལ་དབང་ཆའི་རྩོད་རྙོག་བྱུང་ཏེ་མཐའ་མ་སྲིད་དབང་ཤོར་བ་ཤ་གཅིག་རེད། མན་འཇུ་གོང་མར་མཚོན་ནའང་གལ་ཏེ་ནང་ཁུལ་གྱི་བློན་ཆེན་ཡོན་ཧྲེ་ཁེས་དབང་ཆ་མ་རྩོད་ན་མན་ཇུ་རྒྱལ་རབས་མུ་མཐུད་དེ་ལོ་འགའ་ཤས་གནས་ཐུབ་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན། རྒྱ་དམར་གཞུང་གི་ཚོགས་ཆེན་སྐབས་ ༡༨ འཚོགས་རྗེས་ཀྱི་འོང་རྒྱུའི་ལོ་བཅུ་ནང་། ༼བ་སྤུ་མེ་ཏོག་༽ཞེས་པའི་གསར་བརྗེ་འམ་ཚོས་གཞི་འདྲ་མིན་གྱི་གསར་བརྗེ་གང་རུང་ཞིག་འཐོན་ན་དེས་རྒྱ་ནག་དམར་གཞུང་ལ་ཉེ་དུས་དཀྱིལ་ཤར་ཡུལ་གྲུའི་ནང་བྱུང་བའི་གསར་བརྗེ་ལས་ཉེན་ཚབས་ཆེ་བ་ བཟོ་སྲིད་པ་མ་ཟད། དུས་སྐབས་དེའི་མཚམས་སུ་བྱང་ཀོ་རི་ཡ་དང་ཀུ་པ་བཅས་མཁྲེགས་སྲུང་ཅན་གྱི་དམར་ཤོག་རྒྱལ་ཁབ་ཐ་མ་དེ་གཉིས་ནང་དུ་ཚོས་གཞི་ཅན་གྱི་གསར་བརྗེ་ལངས་སྲིད་པ་རེད། དེར་བརྟེན། ཞི་ཅིན་ཕིང་གིས་འགོ་ཁྲིད་པའི་ཆེས་མཐོའི་དབང་འཛིན་མི་སྣ་དེ་དག་གིས་མ་འོངས་པའི་ལོ་བཅུ་ནང་སྲིད་སྐྱོང་རྒྱུན་གནས་ཐུབ་དང་མི་ཐུབ་དེ། མིག་སྔའི་རྒྱ་ནག་དབང་འཛིན་པ་ཚོའི་དོ་སྣང་བྱེད་ཡུལ་གཙོ་བོ་འམ་སེམས་ནད་ཆེ་ཤོས་སུ་གྱུར་ཡོད། དེ་ཡང་གསལ་པོར་བཤད་ན། འབྱུང་འགྱུར་གྱི་དབང་འཛིན་མི་སྣ་མི་དགུ་ཡོད་པ་དེའི་ནང་ནས་མི་གཅིག་གིས། རྒྱ་ནག་ནང་གློ་བུར་ཆབ་སྲིད་ཀྱི་དོན་རྐྱེན་གང་རུང་ཞིག་ལྷག་པའི་སྐབས་ཀྲའོ་ཙེ་ཡང་ནང་བཞིན་བློ་ལོག་རྒྱབ་གཏོད་མི་བྱེད་པའི་འགན་ལེན་བྱས་ཏེ། རྒྱུན་ལས་མི་དགུ་མཉམ་ཤི་མཉམ་གསོན་གྱིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཐུབ་པ་བྱུང་ཚེ། རྒྱལ་སྤྱི་རྒྱལ་ནང་གི་དུས་ཀྱི་འགྱུར་བ་གང་འབྱུང་ཡང་དེ་དག་ལ་ཁ་གཏད་གདོང་ལེན་བྱེད་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ད་ལྟའི་རྒྱ་དམར་གཞུང་གིས་ལོ་གཅིག་ལྷག་རིང་བགྲོ་གླེང་དང་ཞིབ་བསྡུར་བྱས་ཏེ་བདམ་བདམ་སྒྲུག་སྒྲུག་བྱས་པའི་སྐབས་རྗེས་མའི་མི་དགུ་ལས་བསྒྲུབས་པའི་ཆེས་མཐོའི་དབང་འཛིན་མི་སྣའི་མིང་ཐོའི་ཁུངས། ཞི་ཅིན་ཕིང་སྲིད་འཛིན་དང་དང་ལིས་ཁེ་ཆའང་སྲིད་བློན་བྱ་རྒྱུ་ཕུད། དེ་བྱིངས་ཀྱི་མི་བདུན་ནི། ད་ཡོད་ཀྱི་རྒྱ་དམར་དབུས་ཆབ་སྲིད་ཅུས་ཀྱི་ལས་འཛིན་ཨུ་ཡོན་མི་དགུའི་ནང་ནས་འདེམས་སྒྲུག་བྱས་པ་ཡུས་ཀྲེང་ཧྲན། ༼ད་ལྟའི་ཧྲང་ཧད་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་༽ ཀྲང་ཏེ་ཅང་ ༼ཐན་ཅིན་གྲོང་ཁྱེར་དམར་ཤོག་དྲུང་ཆེ་༽ ལིས་ཡོན་ཁྲའོ། ༼དབུས་དམར་ཤོག་དྲུང་ཆེལྷན་ཚོགས་ཀྱི་དྲུང་ཆེ་༽ ཝང་ཆི་ཧྲན།༼རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་སྲིད་བློན་གཞོན་པ་དང་པོ།༽ ཀྲང་ཀོ་ལིས་༼ དབུས་དམར་ཤོག་དྲུང་ཆ་ེལྷན་ཚོགས་ཀྱི་དྲུང་ཆེ་༽ ལིའུ་ཡུན་ཧྲན། ༼དབུས་དམར་ཤོག་དྲུང་ཆེ་ལྷན་ཚོགས་ཀྱི་དྲུང་ཆེ་༽ བོ་ཤི་ལའི་༼ཁྲུང་ཆིང་གྲོང་ཁྱེར་དམར་ཤོག་དྲུང་ཆེ་༽བཅས་ཡིན་འདུག
