ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།
འདས་པའི་མི་ངོ་༥༥ ཙམ་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཅེས་གྲགས་པའི་རྒྱ་ནག་གི་སྲིད་དབང་འཕེལ་རིམ་གྱི་ཁྲོད་དུ། རྒྱ་ནག་ལ་གནམ་ས་མགོ་རྟིང་གི་འཕོ་འགྱུར་རབ་དང་རིམ་པ་ཕྱིན་ཡོད་པ་བདེན་པ་རེད་ལ། རྒྱ་ནག་གི་ཆབ་དཔལ་རིག་གསུམ་དང་དམག་དོན་གོ་མཚོན་སོགས་ཀྱང་རང་རྐྱ་འཕེར་པ་ཞིག་བྱུང་ཡོད་པའང་བདེན་པ་རེད་མོད། འོན་ཀྱང་རྒྱ་ནག་ལ་དངོས་པོའི་དཔལ་ཡོན་ཇི་ཙམ་གྱིས་ཡར་རྒྱས་སོང་པ་བཞིན་བསམ་པའི་དཔལ་ཡོན་དེ་ཉིད་ཀྱང་དེ་མཚུངས་ཀྱིས་ཡར་རྒྱས་སོང་ཡོད་དམ་ཞེས་ཞུས་ན། དེ་ནི་དོན་དངོས་ཐོག་སུས་ཀྱང་ཁས་ལེན་དཀའ་བ་ཞིག་ཏུ་གྱུར་ཡོད། རྒྱ་ནག་སྲིད་གཞུང་གི་འགོ་ཁྲིད་ཚོས་དུས་རྒྱུན་དུ་ནས་རྒྱ་ནག་ནི་མི་མང་གི་འདོད་པ་དང་། མི་མང་གཙོ་བོར་འཛིན་པའི་རྒྱལ་ཁབ་ཞིག་ཡིན་ཚུལ་དང་། གཞུང་ཞབས་ལས་བྱེད་པ་ཚོ་ནི་མི་མང་གི་གཡོག་པོའམ་མི་མང་ལ་ཞབས་ཞུ་ཞུ་མཁན་གྱི་སྲི་ཞུ་བ་ཡིན་ཚུལ་སོགས་མགོ་འཕངས་མཐོན་པོས་སྐད་དབྱངས་སྒྲོག་བཞིན་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་མང་གཙོ་མེད་ཚུལ་སོགས་སྐྱོན་བརྗོད་བྱེད་གྱུར་ན། རྒྱ་ནག་གིས་དུས་ནམ་ཡང་དེར་མོས་མཐུན་མེད་ལ། ད་དུང་དེ་ལས་ལྡོག་ཏེ། རྒྱ་ནག་གི་གཞི་རིམ་མང་ཚོའི་གྲོང་བརྡལ་ཆུང་ཆུང་ནས་སྲིད་དབང་གཞུང་ལས་ཡན་ཆོད་མང་གཙོའི་དགོས་དབང་དང་། མང་གཙོའི་སྒྲོམ་གཞི་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་དང་ལྡན་པ་འབའ་ཞིག་ཡིན་ཞེས་བཤད་ཅིང་ཡོད་པ་རེད།
སྤྱིར་མང་གཙོའི་སྒྲོམ་གཞིའི་ནང་ལ་མི་མང་གིས་ཐད་ཀ་འཛུལ་བཞུགས་གནང་ཏེ་སྲིད་དོན་ཐག་གཅོད་གནང་ལུགས་ཤིག་དང་། འཐུས་མི་འདེམས་བཀོད་ཀྱིས་སྲིད་དོན་ཐག་གཅོད་གནང་ལུགས་སོགས་གཉིས་ཡོད་པ་རེད་མོད། རྒྱ་ནག་གི་མང་གཙོ་ནི་མང་གཙོ་འགྲོ་ལུགས་འདི་གཉིས་ནས་གང་གི་ཆ་ལ་གཏོགས་ཀྱིས་ཡོད་དམ། དེ་ཡང་རྒྱ་ནག་གིས་འདྲི་བ་འདི་ལ་ཕལ་ཆེར་ཁོ་ཚོའི་མང་གཙོ་འགྲོ་ལུགས་འདི་གཉིས་ཀ་འཛོམ་པའི་མང་གཙོ་ལམ་ལུགས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡར་ཐོན་ཅན་ཞིག་ཡིན་ཚུལ་བཤད་ཀྱིན་ཡོད་པ་རེད། རྒྱ་ནག་གཞི་རིམ་གྱི་གྲོང་བརྡལ་ཁག་ཏུ་མི་འབོར་ལ་དམིགས་སྟེ་མི་འབོར་ཉུང་བའི་ཡུལ་ལུང་དག་གིས་མི་མང་ཐད་ཀ་འཛུལ་བཞུགས་གནང་ནས་ཡུལ་ལུང་གི་སྲིད་དོན་གཏན་འབེབས་གནང་གི་ཡོད་ཚུལ་དང་། མི་འབོར་མང་བའི་གྲོང་ཁྱེར་ཁག་གིས་འཐུས་མི་འདེམས་བཀོད་ཀྱི་ལམ་ནས་སྲིད་དོན་གཏན་འབེབས་གནང་གི་ཡོད་ལུགས་སོགས་བཤད་དང་ཤོད་མོས་རེད། འོ་ན། ཁོ་ཚོས་བཤད་པའི་མང་གཙོ་ལམ་ལུགས་གཉིས་ལྡན་གྱི་ཆབ་སྲིད་སྒྲོམ་གཞི་འདི་ཇི་ལྟར་ཡིན་ནམ།
མི་འབོར་ཉུང་བའི་གྲོང་གསིབ་ཁག་ཏུ། མི་མང་ཐད་ཀ་འཛུལ་བཞུགས་གནང་བའི་གནས་སྟངས་རྒྱ་ནག་ལ་དར་སྲོལ་ཡོད་པ་བདེན་པ་རེད་མོད། འོན་ཀྱང་མི་མང་ཚོ་ཆ་རྐྱེན་ག་འདྲ་ཞིག་ཏུ་འཛུལ་བཞུགས་གནང་གི་ཡོད་ཅེས་ཞུས་ན། དེ་ཡང་སྲིད་གཞུང་གིས་སྔར་ས་ནས་གཏན་འབེབས་བྱུང་བའི་ཆབ་སྲིད་ཀྱི་ལས་དོན་དང་འཆར་འགོད་ལ་དང་ལེན་དགོས་པ་དང་། ཡང་ན་སྲིད་གཞུང་གིས་སྔར་ས་ནས་གཏན་འབེབས་བྱས་པའི་ཆབ་སྲིད་ལས་དོན་དེ་རིགས་རྒྱལ་ཁབ་ཀྱི་བཀའ་རྒྱ་ཡིན་ཚུལ་དང་། དེ་ལ་ངེས་པར་ཏུ་དང་ལེན་བརྩི་བཀུར་ཞུ་དགོས་སྐོར་གྱིས་ཁྱབ་བསྒྲགས་རིམ་པས་བརྒྱུད་དེ་བྱུང་བའི་མི་མང་གི་འཛུལ་བཞུགས་ཤིག་ཡིན་པ་དང་། གལ་སྲིད་མི་མང་གི་དེ་ལུགས་ཀྱིས་མོས་མཐུན་འོས་བསྡུར་མ་བྱུང་ཚེ། དེ་ནི་རྒྱལ་ཁབ་ཀྱི་བཀའ་རྒྱ་ལ་མི་བརྩི་མཁན་དང་། རྒྱལ་ཁབ་ཀྱི་མི་མང་དངོས་གནས་མིན་ཚུལ་སོགས་བཤད་པ་མ་ཚད། ད་དུང་དེ་ལས་འཚབ་ཆེན་གྱིས། དེ་ནི་རྒྱལ་ཁབ་དང་ཁ་གཏད་གཅོད་སྲོལ་ཞིག་ཡིན་པའི་སྡིག་ར་དང་ཁ་བརྡུང་བྱེད་ཀྱིས་ཡོད། འདི་ལྟ་བུ་མི་མང་ཐད་ཀ་འཛུལ་བཞུགས་ཀྱི་མང་གཙོའི་ལམ་ལུགས་དང་འགྲོ་ལུགས་འདི་མང་གཙོ་ངོ་མ་དེ་ཡིན་ནམ། གལ་སྲིད་འདི་ཉིད་མང་གཙོ་ཚུལ་ལྡན་ཏུ་སྣང་ན་རྒྱ་ནག་ལ་མི་མང་ཐད་ཀ་འཛུལ་བཞུགས་གནང་བའི་མང་གཙོ་སྲོལ་ལུགས་དེ་ཡོད་ངེས་རེད།
