ནམ་མཁའ།
དུས་རབས་ཉི་ཤུའི་ལོ་རབས་༥༡ ནས་འཛམ་གླིང་སྟེང་༼འགྲོ་བ་མིའི་ཐོབ་ཐང་༽ཞེས་ཡོངས་སུ་ཁྱབ་བསྒྲགས་བྱས་པ་ནས་བཟུང་། ཨ་རི་དང་ཡོ་རུབ་གཉིས་གཙོ་བྱས་ཏེ་སྲིད་འཛིན་ཚོས་ཁ་ནས་དང་པོ་ཐོན་པའི་ཚིག་འགྲོ་བ་མིའི་ཐོབ་ཐང་ཟེར་བ་དེ་རེད། ཡིན་ན་ཡང་དོན་ངོ་མར་ཁོང་ཚོ་འགྲོ་བ་མིའི་ཐོབ་ཐང་ཟེར་བ་དེ་དགོས་ཀྱི་ཡོད་དམ། ཁོང་ཚོས་ཁྱབ་བསྒྲགས་བྱས་ཀྱང་༡༩༦༠ དང་༧༠ ནང་ད་རུང་མི་རིགས་ཀྱི་ཁ་མདོག་དབྱེ་འབྱེད་ཀྱིས་ཨ་རི་སོགས་མི་རིགས་དཀར་པོའི་ལུང་པ་ན། མི་རིགས་ནག་པོ་ལ་འོས་ཤོག་བླུགས་པའི་ཐོབ་ཐང་མེད་ལ། སྤྱི་སྤྱོད་རླངས་འཁོར་ནང་དུ་ཡང་མི་རིགས་ནག་པོ་སྡོད་མི་ཆོག་པ་རེད། མི་རིགས་ནག་པོའི་ཐོབ་ཐང་རྩོད་མཁན་མང་པོ་བཙོན་འཇུག་ཡང་བྱས་ཡོད།
དེང་སང་དམངས་གཙོ་ལུང་པ་རུ་འགྲོ་བ་མིའི་ཐོབ་ཐང་སྔོན་ལས་ཅུང་ཡར་རྒྱས་ཕྱིན་ཡོད་ན་ཡང་། དཔལ་འབྱོར་གྱི་ཆེད་དུ་འགྲོ་བ་མིའི་ཐོབ་ཐང་ཟེར་བ་དེ་ཚོང་རྫས་སུ་གྱུར་ཡོད་པ་རེད། རྒྱ་ནག་ལྟ་བུ་ལ་དཔེ་བཞག་ནས་བཤད་ན། ཨ་རི་དང་ཡོ་རུབ་སོགས་ཀྱི་དམངས་གཙོ་ལུང་པ་དང་སྟོབས་ཆེན་རྒྱལ་ཁབ་མང་པོས་དཔལ་འབྱོར་གྱི་ཁེ་ཕན་རྒྱ་ནག་ནས་མ་རེག་ཚེ། འགྲོ་བ་མིའི་ཐོབ་ཐང་ཁ་ལ་ཁྱེར་ནས་བོད་དང་ཞིན་ཅང་སོག་པོ་སོགས་ཀྱི་ཐོབ་ཐང་གླེང་གི་ཡོད་པ་རེད། ཁོང་ཚོ་ལ་དཔལ་འབྱོར་གྱི་ཁེ་ཕན་རེག་དུས་འགྲོ་བ་མིའི་ཐོབ་ཐང་གཏིང་བརྗེད་དུ་གྱུར་ཡོད།
ངས་འགྲོ་བ་མིའི་ཐོབ་ཐང་ཟེར་བའི་མིང་བརྗིད་པོ་འདི་ཚོང་རྫས་སུ་གྱུར་ཡོད་པ་རེད་ལབ་ན་གཅིག་བྱས་ན་ཧམ་པ་ཆེ་དྲགས་སྲིད། ཡིན་ན་ཡང་དོན་ངོ་མར་ཚོང་རྫས་སུ་གྱུར་ཡོད་པ་ང་ཚོས་བལྟ་ཆོག་གི་རེད། ཁ་སང་༢༠༢༢ ལོའི་འཛམ་གླིང་གི་དགུན་དུས་ཀྱི་༼གངས་ཤུད༽རྩེད་མོའི་འགྲན་ཚོགས་ཀྱི་འོས་ཤོག་རྒྱ་ནག་ལ་ཐོབ་ཡོད་པ་རེད། འདི་རྒྱ་ནག་ལ་ཅི་ལྟར་ཐོབ་པ་རེད་དམ། ང་རང་བསྡད་སའི་ལུང་པ་འདིའི་བརྙན་འཕྲིན་གསར་འགྱུར་གྱི་གསར་འགྱུར་བརྒྱུད་སྒྲོག་མཁན་དེས་ཀྱང་། གདོང་ལ་འཛུམ་མདངས་ཞིག་ལང་ཞོར་རྒྱ་ནག་གིས་ཁོང་ཚོར་ཐོབ་རྐྱང་བྱས་ཏེ་མཛད་སྒོའི་གྲ་སྒྲིག་བྱས་ཟིན་འདུག་ཟེར།
ང་རང་ཡ་མཚར་བ་ཞིག་ལ། པེ་ཅིན་གྱི་༢༠༠༨ ལོར་ཨོ་ལིམ་ཀི་རྩེད་རའི་མདུན་དུ་རྒྱ་མི་སློབ་ཕྲུག་མང་པོའི་ལག་ཏུ་དར་ཆ་བཟུང་སྟེ། འོས་ཤོག་ཐོབ་པའི་གསལ་བསྒྲགས་ལ་སྒུག་ནས་བསྡད་འདུག གལ་སྲིད་དྲང་བདེན་གྱིས་འོས་ཤོག་བླུགས་པ་ཡིན་ན་ཐོབ་མིན་ཐེ་ཚོམ་གྱིས་གྲ་སྒྲིག་སྔ་ས་ནས་བྱ་མི་སྲིད་པ་ཞིག་རེད། ཡིན་ཡང་རྒྱ་ནག་སྲིད་གཞུང་ལ་འོས་ཤོག་དེ་ཐོབ་པའི་གདེངས་ཚོད་ཡོད་པ་གསལ་བོ་ང་ཚོས་མཐོང་ཐུབ་ཀྱི་ཡོད་པ་རེད། ཡིན་ཡང་ཁོང་ཚོ་དེ་འདྲའི་འོས་ཐོབ་པའི་གདེངས་ཚོད་དེ་ཅི་ལྟར་སླེབས་ཐུབ་པ་རེད། འོས་བླུགས་མཁན་ཚོའི་སྒེར་གྱི་དངུལ་ཁུག་ནང་ཨ་སྒོར་སྟོང་ཕྲག་མང་པོ་བླུགས་ཏེ་ཉོས་ཚར་ཡོད་པ་སུས་བལྟས་ཀྱང་ཤེས་ཐུབ་ཀྱི་རེད། རྒྱུ་མཚན་འདི་ལ་རྟེན་ངས་༼རྒྱ་ནག་ལ་ཐོབ་པ་མ་རེད། རྒྱ་ནག་གིས་ཉོས་པ་རེད།༽ ཟེར་གྱི་ཡོད།
གང་ལྟར་ཡང་རྒྱ་ནག་སྙན་གྲགས་དོན་གཉེར་གྱི་གཡོ་སྒྱུ་ཆེ་བ་དང་། སྐྲ་སེར་ཚོ་དངུལ་མཐོང་ན་འགྲམ་ཆུ་ལྡིང་མཁན་གཉིས་ལྕགས་བཟོ་མཁན་ཞིག་གིས་ལྷུ་ལྷག་བསྒྲིགས་པ་ལྟ་བུ་གྱུར་ཡོད་པ་རེད། མཚམས་འདིར་ང་འབྲི་འདོད་ཡང་མེད་པ་ཞིག་ཏུ་གྱུར་བས་འབྲི་མཚམས་བཞག་སྟེ། དགེ་ཆོས་ཀྱི་ཚིག་བཅད་ཅིག་གིས་མཇུག་སྒྲིལ་བར་འདོད་སོང་།
གཞན་ཕན་སྙིང་རྗེ་སྣུམ་དང་བྲལ་ན་ཡང་།།