གསལ་བཤད་དགོས་པ་ཞིག་ལ། ད་ལྟའི་དབུས་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་གྲངས་ ༡༩ ཡོད་ཁོངས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་དོན་ལས་འཛིན་ཡིན་པའི་ལིའུ་ཡན་ཏུང་། བེུད་ད་ཕན་རྒྱུན་ལས་ནང་ཡར་འཕར་བའི་ལོ་རྒྱུས་བྱུང་མེད་སྟབས་མུ་མཐུད་དེ་ལས་རྒྱུན་གཅིག་རིང་གོ་གནས་རང་འཇགས་ཐོག་གནས་རྒྱུ་དང་། ཀོང་ཏུང་ཞིང་ཆེན་གྱི་དམར་ཤོག་དྲུང་ཆ་ེཡིན་པའི་ཧོང་ཡང་ལོ་ཚད་བརྒལ་བར་བརྟེན་རྒྱུན་ལས་ནང་ཡར་འཕར་མ་ཐུབ་ཀྱང་མུ་མཐུད་དེ་དབུས་དམར་ཤོག་དྲུང་ཆེ་ལྷན་ཚོགས་ཀྱི་དྲུང་ཆེའི་གོ་མིང་ཐོག་ལས་རྒྱུན་གཅིག་རང་འཇགས་གནས་རྒྱུ་རེད། དེ་ནས་ད་ལྟ་དབུས་དམར་ཤོག་དྲུང་ཆ་ེལྷན་ཚོགས་ཀྱི་དྲུང་ཆེ་ཡིན་པའི་རླིང་ཆི་ཧོཨག་ས་གནས་སུ་ཉམས་གསོག་ཆེད་ཀོང་ཏུང་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེར་གནས་སྤོ་འགྲོ་རྒྱུ་རེད། དེ་བྱིངས་མི་བདུན་དབུས་སྲིད་གྲོས་ནང་གོ་མིང་ཞིག་ཐོབ་རྒྱུ་འམ་ཡང་ན་རྒས་ཡོལ་དུ་འགྲོ་རྒྱུ་རེད།
གོང་དུ་གསལ་བའི་ཆེས་མཐོའི་དབང་འཛིན་པ་མི་དགུའི་བང་རིམ་བསྒྲིག་སྟངས་དེ་སྔ་ལྟར་མ་ཡིན་པར་བང་རིམ་དང་པོ་ཞི་ཅིན་ཕིང་དང་། གཉིས་པ་སྲིད་བློན་ལིས་ཁེ་ཆའང་། གསུམ་པ་ནི་རྒྱ་ནག་རྒྱལ་ཡོངས་མི་འཐུས་ཚོགས་ཆེན་གྱི་ཚིགས་གཙོ་ཡུས་ཀྲེང་ཧྲན། བཞི་པ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོ་ཀྲང་ཏེ་ཅང་། ལྔ་པ་སྲིད་འཛིན་གཞོན་པ་ལིས་ཡོན་ཁྲའོ། དྲུག་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་སྲིད་བློན་གཞོན་པ་ཝང་ཅི་ཧྲན། བདུན་པ་འདུ་ཤེས་འཛིན་སྟངས་སམ་དྲིལ་བསྒྲགས་སྟངས་འཛིན་གྱི་འགན་འཁུར་མཁན་ལིའུ་ཡུན་ཧྲན། བརྒྱད་པ་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དྲུང་ཆེ་ཀྲང་ཀའོ་ལིས། དགུ་པ་རྒྱ་ནག་སྲིད་ཁྲིམས་ལྷན་ཚོགས་ཀྱི་དྲུང་ཆེ་བོ་ཤི་ལའི་བཅས་ཡིན་སྐད་འདུག
མི་བདུན་གྱི་རྒྱབ་ལྗོངས་དང་ཤེས་འཇོན་ལ་བལྟས་ན། ཡུས་ཀྲེང་ཧྲེན་དོན་དངོས་ཐོག་གུང་ཁྲན་དམར་ཤོག་ཚོགས་པར་ལྷག་བསམ་རྣམ་དག་གིས་སྲུང་སྐྱོང་བྱེད་མཁན་ཞིག་ཡིན་པ་དང་། ག་དུས་རྒྱལ་ནང་དུ་གནས་ཚུལ་ཚབས་ཆེ་ལྷག་སྐབས་ཁོ་པས་ཏིང་ཤོབ་ཕིང་ནང་བཞིན་དམ་བཅའ་བརྟན་པོ་དང་ནུས་ཤུགས་ཡོད་དགུས་དམར་ཤོག་གི་སྲིད་དབང་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད། གོ་ཐོས་སུ་ཁོ་པ་བློ་རྒྱ་ཡངས་པོ་དང་ཤོག་ཁག་ཕན་ཚུན་མཉམ་གནས་བར་འདུམ་བྱེད་པའི་ནུས་པ་ཆེན་པོ་ལྡན་ཡོད་པས། ཁོ་པ་སྐབས་རྗེས་མའི་དམར་ཤོག་ཆེས་མཐོའི་དབང་འཛིན་མི་སྣའི་ནང་བདམ་སྒྲུག་བྱས་པ་དེ་ནི་ཧུ་ཅིན་ཐའོ་དང་ཅང་ཙེ་མིན་གཉིས་ཀྱིས་བློ་རིག་གསལ་བའི་ཐག་གཅོད་གཅིག་ལ་བརྩིས་ཀྱི་ཡོད་པ་རེད། ཀྲང་ཏེ་ཅང་དབུས་སྲིད་གྲོས་ཀྱི་ཚོགས་གཙོར་བདམ་པ་དེ་ནི་ཧུ་ཅིན་ཐའོ་གཞོན་ནུ་ཤོག་ཁག་དང་ཅང