དེ་ལས་ཆེ་ས་རུ་བལྟས་པ་ཡིན་ན། རྒྱ་ནག་གིས་ནམ་རྒྱུན་དུ་རྒྱལ་ཡོངས་ཀྱི་ཆབ་སྲིད་གཏན་འབེབས་དང་། འགོ་ཁྲིད་འདེམས་བཀོད་སོགས་ཀྱང་མི་མང་འཐུས་མི་ཚོགས་ཆེན་འཚོགས་སྟེ་ཐག་གཅོད་གནང་གི་ཡོད་ལུགས་བཤད་པ་དང་། དེ་ཡང་འཐུས་མི་དེ་ཚོ་ནི་མི་མང་རང་ནས་འདེམས་ཐོན་བྱུང་བའི་མི་མང་གི་འཐུས་མི་ཡིན་ཙང་། ཁོ་ཚོ་ནས་ཐག་གཅོད་བྱུང་བའི་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་དོན་གཏན་འབེབས་ནི་དོན་དངོས་ཐོག་མི་མང་གིས་གཏན་འབེབས་གནང་པ་དང་མི་མང་གིས་འདེམས་བཀོད་གནང་བའི་འགོ་ཁྲིད་ལོས་ཡིན་ཞེས་སྤོབས་པ་དང་བཅས་བཤད་དང་ཤོད་ཀྱིན་ཡོད། དོན་དངོས་ཐོག ལོ་ངོ་འདི་དག་གི་རིང་རྒྱ་ནག་གི་མི་མང་འཐུས་མི་དེ་ཚོ་ཇི་ལྟར་བྱུང་པ་དང་ཁོ་ཚོ་ཇི་ལྟར་གནང་དགོས་ཀྱིས་ཡོད་དམ་ཞེས་ན། མཁྲེགས་བཟུང་གི་རྒྱ་ནག་ཆབ་སྲིད་སྒྲོམ་གཞི་ནི་དུས་ནམ་ཡང་མཁྲེགས་བཟུང་གི་རྒྱ་ནག་འགོ་ཁྲིད་ཁ་ཤས་ཀྱིས་ཁ་ལོ་སྒྱུ་ཡིས་ཡོད་པ་རེད། རྒྱ་ནག་གི་འཕེལ་རིམ་ཁྲོད་དུ་གལ་སྲིད་མི་མང་མཉམ་ལས་ལས་གཞི་འགོ་བཙུགས་དགོས་པའི་ཆབ་སྲིད་གཏན་འབེབས་བྱུང་པར་མོས་མཐུན་དགོས་ཚུལ་བསྒྲགས་དུས་དེ་ལ་མོས་མཐུན་བྱེད་མཁན་དང་། རིག་གནས་གསར་བརྗེ་རྒྱལ་ཡོངས་ལ་ཁྱབ་སྤེལ་གཏོང་དགོས་སྐོར་གྱི་སྲིད་དོན་གཏན་འབེབས་ལ་མོས་མཐུན་བྱེད་མཁན་དང་། ལོའི་ཧྲབ་ཆིལ་(刘少奇)་ལ་ངོ་རྒོལ་བྱེད་དགོས་ཀྱི་ཆབ་སྲིད་གཏན་འབེབས་ལ་མོས་མཐུན་བྱེད་མཁན་དང་། ཏིང་ཞའོ་ཕིན་(邓小平)ནི་རྒྱལ་འགལ་ཡིན་ཚུལ་དང་ཁོ་ལ་ངོ་རྒོལ་བྱེད་དགོས་པའི་གཡོ་རླངས་ཕྱུག་དུས་དེ་ལ་མོས་མཐུན་བྱས་མཁན་དང་། རྒྱ་ནག་ཚོང་བཟོ་རྒྱ་བསྐྱེད་(大跃进