རིག་རྩལ་ཐབས་མཁས་གློག་གི་ཆོ་འཕྲུལ་གྱིས།།
དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པ།།
སྐྲ་སེར་སྤྲེའུ་རིགས་ལ་དོགས་ཟོན་མཛོད།།
༡/༨/༢༠༡༥ ལ་ཡོ་རུབ་ནས་བྲིས།
གྲོགས་མཆོག་ནམ་མཁའ་ལེགས་ལ་དྲི་བ་ཞིག་ཡོད།
ངོ་མ། ཞེས་པ་དེ་ངོ་བོ་ཞེས་པ་ལས་བྱུང་ངམ། དངོས་མ། ཞེས་པ་ལས་བྱུང་།
དགེ་ཆོས་ཀྱི་ཚིག་བཅད་ཅིག་གིས་མཇུག་སྒྲིལ་བར་འདོད་སོང་།
གཞན་ཕན་སྙིང་རྗེ་སྣུམ་དང་བྲལ་ན་ཡང་།།
རིག་རྩལ་ཐབས་མཁས་གློག་གི་ཆོ་འཕྲུལ་གྱིས།།
དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པ།།
སྐྲ་སེར་སྤྲེའུ་རིགས་ལ་དོགས་ཟོན་མཛོད།།
་
ཚིགས་བཅད་འདི་ཉིད་༡༠༦༠་དཀྱིལ་ཙམ་ལ་བཀྲས་མཐོང་སྐུ་ངོ་དགེ་སློང་གྲུབ་པ་ནས་ཐོས་མྱོང་བ་ཙམ་ལས་ཇི་ལྟ་བ་བཞིན་བློ་ལ་ངེས་མེད་པ་དེ། ད་ལན་བདག་བློར་འདི་ཉིད་ངེས་པ་ལ་ཕན་ཐོགས་བྱུང་བཀའ་དྲིན་ཆེའོ།
ཆབ་སྲིད་ཐད་ལས་ཀ་བྱ་དུས་གང་ལྟར་ཐབས་ལམ་ག་འདྲ་བྱས་ན་དོན་དག་འགྲུབ་པ་བྱ་དགོས་རྒྱུ་དེ་རེད། སྲིད་དོན་སྒྲུབ་མཁས་མིན་དེ་ཇུས་འགོད་ལ་རག་ལས་དུས་ཆ་རྐྱེན་ཀུན་དགའ་ནི་ཆར་འབབ་རེད། མདོར་ན་གང་དགོས་པ་དེ་ལག་ཏུ་རག་ཡོད་ཙང་རྡོག་རྡོག་དེ་རེད་ལགས།།
གང་ལྟར་ཀྱང་དེང་སང་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་སོགས་འབོད་སྒྲ་སྣ་ཚོགས་པ་རེ་བསྒྲོགས་ཁུལ་བྱས་ཀྱང་། དོན་ངོ་མ་དཔལ་འབྱོར་དང་སྲིད་ཤུགས་ཡོད་ན་དེ་དག་རྩིས་མེད་རེད། འབོད་སྒྲ་དེ་དག་དམག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་ཐོབ་རྒྱལ་ཁབ་དམག་ཤུགས་ཅན་ཚོས་རྒྱལ་ཁབ་ཆུང་གྲས་དང་འཛམ་གླིང་མི་མང་སེམས་གཡེང་བྱེད་ཀྱི་སྲིད་ཇུས་ཞིག་རེད། ཇོ་ནམ་མཁའ་ལགས་ཀྱི་ཡག་པོ་གསུང་འདུག