་ཙེ་མིན་གྱིས་རྒྱབ་རྩ་བྱས་པའི་སྲས་རྣམ་པའི་ཤོག་ཁག་༼རྒྱ་ནག་དམར་གཞུང་ཆེས་མཐོའི་དཔོན་རིགས་ཀྱི་བུ་ཕྲུག་རྣམས་ལ་ཟེར་༽ཟུང་ནས་ངོས་ལེན་བྱས་པ་ཞིག་རེད། ཀྲང་ཏེ་ཅང་རང་ཚུགས་ཆེ་ཞིང་། ནམ་ཀུན་ཤོག་ཁག་སུ་ལའང་དཔུང་སྒྲིག་མ་བྱས་པར་རང་འཁྲིའི་ལས་དོན་ཚགས་ཚུད་དང་། ལྐོག་ཟ་རུལ་སྲུང་གི་དྲི་མ་མེད་པར་ལྷག་བསམ་རྣམ་དག་གིས་གཞུང་དོན་བསྒྲུབ་ཀྱི་ཡོད་པས། མི་རྣམས་ཀྱིས་ཁོང་གི་ལས་ཀ་བྱེད་སྟངས་སྲིད་བློན་འདས་པོ་ཀྲའུ་ཨེན་ལེ་དང་འདྲ་པོ་ཡོད་ལུགས་བསྔགས་བརྗོད་བྱས་ཡོད་སྐད། ལིས་ཡོན་ཁྲའོ་ལ་མཚོན་ན་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་མཐིལ་ཕྱིན་བྱེད་མཁན་ཞིག་ཡིན་པས་གཞོན་ནུ་དང་སྲས་རྣམ་པའི་ཤོག་ཁག་གཉིས་ཀས་མོས་པ་ཡོད་ཅིང་། ཤོག་ཁག་ཕན་ཚུན་བར་འདུམ་བྱེད་པའི་ནུས་པ་ཆེན་པོ་ཡོད་པ་དེས་དམར་ཤོག་ཚོགས་པའི་ནང་ཕྱོགས་ཁག་ནང་ཁུལ་འགལ་ཟླ་བྱུང་སྐབས་ཐག་གཅོད་གང་ལེགས་བྱེད་ཐུབ་ཀྱི་ཡོད་པས་མ་འོངས་པར་ཞི་ཅིན་ཕིང་ལ་རམ་འདེགས་གང་ལེགས་བྱེད་ཐུབ་པ་རེད། ཝང་ཆི་ཧྲན་ནི་རྒྱལ་སྤྱིའི་གླེང་ཕྱོགས་ཐོག་མཐོང་ཚུལ་ཡག་པོ་ཡོད་པ་སྟེ། ནོར་སྲིད་དཔལ་འབྱོར་གྱི་འགྲོ་སྟངས་ཧ་ཅང་ཡག་པོ་ཤེས་ཀྱི་ཡོད་པ་མ་ཟད། ྐླེ་པ་གྲུང་པོ་དང་ལས་ཀའི་ཇུས་མཁས་པོ་ཡོད་ཀྱང་བྱས་རྗེས་རྩོད་མཁན་མ་ཡིན་སྟབས། མ་འོངས་རྒྱ་ནག་ནང་དངུལ་རྩའི་ཉེན་ཁ་དང་གློ་བུར་གྱིས་དངུལ་ལོར་ཚོད་མེད་བཀྲམ་པའི་གནས་ཚུལ་ལྷག་སྐབས། རྗེས་མའི་སྲིད་བློན་ལིས་ཀེ་ཆང་ལ་གཡས་ཞོགས་གཡོན་འདེགས་ཀྱིས་ཐག་གཅོད་གང་ལེགས་བྱེད་ཐུབ་མཁན་གྱི་་འགན་འཁུར་མི་སྣ་ལེགས་ཤོས་དེ་ཡིན། ལིའུ་ཡུན་ཧྲན་ལ་ཆ་བཞག་ན་སླད་ཕྱིན་རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་དང་དྲ་རྒྱ་སོགས་བསམ་བློའི་འདུ་ཤེས་འཛིན་སྟངས་ཐད་གཞུང་གི་བསམ་ཚུལ་ལྟར་སྟངས་འཛིན་བྱེད་མཁན་གྱི་མི་དྲག་ཤོས་དེ་ཡིན། ཁོ་པས་ལས་གནས་གསར་པ་བཟུང་རྗེས་ཕྱོགས་གཅིག་ནས་མི་མང་གི་འཁོན་འཛིན་དང་མི་འདོད་པའི་བསམ་ཚུལ་ལ་ཉན་ཤེས་ཀྱིས་གསལ་བཤད་བྱེད་ས་ཡོད་པ་ཞིག་དང་། ཕྱོགས་གཞན་ཞིག་ནས་དམར་ཤོག་དབང་འཛིན་པའི་ཁེ་ཕན་ལ་ཕོག་ཐུག་ཡོང་སྐབས་བློ་ཐག་ཆོད་པོས་ཚོད་འཛིན་བྱེད་ཐུབ་མཁན་དྲག་ཤོས་ཡིན་པས་དེ་ལྟར་རྒྱ་ནག་དམར་ཤོག་དབང་འཛིན་པ་རྣམས་ཁོ་པར་བློ་བདེ་པོ་ཡོད་པ་རེད། ཀྲང་ཀའོ་སླིད་ནི་རྒྱ་ནག་དམར་ཤོག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དྲུང་ཆེའི་ལས་གནས་དེ་འོས་ཤོས་ཡིན་པས། མི་དེའི་གཤིས་ཀར་ནོར་སྲིད་དཔལ་འབྱོར་ནང་ལས་ཀ་བྱེད་མྱོང་ཡོད་པས་རྩིས་ཁྲ་རྫུན་བཟོ་ལ་སོགས་མགོ་སྐོར་གཏོང་ས་མེད་པས་རྒྱ་དམར་གཞུང་གི་དཔོན་རིགས་ཚོས་ལྐོག་ཟ་རུལ་སྲུང་བྱེད་མཁན་བྱུང་ན་ཐེ་ཚོམ་སོམ་ཉི་མེད་པར་ཚར་གཅོད་བྱེད་མཁན་གྱི་མི་དྲག་ཤོས་ཤིག་ཡིན་སྐད། བོ་ཤི་ལའི་ལ་ཆ་མཚོན་ན་ཆེས་མཐོའི་རྒྱུན་ལས་མི་དགུའི་ནང་ནས་མང་ཚོགས་ཁྲོད་སྐད་གྲགས་ཆེ་ཤོས་ཡིན་ཞིང་། གོ་ཐོས་ལ་ཁོ་པ་ཁྲུང་ཆིང་ལ་ལས་ཀ་བྱེད་རིང་ལྐོག་ཟ་རུལ་སྲུང་ལ་རྡུང་རྡེག་ཚ་ན་གཏོང་མཁན་ཡིན་སྟབས་ཁོ་པས་རྒྱ་ནག་དབུས་སྲིད་ཁྲིམས་ལྷན་ཁང་གི་དྲུང་ཆེའི་འགན་འཁུར་ན། མི་མང་མང་ཚོགས་ནང་རྒྱ་དམར་གཞུང་གི་གཟུགས་བརྙན་ལེགས་པོ་འོང་རྒྱུར་མི་མང་ཚོས་མགྲིན་དབྱངས་གཅིག་གྱུར་གྱིས་བརྩི་བཀུར་འཐོབ་རྒྱུ་ཡིན་པས། རྒྱ་དམར་གཞུང་གི་མཐོ་འབྲིང་དཔོན་རིགས་ལྐོག་ཟ་ཅན་རྣམས་ད་ལྟ་ནས་འཇིགས་སྣང་སྐྱེས་ཀྱི་ཡོད་པ་རེད།
གོང་གསལ་རྒྱ་ནག་དམར་ཤོག་སྐབས་ ༡༨ པའི་དབུས་ཆབ་སྲིད་ཅུས་ཀྱི་ཆེས་མཐོའི་རྒྱུན་ལས་གསར་པ་མི་དགུའི་མིང་ཐོར་གཞི་རྩའི་མོས་མཐུན་གཅིག་གྱུར་བྱུང་ཡོད་པ་སྟེ། ཚད་གཞི་ངེས་ཅན་ཞིག་ནང་ངོས་འཛིན་གཅིག་གྱུར་བྱུང་ཡོད། དེ་ཡང་དེ་སྔ་དང་བསྡུར་ན་ཡར་རྒྱས་ཤིག་ཕྱིན་པ་མཚོན་ཡོད། ཐོག་མར་རྒྱ་དམར་གཞུང་ནང་མའོ་ཙེ་ཏུང་མི་གཅིག་གིས་གང་བཤད་ཉན་རྒྱུ་ཡིན་པ་དཔེར་ན། ལོ་རབས་དྲུག་བཅུའི་ནང་ལིའུ་ཧྲའོ་ཅི་དང་དེ་ནས་ལིང་ཕེའོ། དེ་རྗེས་ཝང་ཧུང་ཝུན། ཧོ་གོ་ཕུང་བཅས་ཚང་མ་མའོ་མི་གཅིག་གིས་གཏན་འཁེལ་བྱས་ཡོད། ཏིང་ཤོབ་ཕིང་གི་དུས་སྐབས་སུ་ཁོ་པའི་རང་ཁྱིམ་དུ་མི་རྒན་པ་ཁག་གཅིག་དང་ནང་གྲོས་བྱས་ཏེ་ཤུལ་འཛིན་མི་སྣ་གཏན་འཁེལ་བྱས་ཡོད། ཅང་ཙེ་མིན་གྱི་སྐབས་ཁོ་པའི་ལས་རོགས་རྒྱུན་ལས་མཉམ་གྲོས་བསྡུར་བྱས་ཏེ་གཏན་འཁེལ་བྱས་པ་དང་། ད་རེས་ཧུ་ཅིན་ཐའོ་སྐབས་ཁོ་པའི་རྒྱུན་ལས་མི་དགུ་ཡོད་པས་མ་ཚད། ད་དུང་རྒས་ཡོལ་ཕྱིན་པའི་རྒྱུན་ལས་ཟུར་པ་རྣམས་ལ་གོ་བསྡུར་བྱས་ཡོད་པས། སྐབས་རྗེས་མ་ཞི་ཅིན་ཕིང་གི་དུས་སུ་ཚད་གཞི་དེ་བས་ཆེ་རུ་འགྲོ་སྲིད་པར་མི་རྣམས་ཀྱིས་སྔོན་དཔག་བྱེད་ཀྱི་ཡོད་པ་རེད།
ལམ་ཙམ་གཏན་འཁེལ་བྱུང་བའི་རྒྱ་དམར་གཞུང་གི་སྐབས་རྗེས་མའི་ཆེས་མཐོའི་དབང་འཛིན་པའི་གྲུབ་ཆ་དེས། དམར་ཤོག་ནང་ཁུལ་དབང་ཆའི་ཆ་བགོས་དོ་སྙམ་བྱུང་བ་དེ་ནི། ཅང་ཙེ་མིན་གྱི་དེ་སྔ་ལོ་༡༣ སྲིད་སྐྱོང་བྱས་རྗེས་བློ་ཐག་ཆོད་པོས་མཉམ་སྡེབ་ཀྱི་འགན་ཁུར་མཇུག་སྐྱོང་འོང་ཆེད་ལས་གནས་ལས་བཤོལ་བའི་ལག་རྗེས་ཤིག་ཡིན་པ་དང་། རྒྱ་དམར་གཞུང་གིས་ད་ཡོད་ལས་གནས་ཐོག་ཡོད་པའི་གཞོན་ནུའི་ཤོག་ཁག་དང་དཔོན་རིགས་ཀྱི་རིགས་རྒྱུད་ཡིན་པའི་སྲས་རྣམ་པའི་ཤོག་ཁག་གཉིས་ཀ་རྒྱ་ནག་དམར་ཤོག་གི་སྲིད་དབང་སྲ་བརྟན་སྲུང་སྐྱོང་བྱེད་མཁན་གྱི་བློས་འཁེལ་ཆོག་པའི་ཀ་བ་ཞིག་ལ་ཚོད་ལྟ་བྱས་པ་ལྟར། རྗེས་སུ་ཧུ་ཅིན་ཐའོ་ཡིས་གཞོན་ནུ་ཚོགས་པའི་ཤོག་ཁག་གི་འཐབ་ས་སྲ་བརྟན་བཟོས་པ་དང་། ད་རེས་སྲས་རྣམ་པའི་ཤོག་ཁག་གི་མི་འགྲོ་ཞི་ཅིན་ཕིང་དམར་ཤོག་གི་སྲིད་ཁྲིར་ཡར་འཇོག་པ་བརྒྱུད་འབྱུང་འགྱུར་རྒྱ་དམར་གཞུང་གི་དབང་ཆའི་བསྟི་གནས་ནང་དཔོན་རིགས་ཚོའི་བུ་ཕྲུག་མུ་མཐུད་དེ་གནས་སྤར་གསོ་སྐྱོང་བྱས་ཏེ་དམར་ཤོག་གི་སྲིད་དབང་སོ་སོའི་ལག་ཏུ་བདག་བཟུང་བྱ་རྒྱུ་རེད། གཞོན་ནུ་ཚོགས་པའི་ཤོག་ཁག་ནི་རྒྱ་ནག་རྒྱལ་ཡོངས་ནང་རྐང་པ་བརྟན་པོ་ཚུགས་པའི་གཞི་རིམ་ལས་བྱེད་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་རྩེ་ཕུད་ལས་གྲུབ་པའི་དབང་འཛིན་མི་རྣམས་ཀྱིས་རང་གི་བྱས་རྗེས་ལ་བརྟེན་ནས་འགྲོ་ལམ་གུ་དོག་ཅིག་བརྒྱུད་དེ་ཡར་སླེབས་པ་ཡིན་པས། ཁོང་ཚོའི་ཁུངས་སུ་ཧུ་ཡའོ་ཕང་དང་ཧུ་ཅི་སླིད། ཧུ་ཅིན་ཐའོ་སོགས་ཡོད་སྟབས། རྒྱ་ནག་ནང་འགྱུར་བ་ཆེན་པོ་ཡོང་བའི་སྐབས་ཁོང་ཚོས་དམར་ཤོག་གུང་ཁྲན་ཏང་གི་སྲིད་དབང་སྲུང་སྐྱོབ་བྱ་རྒྱུ་དང་གཟུགས་བརྙན་ཡག་པོ་བཟོ་རྒྱུ་སྲས་རྣམ་པའི་ཤོག་ཁག་ལས་ལྷག་པ་ཡོད་རྐྱེན། གཞོན་ནུ་ཚོགས་པའི་མི་ཁུངས་ཧུ་ཁྲུན་ཧོ་༼དེ་སྔའི་བོད་རང་སྐྱོང་ལྗོང་དམར་ཤོག་དྲུང་ཆེ་གཉིས་པ་དང་ད་ལྟའི་ནང་སོག་རང་སྐྱོང་ལྗོང་དམར་ཤོག་དྲུང་ཆེ་༽ ཕྱི་ལོ་ ༢༠༢༢ ནང་རྒྱ་དམར་གཞུང་གི་སྲིད་འཛིན་མི་སྣའི་འོས་གཞི་ཡིན་པ་བཅས། དེ་ལྟར་རྒྱ་དམར་གཞུང་ནང་གཞོན་ནུ་དང་སྲས་རྣམ་པའི་ཤོག་ཁག་གཉིས་རེ་མོས་ཀྱིས་སྲིད་དབང་སྐྱོང་བཞིན་ཡོད་པ་དེས་དམར་ཤོག་གུང་ཁྲན་ཚོགས་པའི་འགུལ་བསྐྱོད་རང་བཞིན་ཐོག་ནས་སྲིད་དབང་སྲ་བརྟན་ཡུན་གནས་ཐུབ་ཀྱི་ཡོད་། དེ་དང་ཨེ་ཅེབ་ཀྱི་སྲིད་དབང་སྒེར་གཅོད་པ་མུ་པ་རཀ་དང་ལི་པེ་ཡའི་སྲིད་དབང་སྒེར་དོམ་པ་གྷ་ཌ་ཕེའི་སྲིད་དབང་སྐྱོང་སྟངས་དང་བསྡུར་ས་མེད། མིག་སྔའ་ིབ་སྤུའི་མེ་ཏོག་གི་གསར་བརྗེ་དང་འབྱུང་འགྱུར་བྱང་ཀོ་རི་ཡ་དང་ཀུ་པ་གཉིས་ནང་ཚོས་གཞི་ཅན་གྱི་གསར་བརྗེ་ལངས་བའི་རྐྱེན་གྱིས་རྒྱ་ནག་ལ་ཐག་ཤོར་འདྲེན་འདྲུས་མི་འོང་བའི་སྔོན་འགོག་བྱ་རྒྱུ་དེ་ནི་ད་ལྟའི་རྒྱ་ནག་དབང་འཛིན་པའི་སེམས་ནད་ཆེ་ཤོས་ཀྱི་དོན་ཆེན་ཨང་དང་པོར་བརྩིས་ཀྱི་ཡོད་པ་ལྟར། ཐེངས་རྗེས་མའི་རྒྱ་དམར་གཞུང་གི་དབུས་ཆབ་སྲིད་ཅུས་ཀྱི་ཆེས་མཐོའི་རྒྱུན་ལས་གསར་པ་མི་དགུའི་མིང་ཐོ་སྔར་དང་མི་འདྲ་བར་གཅིག་མཐུན་གཏན་འཁེལ་བྱུང་བའི་རྒྱུ་མཚན་གཙོ་བོ་ཆགས་ཡོད། གལ་ཏེ་ད་རེས་ཀྱི་དབང་ཆའི་དོ་སྙམ་དེ་འགྱུར་བ་གཏང་ནས་མི་དགུའི་ནང་ནས་གཅིག་བརྗེ་ལེན་བྱས་ན། རྒྱ་དམར་གཞུང་གི་མཐོ་རིམ་དབང་ཆའི་མཐུན་སྒྲིལ་ལ་གནོད་ཚེ་ཚབས་ཆེ་བཟོས་པར་ངོས་འཛིན་བྱས་ཡོད་འདུག། ༼དཔྱད་རྩོམ་འདི་ལིའུ་ཧོ་དའང་ཞེས་པས་རྩོམ་སྒྲིག་བྱས་ཁོངས་ནས་ཁོ་བོས་སྙིང་བསྡུས་སུ་ཕྱོགས་བསྒྲིགས་བྱ་ཁུལ་ཡིན།༽ ༢༠༡༡།༤།༡༥ ལ།། །།
མཁས་དབང་མཆོག་གིས་གསུང་རྩོམ་དེ་ལྟར་སྤེལ་གནང་བར་ཐུགས་རྗེ་ཆེ། ད་དུང་མང་དུ་སྤེལ་གནང་ཡོང་བ་མཁྱེན། མཁས་དབང་མཆོག་གི་རྩོམ་ཚིག་འཇམ་ཞིང་བརྗོད་བྱ་གཏིང་ཟབ་པ། དག་ཆ་ཡག་ལ་ཕྱོགས་ལྷུང་གི་མ་སླད་པ། གཞོན་སྐྱེས་ལ་བློ་སྐྱེད་ཀྱི་ནུས་པ་ལྡན་པ་སོགས་དགེ་མཚན་གྲངས་ལས་འདས་པ་མཐོང་གི་འདུག
