ནགས་ཕྲན་པ་བསོད་ནམས་ཚེ་རིང་།
རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་བོད་མི་རྣམས་ཀྱིས་དྲག་པོའི་ཁྲིམས་གཞི་མེད་པའི་སྲིད་ཇུས་ཞིག་གཏན་ནས་མཐོང་མྱོང་མེད་པར་བརྟེན། བོད་མི་རྣམས་ཞི་བདེ་དང་རང་དབང་ལ་སྤྱོད་པའི་གོ་སྐབས་རྦད་དེ་བྲལ་བར་གྱུར་པ་རེད། འདི་ནི་དུས་རབས་ཕྱེད་ལྷག་གི་བོད་མིའི་ངོ་རྒོལ་བྱ་བའི་འབྱུང་ཁུངས་ངོ་མ་དེ་གྱུར་ཡོད། རྒྱ་ནག་ནི་སྟོབས་ཆེན་རྒྱལ་ཁབ་ཀྱི་གྲས་སུ་ཡོད་པ་དང་། དམག་དོན་དང་དཔལ་འབྱོར་བཅས་ལ་རྒྱལ་ཁབ་གཞན་གྱིས་སྣང་མེད་གཏོང་མི་ཐུབ་པའི་ཚད་དུ་སླེབས་ཡོད་ནའང་། བོད་མི་རྣམས་ཀྱིས་དེ་ལ་དོ་སྣང་མི་བྱེད་པར་རང་ཉིད་ལ་ཐོབ་འོས་པའི་ཆབ་སྲིད་ཀྱི་རང་དབང་དང་ཆོས་ལུགས་ཀྱི་དད་འདུན། མི་རིགས་ཀྱི་བོ་ངོ་སྲུང་སྐྱོབ་བཅས་ཀྱི་ཐོབ་ཐང་གི་ཆེད་དུ་རང་ལུས་མེ་རུ་སྤར་དེ་ཞི་བའི་འཐབ་རྩོད་བྱེད་བཞིན་པར་བརྟེན། རྒྱ་ནག་གཞུང་ཆེས་སྐྲག་ས་ནི་བོད་རྣམས་ཀྱི་སྙིང་སྟོབས་དང་ལྷག་བསམ་དེ་ལ་ཐུག་ཡོད་པ་རེད།
དེང་སྐབས་རྒྱ་ནག་གིས་བོད་ས་ཁུལ་ཀྱི་བརྡའ་འཕྲིན་ཡོངས་རྫོགས་བཅད་ནས། ཕྱི་རྒྱལ་པ་གཅིག་ཀྱང་ནང་དུ་མི་གཏོང་བར་ལག་མགོ་ཁུ་ཚུར་ལས་གང་ཡང་མེད་པའི་བོད་མི་རེའི་འགྲམ་ན་དེང་རབས་ཀྱི་གོ་མཚོན་ལྡན་པའི་དམག་མི་རེ་བཞག་ཅིང་། ཉིན་མཚན་བར་མེད་དུ་ནུས་ཤུགས་ཡོད་དགུ་རྩལ་སྤྲུག་གིས་དམར་གསོད་དང་འཛིན་བཟུང་། བཙོན་འཇུག རྡུང་རྡེག་དྲག་པོ་གཏོང་བཞིན་ཡོད་པ་ནི་རྒྱལ་ཁབ་ཀྱི་སྟོབས་ཤུགས་མཐར་ཐུག་པ་དེ་ཡིན་པར་སྣང་། འོན་ཀྱང་བོད་མི་རྣམས་ཀྱིས་དེ་ལ་འཇིགས་ཞུམ་གཏན་ནས་མེད་པར་གང་ལྟར་རང་དབང་འཐབ་རྩོད་ཀྱི་བྱ་བ་མཐའ་འཁྱོལ་བྱ་རྒྱུའི་བརྡ་སྟོན་བྱེད་ཀྱི་ཡོད་ལ། འདི་ནི་བོད་མིའི་རྩ་བའི་དམིགས་ཡུལ་དང་ནུས་སྟོབས་ཀྱི་ཚད་གཞི་ལྟ་བུར་གྱུར་ཡོད།