ཨོ་རེད་ཡ་ལ་དྭགས་བློ་བཟང་ལགས་ལོ་དགུ་བརྒྱའི་ནང་ཡོད་མཁན་ཞིག་ས་རེད། ཁོས་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱི་གསུང་ཚིག་བཅད་དེ་ཕྱི་ལོ་༡༠༦༠ནང་ཐོས་མྱོང་རབ་གསུང་འདུག
ཧཧ་དཔལ་ལྡན་འདི་མིག་རྣོ་བ་ལ་་་ད་ངོ་མ་ཞུ་དག་གི་མཁན་པོར་ཞུས་དག་བྱེད་ཡོང་གི་འདུག
རྒྱལ་ཚོགས་རྫུན་མ་ཞིག་གིས།།
འོས་ཤོག་རྫུན་་མབླུགས་ཏེ།།
གངས་རི་རྫུན་མའི་འདབ་་ནས།།
རྩེད་མོ་རྫུན་མ་རྩེད་འོང་།།
སྐྲ་སེར་ལོ་མའི་སྟེང་ལ།།
རྒྱ་སྒོར་ཆར་བ་འབབ་འབབ།།
མིག་ཀོང་སྔོན་པོའི་ནང་ལ།།
ཆར་ཆུ་ལྷོག་ལྷོག་འཕྱུར་སོང་།།
ཉམ་ཆུང་མི་སེར་ཐོག་གི།
རྩྭ་སྔོན་ཚ་བས་སྐམ་སོང་།།
ཉམ་ཆུང་རྒྱལ་ཁབ་ཐོབ་ཐང་།།
ཨ་རིའི་དངུལ་གྱིས་བསླུས་སོང་།།
སྐྲ་སེར་སྤྲེའུ་རིགས་ལ་དོགས་ཟོན་གཡེལ་བ་ཡིས།
ཇི་ལྟར་བྱུང་བ་འགའ་རེས་མཁྱེན་ཤག་ཡིན་པཪ་སེམས།
ཇི་ལྟར་བྱུང་བ་རིག་པས་དབེན་པ་མང་པོ་ཡིས།
བོད་མི་ཞིག་ལ་གད་མོ་ཤོར་བའི་ལན་དུ་སེམས།།
ལ་དྭགས་རྒན་པོ་མཆོག་ལ།།
གུས་ཕྱག་སྔོན་དུ་བཏང་སྟེ།།
དྲ་འབུ་རིན་ཆེན་ང་ལ།།
གད་མོ་ཤོརཀྱང་ཆོག་མོད།།
སྐྲ་སེར་སྤྲེའུ་རིགས་ཚོགས་ཀྱིས།།
ཨ་སྒོར་རྒྱ་སྒོར་མཐོང་ནས།།
ཐོབ་ཐང་ཆུ་ལ་བསྐུར་སོང་།།
ཨ་སྒོར་རྒྱ་སྒོར་མེད་དུས།།
ཐོབ་ཐང་མ་ཎི་བགྲང་སྟེ།།
ཕྲེང་ཐག་ཆད་ལ་ཐུག་སོང་།།
གད་མོ་གཏིང་ནས་ཤོར་ས།།
འདི་འདྲ་ལོས་ཡིན་བསམ་སོང་།།ཧཧཧདགོངས་དག་ཞུ་རྒན་ལ་དྭགས་པ་ལགས།དུས་རྒྱན་བརྩི་བཀུར་ཞུ་ས་ཞིག་ཡིན།
རིགས་བུ་རིན་ཆེན་མཆོག་གིས།
ཇི་ལྟར་བྱུང་བའི་བསྔགས་བརྗོད།
རྫུས་མ་མ་ཡིན་བཞད་པར།
ཀུན་ཀྱིས་བསྟོད་སྒྲར་འོས་སོ།།