རྒྱ་ནག་གི་དཔོན་རིགས་ཅི་འདྲ་ཞིག་སླེབ་ཀྱི་ཡོད་མེད་གས་བལྟ་བྱ་རྒྱུ་ནི་བོད་ཀྱི་ལས་དབང་དང་འབྲེལ་བ་ཧ་ཅང་ཆེ་བས་ཉིད་ནས་རྩོམ་སྒྱུར་བྱས་པར་རྗེས་སུ་ཡིད་རང་ཞུ་རྒྱུ་དང་། ད་དུང་མུ་མཐུད་མང་ཙམ་སྤེལ་རྒྱུའི་རེ་བ་བྱེད།
བཅིང་མ་མྱོང་ཞིང་བཅིང་ཐག་མེད་པའི་མི་རིགས་སུ་བཅིང་གྲོལ་ཞེས་ཐ་སྙད་བཏགས་ན་གཏད་ནས་མི་མཛའ། བཅིང་ཐག་རང་ཉིད་ཡིན་ཞིང་འཆིངས་མི་རང་ཉིད་ཡིན་པའི་མི་རིགས་ཤིག་གིས་གཞན་ལ་བཅིང་གྲོལ་བྱེད་དོན་མེད་པ་གསལ་བཤད་མི་དགོས་པ་རང་ཆས་སུ་བློ་ངོར་ཤར་བ་ཞིག་ཡིན་པ་ནི། ཆོས་ཉིད་དང་མཐུན་པས་རེད།
འབྲི་གུང་བག་གྲོ་ཚང་ཚེ་རིང་དབང་ཕྱུག་གམ། ཡང་ན་བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་མཆོག་ནས་ངལ་བ་ཁུར་ལེན་གྱིས་བསྒྱུར་རྩོམ་སྤེལ་བ་ལ་ཐུགས་རྗེ་ཆེ་ཞུ། ཁོང་གིས་བསྒྱུར་གནང་མཛད་པའི་རྒྱ་བློ་བཟང་བཀྲིས་དང་ཆུ་སྒང་གི་དེབ་ནི་ཧ་ལས་པའི་བསྒྱུར་བཟང་པོ་ཞིག་འདུག་པས་བསྔགས་བརྗོད་ཡོད། མུ་མཐུད་རྩོམ་སྤེལ་བའི་རེ་བ་ཡོད།
འབྲི་གུང་བག་གྲོ་ཚང་ཚེ་རིང་དབང་ཕྱུག་གམ། བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་ནས་རྒྱའི་དབང་འཛིན་པའི་རྩོམ་བསྒྱུར་སྤེལ་བ་ལ་བསྔགས་བརྗོད་ཡོད། མུ་མཐུད་སྤེལ་རོགས། ཁྱེད་ཀྱིས་བསྒྱུར་གནང་བའི་རྒྱ་བློ་བཟང་བཀྲིས་དང་ཆུ་སྒང་གི་ལོ་རྒྱུས་ནི་ཧ་ལས་པའི་ཡག་པོ་འདུག
ཁོང་གིས་རྩོམ་ཡིག་བྲིས་པ་མང་པོ་ཡོད་པ་དང་། བསྒྱུར་བའང་མང་པོ་ཡོད། དེ་དག་ཚང་མ་ཆ་ཚང་ཀློག་མྱོང་། ཧ་ཅང་ཡག་པོ་འདུག འོན་ཀྱང་དགག་རྒྱག་ལན་འདེབས་སྐོར་གྱི་རྩོམ་ཡིག་རེ་ཟུང་ཞིག་བོད་ཀྱི་བང་ཆེན་ཐོག་མཐོང་སོང་། དེ་དག་གི་ནང་ནས་རེ་ཟུང་ཞིག་ཁ་ཕྱོགས་འཛིན་སྟངས་ནོར་འདུག་པ་ལྟ་བུ་དྲན་སོང་།
དཔེར་ན་རྒྱ་ནག་གིས་བཙན་བྱོལ་ནང་མང་གཙོ་དང་འདྲ་མཉམ་མེད་པའི་དཔེ་བརྗོད་དུ་ཉི་ཧོང་དུ་སྡོད་པའི་བོད་རིག་པའི་མཁས་པ་བཙན་བྱོལ་གཞུང་དང་ལྟ་བ་མི་མཐུན་པ་ཞིག་གི་བུ་མོ་རྡ་སར་ཡོད་པ་དེ་ལ་རྡུང་རྡེག་བཏང་ནས་ཐུབ་ཚོད་བཤད་པ་སོགས་ཀྱི་ལོ་རྒྱུས་བཀོད་པ་རེད། རྒྱ་རྡུང་ཚེ་དབང་ངམ། ཚེ་རིང་དབང་ཕྱུག་གིས་དེ་ལ་ལན་འདེབས་བྱེད་པའི་གངས་སྐྱིད་ནས་རྡུང་རྡེག་གཏོང་ས་དེ་ཉི་ཧོང་དུ་ཡོད་པའི་བོད་རིག་པའི་མཁས་པ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་བུ་མོ་མ་ཡིན་པར། ལི་ཐང་ཨ་ལོ་ཆོས་མཛད་ཀྱི་བུ་མོ་རེད་ཅེས་བྲིས་འདུག རྒྱ་ནག་གིས་རྩོམ་ཡིག་འབྲི་མཁན་དེས་ཁང་དཀར་སྐལ་ཚུལ་དང་ཨ་ལོ་ཆོས་མཛད་གཉིས་ནོར་བ་དེ་བདེན་ཡང་། དོན་དུ་གངས་ཅན་སྐྱིད་གཤོངས་ནས་མི་མང་པོས་རྒན་འཁོགས་ཞིག་ལ་རུབ་རྡུང་དང་བུད་མེད་ཅིག་ལ་བརྙས་བཅོས་བྱས་པ་དེ་ཁས་ལེན་བྱས་པ་རེད། ད་དུང་རྒྱ་ནག་གིས་ནོར་བ་དེ་ཡོ་བསྲང་གི་རམ་འདེགས་ཙམ་ལས་ལན་འདེབས་ཤིག་གཏན་ནས་མ་རེད།