བོད་མི་རྣམས་ཀྱི་རང་ཉིད་ཀྱི་འཐབ་རྩོད་ཀྱི་དམིགས་ཡུལ་དང་། ཕུགས་བསམ་མཐར་ཐུག་གི་རེ་སྙེག་མཚོན་པའི་འབོད་ཚིག་ནི་ “བོད་རང་བཙན་ཡིན། བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་དགོས།” ཞེས་པ་དེ་ཡིན་ལ། དེའི་ཆེད་དུ་རང་ལུས་མེར་བསྲེགས་པ་དང་། ཆུར་མཆོངས་པ། ཁྲོམ་སྐོར་བྱེད་པ། མེ་མདའི་ཁར་སྡོད་པ་བཅས་ཀྱིས་ཡོད་ཚད་བློས་གཏོང་གིས་ཞི་བའི་འཐབ་རྩོད་ཁོ་ན་བྱེད་བཞིན་པ་རེད།
མཐོང་སྣང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོང་གྲངས་རེ་རེ་འཕར་བ་དང་བོད་མིའི་འཐབ་རྩོད་བྱེད་ཤུགས་ཀྱི་ངོ་བོ་ཆེ་རུ་འགྲོ་བཞིན་པ་དེ་ཡང་རང་ཉིད་ཀྱི་རྩ་བའི་བླ་མར་བཅང་བའི་དད་འདུན་ཀྱི་སྐུལ་མ་དང་། སེམས་ཕུགས་ཀྱི་རེ་སྙེག་ཅིག་ཡིན་ལ། བོད་མི་རྣམས་ལ་ཚད་ལས་བརྒལ་བའི་དྲག་གནོད་ཇི་ལྟར་བྱས་ཀྱང་གཞན་ལ་མི་འཚེ་བའི་བྱ་སྤྱོད་རྒྱུན་འཁྱོངས་བྱེད་དེ་ཡང་། རྩ་བའི་བླ་མའི་ཆོས་ཀྱི་བསླབ་བྱ་ཉམས་ལེན་བྱེད་བཞིན་པའི་དོན་དངོས་གསལ་སྟོན་བྱས་པ་ཞིག་རུ་གྱུར། གལ་ཏེ་༸རྒྱལ་བ་རིན་པོ་ཆེ་ཞལ་བཞུགས་པའི་རིང་ལ་བོད་ཀྱི་རང་དབང་སླར་གསོ་དང་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་བྱ་བའི་བོད་མིའི་ཕུགས་བསམ་དེ་མ་འགྲུབ་པ་ཡིན་ན། ནམ་ཞིག་བོད་མི་རྣམས་འུ་ཐུག་པར་གྱུར་ནས་གནམ་འོག་ལ་ཆག་སྒོ་ཆེན་པོ་རེ་ཡང་སློང་མི་སྲིད་པ་མིན་པས་རྒྱ་ནག་རྒྱལ་ཁབ་ཀྱི་ཕུགས་རྒྱང་གི་མདུན་ལམ་ལ་སེམས་ཁུར་ཡོད་མཁན་དང་། འཛམ་གླིང་ཞི་བདེ་ལ་བརྩོན་པའི་རྒྱལ་ཁབ་དང་གྲགས་ཅན་མི་སྣ་རྣམས་ཀྱི་བོད་མིའི་མངོན་འདོད་ལ་བརྩི་སྲུང་དང་འགན་ཁུར་བྱེད་དགོས་པ་ཡང་དོན་དངོས་དང་ཧ་ཅང་མཐུན་པ་ཞིག་ཡིན།
འདི་ལོར་ཁམས་བྲག་འགོ་དང་གསེར་རྟ། ཨ་མདོ་རྔ་བ་དང་འཛམ་ཐང་སོགས་སུ་སྔ་གཞུགས་མི་མང་སྒེར་ལངས་དང་། ཞི་བའི་ངོ་རྒོལ་བྱས་པར་རྒྱ་གཞུང་གིས་“རྡུང་གཅོག་འཕྲོག་གསུམ་” ཟེར་བའི་མིང་ངན་ཞིག་བཏག་ནས། འཕྲལ་དུ་རིམ་པ་སོ་སོའི་ལས་དོན་རི་ཁག་བོད་ཀྱི་གྲོང་ཁྱེར་ང་གྲོང་བརྡལ། གྲོང་གསེབ་ཁག་ཏུ་བསྐྱོད་དེ་སྤྱི་ཚོགས་བརྟན་བརླིང་དང་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོངས་བྱ་བར་ཁ་གཡར་ཏེ། ༸རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ “མང་ཚོགས་ལ་ངན་སྐུལ་བྱས་ཏེ་ས་ཞིང་འདེབས་རྨོ་སྤོང་བ་དང་། རང་ལུས་མེས་སྲེག་གི་དོན་རྐྱེན་ཇུས་འགོད་བྱེད་པ། མང་ཚོགས་ལ་ལོ་སར་གཏོང་མི་ཆོག་ཅིང་ལོ་སར་གྱི་ཅ་དངོས་ཉོ་མི་ཆོག་པའི་འཇིགས་སྐུལ་བྱས་”པ་རེད་བདེན་དཔང་མེད་པའི་སྐུར་འདེབས་ཁོ་ན་བྱེད་པ་དང་། རྒྱ་ནག་གིས་“ལངས་ཕྱོགས་སྲ་ཚུགས་བཅས་བྱས་ཏེ་ཏཱ་ལའི་ཚོགས་པ་དང་འཐབ་འཛིང་བྱེད་རྒྱུ”་དང་། “ཁ་བྲལ་དང་གཏོར་བཤིག་བཏང་བའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་དགོས་པ་དང་། དྲག་ཤུགས་ཀྱིས་བྱས་ཉེས་བསགས་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་རྒྱག་དགོས།” པའི་འཇིགས་སྐུལ་རང་བཞིན་གྱི་ “ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་”ཟེར་བ་འདི་དག་ལ་ཉམས་བཞག་ནས་བལྟས་ན་བསམ་བཞིན་དུ་བོད་མིའི་དད་འདུན་དང་འདུ་ཤེས་རྡོག་རོལ་གཏོང་བའི་བྱེད་ཤུགས་ཆེ་རུ་བཏང་པས་མ་ཚད། རྣམ་པ་མི་གསལ་པའི་དྲག་པོ་ཁྲིམས་གཞི་སྔར་ལས་དྲག་ཏུ་གཏོང་བཞིན་པ་ཞིག་ཏུ་གྱུར་པས་བོད་མི་རྣམས་ལ་སྔར་བས་ཁོང་ཁྲོ་ཆེན་པོ་སློང་བ་དང་། སེམས་གཏིང་ལ་བརྗེད་ཐབས་མེད་པའི་ན་ཚ་བཟོ་བཞིན་ཡོད།
དུས་སྐབས་འདི་འདྲའི་ནང་ང་ཚོས་འཐུས་ཤོར་མེད་པའི་ཉམས་འཇོག་གཞན་ཞིག་བྱེད་དགོས་ས་ནི་རྒྱ་ནག་གི་རང་དབང་རྩོམ་པ་པོར་གྲགས་པའི་མི་རེ་ཟུང་ཡང་ཡོད། ཁོ་ཚོས་བོད་ལ་ཤ་ཚ་མདོག་དང་སེམས་ཁུར་ཡོད་མདོག་གིས་རྡ་རམ་ས་ལ་ནས་བོད་ནང་གི་རང་དབང་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་ལམ་སྟོན་དང་སྒྲིག་བཀོད་བྱེད་དགོས་པའི་སྐུལ་མ་བྱས་དེ། རྒྱ་གཞུང་གི་སྐྱོན་བརྗོད་ལ་དཔང་རྟགས་འཚོལ་བཞིན་ཡོད་པ་རེད། མ་ཚད་རང་རིགས་གཡམ་རྒྱུག་ལ་དགའ་ཞིང་། མཁས་རློམ་ཆེ་བའི་མཇུག་མ་གཡུག་མཁན་དང་ལྕེ་བསྣར་བྱེད་མཁན་རེ་ཟུང་གིས་ཀྱང་ ༸རྒྱལ་བ་རིན་པོ་ཆེས་གཙོས་པའི་བླ་ཆེན་ཁག་དང་། གཞུང་འབྲེལ་བཅས་ནས་བོད་ནང་གི་རང་ལུས་མེ་རུ་སྤར་ནས་རང་དབང་འཐབ་རྩོད་བྱེད་བཞིན་པ་མཚམས་འཇོག་དགོས་པའི་སློབ་སྟོན་གནང་དགོས་པའི་བསམ་ཚུལ་བཏོན་བཞིན་པ་དང་། ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་གཞན་ལ་འཚེ་བ་མི་བྱེད་པའི་བསླབ་བྱ་ཉམས་ལེན་གནང་མཁན་དང་། གཞན་གྱི་ཆེད་དུ་རང་ཉིད་བློས་གཏོང་གནང་མཁན་གྱི་སེམས་དཔའ་ཆེན་པོའི་སྤྱོད་པ་འདི་ལ་འཚེ་བ་ཡིན་མིན་གྱི་དོགས་སློང་བྱེད་པ་བཅས་ནི་དངོས་ཤུགས་བརྒྱུད་གསུམ་གང་རུང་གིས་དགྲ་བོའི་ལག་ཆར་འགྱུར་མི་སྲིད་པ་མིན་པས་གཞུང་མང་གཉིས་ནས་དོགས་ཟོན་བྱེད་དགོས་པར་གྱུར་ཡོད་སྙམ། ནགས་ཕྲན་པ་བསོད་ནམས་ཚེ་རིང་ནས། ༢༠༡༢ ཟླ་ ༣ ཚེས་ ༡ ཉིན།
ནག་ཕྲན་པ་ཟེར་འདི་ཡང་།
ཕྱོགས་རིས་ཅན་ཞིག་ཡིན་པ་ལྷུང་ལ་བུད་འདུག ཧ་ཧ་ཧ་་་་་་་་་་་་་་་་་་་་《འདི་ལོར་ཁམས་བྲག་འགོ་དང་གསེར་རྟ། ཨ་མདོ་རྔ་བ་དང་འཛམ་ཐང་སོགས་སུ་སྔ་གཞུགས་མི་མང་སྒེར་ལངས་དང་། ཞི་བའི་ངོ་རྒོལ་བྱས་པར་རྒྱ་གཞུང་གིས་“རྡུང་གཅོག་འཕྲོག་གསུམ་” ཟེར་བའི་མིང་ངན་ཞིག་བཏགས། 》ཞེས་པར་ལྟོས་དང་། གསེར་རྟ་ཁམས་ཡིན་པའི་བསྒྲུབ་བྱེད་ཅི་ཞིག་ཡོད་དམ། ཧ་ཧ་ཧ་་་་་་་་་་་་་་་་་་སྐྱབས་བཅོལ་བའི་ཡིག་འབྲི་བ་འདི་ཚོའང་སྐྱབས་བཅོལ་བ་རང་རེད་ཡ། ངོ་མ་ཚ་ཡ་མི་འདུག་ག་་་་་་་་་་་་་་་་ཨ་ཡོ་་་་་་་་་་་་་ད་རུང་རྩོམ་པ་པོ་ཟེར་བའི་མིང་བྱང་ཞིག་འཁུར་ནས་་་་་་་་་་་་་་་་དྲང་བདེན་རྒྱབ་ཏུ་བསྐྱུར་ནས་་་་་་་་་་་་་་་ཧ་ཧ་ཧ་་་་་་་་་་་་་་་་ད་སྐྱོན་པ་ཆགས་བསྡད་ཡོད་ཀ་་་་་་་་་་་་་་ཧ་ཧ་ཧ་་་་་་་་་་་་་
རྩོམ་ཡག་པོ་བྲིས་འདུག་ནང་དོན་ལ་བསམ་གཞིགས་གནང་རོགས།ཆོལ་ཁུངས་དང་ལུང་ཚན་སོགས་ཀྱི་ཕྱོགས་ཞེན་ལས་བརྒལ་ནས་རྒྱལ་ཁབ་ཀྱི་འདུ་ཤེས་སློང་རོགས།རྩོད་དགོས་པའི་དོན་དག་མི་རྩོད་པར་ད་དུང་མི་ལོ་ལྔ་བཅུའི་ལམ་ཁར་བསྐྱར་སྤོ་བྱེད་རྒྱུ་ཡིན་ནམ།མེ་རུ་སྦར་བ་ཚོ་།མེ་མདའི་ཁར་ཤོར་བ་ཚོ་།བཙོན་དུ་བཅུག་པ་ཚོ།སྤུན་ཟླ་དེ་དག་ཆོལ་ཁུངས་དང་ཆོས་བརྒྱུད་བྱེ་བྲག་པ་ཞིག་གི་ཆེད་དུ་མ་རེད།བོད་ཅེས་པའི་མི་རིགས་འདིའི་ཆེད་དུ་རེད།
བོད་མིའི་སྙིང་སྟོབས་ལ་ཞེ་ནས་ཡོད་ལབ་ན་ཅི་རེད།