ཁྱེད་ཚོས་རྐུན་མ་དེ་མི་ཀ་པ་རེད་ཟེར་གྱི་འདུག་སྟེ། དེ་མ་རེད་ཁ་པ་རེད་ཅེས་བརྗོད་པ་དང་གཅིག་མཚུངས་རེད། དོན་དུ་རྐུན་མ་ཞིག་ཡོད་པ་དང་། ཡོད་པ་ཙམ་དུ་མ་ཟད་རྐུན་མ་དེ་འཇུ་རོགས་བྱས་པ་རེད། དེར་བརྟེན་དོན་གྱིས་འབྲི་སྟངས་དེ་ལྟ་བུ་རྒྱ་ནག་ལ་ལན་འདེབས་ཞིག་མ་རེད་ལ། རམ་འདེགས་རེད། ཁོང་གི་སེམས་ངོ་ལ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་བུ་མོ་ལ་བརྡུང་ན་མ་འགྲིག་པ་ཞིག་དང་། མང་གཙོ་དང་འདྲ་མཉམ་ལ་གནོད་པ་ཞིག ཨ་ལོ་ཆོས་བཛད་དང་ཁོའི་བུ་མོ་ལ་བརྡུང་ན་མང་གཙོ་དང་འདྲ་མཉམ་ལ་གནོད་པ་ལྟ་བུ་ཞིག་ཏུ་ངོས་འཛིན་གནང་འདུག་ཀྱང་། རྒྱ་ནག་གི་ངོས་ནས་བལྟས་ན་གཅིག་པ་རེད་ལ། རྒྱལ་སྤྱིའི་ཐོག་ནས་བལྟས་ཀྱང་གཅིག་པ་རེད། དེར་བརྟེན་གནད་དོན་འདིའི་ལྟ་བུའི་རིགས་ལ་དགོངས་པ་བཞེས་ཐུབ་ན་སྨྱུག་རྩལ་གྱི་ཐོག་ནས་ཧ་ཅང་ཡག་པོ་རེད།
ལྷ་སྨོན་པ་ལགས།
༡༩༨༩ཡས་མས་སུ་བོད་ཀྱི་ལོ་རྒྱུས་ནང་བྱས་རྗེས་ཅན་གྱི་མི་སྣ་ཨ་ལོ་ཆོས་མཛད་ཞུ་བ་དེ་རྡ་སར་རྒྱལ་བ་རིན་པོ་ཆེར་མཇལ་ཁ་ཞུས་བར་བཅར་སྐབས། རྡ་ཤོད་ཀྱི་བུད་མེད་ཚོགས་པས་གོ་སྒྲིག་བྱས་པའི་བུད་མེད་ཚོགས་ཆུང་ཞིག་གིས་ཁོང་ལ་ངོ་རྒོལ་བྱས་པ་དང་། པང་གདན་བརྡབ་ནས་ཁོ་པར་ངོ་རྒོལ་བྱས། ངོ་རྒོལ་བྱེད་པའི་རྒྱུ་མཚན་གཙོ་བོ་དེ། ཨ་ལོ་ཆོས་མཛད་སྐུ་སྒེར་ཡིག་ཚང་གི་སྐུ་ངོ་རྟ་རྭ་བ་མཆོག་དང་སྒེར་གྱི་འཁོན་འཛིན་བྱུང་ནས། མཐར་སྐུ་ངོ་མཆོག་གིས་རྒྱལ་བ་རིན་པོ་ཆེར་ཨ་ལོ་ཆོས་མཛད་ཀྱི་མ་འགྲིག་མ་ཐུས་པ་བརྗོད་ནས། རྒྱལ་བ་རིན་པོ་ཆེ་དང་ཨ་ལོ་ཆོས་མཛད་འབྲེལ་བ་ཆད། དེའི་སྟེང་ལ། ལྷོ་ཕྱོགས་ལ་གཞིས་ཆགས་ལ་དངུལ་མ་ཚང་བ་བྱུང་བའི་ཉེས་འཛུགས་བྱུང་ནས་བོད་མིའི་སྤྱི་ཚོགས་ནང་སྡོད་མ་ཐུབ་པ་བཟོས་ནས། མཐར་ཁོ་པ་རྒྱ་མིར་མགོ་བཏགས་ཏུ་བཅུག
ཨ་ལོ་ཆོས་མཛད་རྒྱ་ནག་ལ་ཕྱིན་ནས། རྒྱ་མིའི་དབང་འཛིན་པ་དང་བློ་མ་ཐུན་པར་མཐར་ཨོ་སི་ཀྲོ་ལི་ཡར་ཁོ་པའི་བུའི་དྲུང་དུ་ཕྱིན། དེ་ནས་རྡ་སར་ཡོང་ནས་རྒྱལ་བ་རིན་པོ་ཆེར་མཇལ་ཁ་ཞུ་བར་བཅར་ནས་རྡ་སར་ཁོ་པའི་བུ་མོའི་ཁང་པའི་ནང་སྡོད་སྐབས། ངོ་རྒོལ་དེ་བྱུང་།
སྐབས་དེ་དུས། བུད་མེད་ཤོག་ཁག་གཅིག་གིས་ཁོ་པར་ངོ་རྒོལ་དང་རྡུང་རྡེག་ཡང་ཕྲན་བུ་བཏང་། གནས་ཚུལ་དེ་བྱུང་བ་དངོས་ཡོད་ཡིན་ལ། སྐབས་དེའི་རྡ་སར་སྡོད་པའི་མི་ཚང་མས་མིག་མཐོང་ལག་ཟིན་ཡིན་སྟབས། དེ་ལ་སྦས་འགེབ་དང་ངོ་སྲུང་བྱས་ན་རྒྱུ་མཚན་མིན་འདུག་པས། དེ་ཚེ་རིང་དབང་ཕྱུག་ལ་སྐྱོན་བརྗོད་བྱས་པ་དོན་མེད་རེད་སྙམས།
གཞི་ནས་ཚེ་རིང་དབང་ཕྱུག་ནི་མི་དྲང་པོ་ཞིག་དང་ལྷག་བསམ་རྣམ་དག གཡོ་སྒྱུ་མེད་པའི་མཁས་དབང་གཞན་དྲིང་དུ་མི་འཇོག་པ་ཞིག་ཡིན་སྟབས། དྲང་པོ་ཤོད་རྒྱུ་དེ་ཁོང་གི་རང་གཤིས་ཡིན་པས། ཁོང་ལ་གཏིང་ནས་གུས་ཞབས་ཡོད།
བསམ་ཤེས་ནས་གསུང་པ་བཞིན་ལོ་རྒྱུས་དྲང་པོ་བཤད་དགོས་རྒྱུ་གལ་ཆེན་པོ་རེད་
ཀ་པ་དེ་མ་རེད་ཁ་པ་རེད་ཅེས་པས་ལན་མ་ཐེབས་པ་གང་ཡིན་ནམ། ཨ་ཆོས་བུ་མོ་ཡིན་པ་གསལ་བོ་བཟོས་པ་ནི། ཨ་ཆོས་ལ་པང་གདན་བརྡབ་དོན་ལ་རྒྱུ་མཚན་ཡོད་པས་ཡིན་རྒྱུ་རེད། རྒྱ་ནག་གིས་དེ་མང་གཙོའི་རུལ་སུངས་ལ་འགྲེལ་གྱི་ཡོད་པ་རེད། དོན་དམ་ཨ་ཆོས་ལ་མ་ཉེས་ཁ་གཡོག་བྱས་འདུག་མི་འདུག་རྒྱ་རྡུང་གིས་གསལ་སྟོན་བྱས་མིན་ཅི་ལྟར་ཡང་། ཉིན་དེར་མདོ་སྟོད་སྤྱི་ཟུར་བསོད་ནམས་སྟོབས་རྒྱས་དང་རྒྱ་རྡུང་གིས་གསལ་མཐོང་ཟིན་པའི་བྱུང་བ་བདེན་པར་སྨྲས་པ་དེ་རེད། བཙན་བྱོལ་གཞུང་གི་ལན་འདེབས་ནི་བདེན་པ་སྨྲ་རྒྱུ་དེ་རེད། སྐབས་དེའི་བྱུང་བ་ཇི་བཞིན་སྨྲས་པས་ད་གཟོད་མི་ཚང་མར་དམངས་གཙོ་ནང་སྟོང་ཡིན་པ་རང་བཞིན་གྱིས་ར་སྤྲོད་བྱས་ཡོད་པ་རེད། དེ་ལས་ལྡོག་སྟེ་རྦད་དེ་གནས་ཚུལ་དེ་འདྲ་བྱུང་མེད་ཚུལ་བྲིས་ན་ལན་ཅི་ལྟར་ཐེབས་སམ། ནམ་ཞར་གང་དུའང་སྐྱག་རྫུན་ལ་སྐྱག་རྫུན་གྱིས་ལན་འདེབས་པ་ནི་སྙོག་དྲའི་འགོ་ཁུངས་ལྟ་བུ་ཆགས་རྒྱུ་གདོད་མི་ཟ་བ་ཉིད་དོ། དེ་དག་ཤེས་པ་གྱིས་ནས། ཨ་ཆོས་སྐོར་ལ་ཚོར་བ་ལྡོག་ལམ་དུ་ཕྱིན་ཡོད་མཁན་ཚོས་དངོས་ཡོད་བརྗོད་ན་དེས་དགའ་སོ་ལོ།།
རྒྱ་ནག་གཞུང་གིས་ག་དུས་ཡིན་ནའང་སྐྱག་རྫུན་ཁོ་ནས་བཤད་དེ་མི་ལ་མགོ་སྐོར་གཏོང་བ་བཞིན་བོད་གཞུང་ནས་དངོས་ཡོད་གནས་ཚུལ་མི་བཤད་པར་སྐྱག་རྫུན་བཤད་ན་དྲང་པོ་མ་རེད།རང་ཉིད་ཀྱི་སྐྱོན་ཡིན་ནའང་དེ་དྲང་པོར་བཤད་ན་ཕ་རོལ་པོ་ལ་སེམས་འགུལ་འཐེབས་ནས་དྲང་པོ་བཤད་རྒྱུར་འགྱུར་བ་ཐེབས་སྲིད་པ་རེད།རང་ཉིད་ཀྱི་སྐྱོན་མ་བཤད་པར་མུ་མཐུད་སྐྱག་རྫུན་བཤད་ན་རྒྱ་ནག་གཞུང་གི་བརྒྱུད་ལམ་ཁག་དང་ཁྱྱད་བར་ཅི་ཞིག་ཡོད།དྲང་པོ་ཤོད་རྒྱུ་ནི་བཙན་བྱོལ་གཞུང་གི་བདེན་པ་དང་འཚེ་བ་མེད་པའི་བཞེངས་ཕྱོགས་དང་མཐུན་པ་རེད།ལྷ་སྨོན་པའི་བསམ་ཚུལ་བཤད་པ་ཡང་སྐུལ་སློང་བཟང་པོ་ཡིན་པ་ཚིག་གི་ངོ་གདོང་ནས་མཐོང་གི་འདུག་ལ་ཁོང་མི་ངོ་མ་ཡང་སུ་ཡིན་ཚིག་གི་བགྲོས་ནས་ཤེས་ཀྱི་འདུག་ཀྱང་དགོས་དབང་ཐོག་ནས་གསལ་པོ་བཟོ་འདོད་མེད་སྟབས་སླད་རང་གཤིས་མི་མངོན་པའི་སྨྱུག་རྩལ་ལ་འབད་དགོས་པའི་སྐུལ་སློང་བཟང་པོའི་རེ་བ་དངབ་བཅས།
རྒྱ་ནག་གཞུང་གིས་ག་དུས་ཡིན་ནའང་སྐྱག་རྫུན་ཁོ་ནས་བཤད་དེ་མི་ལ་མགོ་སྐོར་གཏོང་བ་བཞིན་བོད་གཞུང་ནས་དངོས་ཡོད་གནས་ཚུལ་མི་བཤད་པར་སྐྱག་རྫུན་བཤད་ན་དྲང་པོ་མ་རེད།རང་ཉིད་ཀྱི་སྐྱོན་ཡིན་ནའང་དེ་དྲང་པོར་བཤད་ན་ཕ་རོལ་པོ་ལ་སེམས་འགུལ་འཐེབས་ནས་དྲང་པོ་བཤད་རྒྱུར་འགྱུར་བ་ཐེབས་སྲིད་པ་རེད།རང་ཉིད་ཀྱི་སྐྱོན་མ་བཤད་པར་མུ་མཐུད་སྐྱག་རྫུན་བཤད་ན་རྒྱ་ནག་གཞུང་གི་བརྒྱུད་ལམ་ཁག་དང་ཁྱྱད་བར་ཅི་ཞིག་ཡོད།དྲང་པོ་ཤོད་རྒྱུ་ནི་བཙན་བྱོལ་གཞུང་གི་བདེན་པ་དང་འཚེ་བ་མེད་པའི་བཞེངས་ཕྱོགས་དང་མཐུན་པ་རེད།ལྷ་སྨོན་པའི་བསམ་ཚུལ་བཤད་པ་ཡང་སྐུལ་སློང་བཟང་པོ་ཡིན་པ་ཚིག་གི་ངོ་གདོང་ནས་མཐོང་གི་འདུག་ལ་ཁོང་མི་ངོ་མ་ཡང་སུ་ཡིན་ཚིག་གི་བགྲོས་ནས་ཤེས་ཀྱི་འདུག་ཀྱང་དགོས་དབང་ཐོག་ནས་གསལ་པོ་བཟོ་འདོད་མེད་སྟབས་སླད་རང་གཤིས་མི་མངོན་པའི་སྨྱུག་རྩལ་ལ་འབད་དགོས་པའི་སྐུལ་སློང་བཟང་པོའི་རེ་བ་དང༌བཅས།