)མི་དགོས་བའི་ཆབ་སྲིད་གཏན་འབེབས་ལ་མོས་མཐུན་བྱེད་མཁན་དང་། མི་མང་མཉམ་ལས་(人民公社)ནི་ནོར་འཁྲུལ་གྱི་ཆབ་སྲིད་ཅིག་ཡིན་པས་དེ་ཉིད་རྩ་མེད་བཟོ་དགོས་སྐོར་གྱི་ཆབ་སྲིད་གཏན་འབེབས་ལ་མོས་མཐུན་བྱེད་མཁན་དང་། རིག་གནས་གསར་བརྗེ་(文革)ནི་མི་བཞི་ཚོགས་པས་རྒྱལ་ཁབ་ལ་བཟོས་པའི་ནོར་འཁྲུལ་གྱི་ཆབ་སྲིད་ཡིན་པས་དེ་ལ་ངོ་རྒོལ་བྱེད་དགོས་ཚུལ་གྱི་ཆབ་སྲིད་གཏན་འབེབས་ལ་མོས་མཐུན་བྱེད་མཁན་དང་། ཡང་ལོའི་ཧྲབ་ཆིལ(刘少奇)་དང་ཏིང་ཞའོ་ཕན་(邓小平)ནི་མས་རྒྱལ་གྱི་སྲི་ཞུ་གནང་མཁན་གྱི་མི་སྣ་ཞལ་རྗེས་ཅན་ཡིན་པས་ཁོ་གཉིས་ལ་རྒྱབ་སྐྱོར་དགོས་སྐོར་གྱི་ཆབ་སྲིད་གཏན་འབེབས་ལ་མོས་མཐུན་བྱེད་མཁན་སོགས་གང་ལྟར་རྒྱ་ནག་རང་གི་ཆབ་སྲིད་ལས་དོན་བཟང་ངན་དང་ནོར་འཁྲུལ་ལ་མ་ལྟོས་པར་དེ་ཉིད་ལ་མོས་མཐུན་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ཆད། རྒྱ་ནག་གི་འཐུས་མི་བསྟུད་མར་བཀོད་པ་དང་། དེ་མིན་གྱི་མི་དེ་ཚོར་ཆབ་སྲིད་ཀྱི་ནག་ཉེས་གཡོག་ཏེ་བརྡུང་བརྡད་གང་ཐུབ་གཏོང་གི་ཡོད་པ་རེད། རྒྱལ་ཁབ་ཀྱིས་ཅི་གསུངས་ལ་དང་ལེན་ངེས་པར་ཞུས་དགོས་པ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་གཏན་འབེབས་གང་བྱུང་ལ་ངེས་པར་དུ་མོས་མཐུན་དགོས་པའི་མི་སྣ་དེ་ཚོ་ངེས་པར་ཏུ་འཐུས་མིར་ཡོང་པའི་ཆ་རྐྱེན་ཚང་ཡོད་ཚུལ་ཡིན་པ་རེད། འདི་ལྟ་བུ་མི་མང་གི་འཐུས་མི་ཡིན་ཚུལ་གྱི་རྒྱ་ནག་མང་གཙོ་ནི་མང་གཙོ་དངོས་དེ་ཡིན་ནམ། གལ་སྲིད་འདི་ཉིད་མང་གཙོ་ཡང་དག་ཡིན་གྱུར་ན། རྒྱ་ནག་ལ་མང་གཙོ་ཡོད་ངེས་རེད།
རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བཞིན་རྒྱ་ནག་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཁ་ལོ་སྒྱུ་ཡོད་ཀྱི་ཡོད་པ་བཞིན། རྒྱ་ནག་གི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་འཕེལ་ཕྱོགས་སུ་རྣམ་ཀུན་དུ་ཀྲུང་གོ་གུང་ཁྲན་ཏང་གིས་ཁ་ལོ་སྒྱུ་ཡིས་ཡོད་པ་དང་། གལ་སྲིད་མི་སུ་ཞིག་ཡིན་ནའང་། གོ་གནས་གང་འདྲ་ཞིག་འཛིན་གྱི་ཡོད་ནའང་། གལ་སྲིད་ཀྲུང་གོ་གུང་ཁྲན་ཏང་གི་འདོད་བློ་དང་མ་མཚུངས་པ་དང་། དེ་ལ་ཕྲན་བུས་རྒྱབ་འགལ་ཏུ་སོང་ན། མི་དེ་ལ་མདུན་ལམ་མེད་པར་མ་ཚད། རྒྱལ་ཁབ་གཏོར་གཤིབ་ཀྱི་ནག་ཉེས་འོག་ཏུ་བཙོན་འཇུག་ཀྱང་བྱེད་སྲིད་པ་རེད། དེ་ནི་རྒྱ་ནག་ལོ་རྒྱུས་ཀྱི་བྱུང་རིམ་ནང་ང་ཚོས་ཤེས་རྟོགས་ཐུབ་པ་ལོས་ཡིན། རྒྱ་ནག་བརྒྱད་དགུ་སློབ་མའི་ངོ་རྒོལ་དུས་སུ། སྐབས་དེ་དུས་རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་སྤྱི་ཁྱབ་འགན་འཛིན་ནམ་སྲིད་འཛིན་གནང་བཞིན་པའི་ཧུར་ཡབ་པང་(胡耀邦)ཞེས་པ་དེ་སློབ་མའི་སར་སོང་ཏེ། ཁོང་ཚོའི་བསམ་ཚུལ་ལ་ཉན་ཞིབ་བྱས་པའི་ཉེས་ལེན་ནས་སྐབས་དེ་དུས་རྒྱ་ནག་དམག་དོན་སྤྱི་ཁྱབ་འགན་འཛིན་ཏིང་ཞའོ་ཕན་གྱིས་གོ་གནས་ནས་ཕབ་པ་དང་། རྒྱ་གཞུང་གིས་མི་མང་གིས་མངོན་འདོད་ལ་རྡོག་རུལ་བཏང་པ་དང་། རྒྱ་ནག་མང་གཙོའི་དོན་གཉེར་བ་སློབ་མ་ཁྲི་སྟོང་དུས་ཐོག་དམག་གསོད་བཏང་པ་རེད། དེ་ནས་ཏིང་ཞའོ་ཕན་གྱིས་རང་ཉིད་ཀྱི་རྗེས་འཇུག་འགོ་ཁྲིད་ཅང་ཙེ་མིན་བཀོད་བཞགས་བྱས་པ་མ་ཚད། ད་དུང་ཙང་ཙེ་མིན་གྱི་རྗེས་འཇུག་ངེས་པར་ཏུ་ཧུར་ཅིན་ཐའོ་བཀོད་དགོས་པའི་མ་འོངས་བཀའ་རྒྱ་བཏང་པ་རེད། དོན་དངོས་ཐོག་ཏིང་ཞའོ་ཕན་ནི་རྒྱ་ནག་གི་རྒྱལ་པོ་ནང་བཞིན་གནས་པ་དང་། ཁོ་རང་གི་འདོད་ཚུལ་བཞིན་ངེས་པར་ཏུ་འགྲོ་དགོས་པ་དང་། གལ་སྲིད་དེ་བཞིན་མ་སོང་པ་ཡིན་ན། དེ་ནི་རྒྱལ་ཁབ་ཀྱི་ནག་ཉེས་ཅན་དུ་བཟོས་པ་སོགས། རྒྱ་ནག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ནི་མིང་ཙམ་ལས། གནས་དོན་ཡོད་ཚད་སྔོན་ཆད་ནས་གཏན་འབེབས་དང་ཐག་གཅོད་བྱས་ཚར་པ་དང་། འཐུས་མི་ཚོགས་ངེས་པར་ཏུ་གཞུང་གིས་ཐག་གཅོད་གང་བྱུང་ལ་འོས་འཕེན་དང་། དང་ལེན་བྱེད་དགོས་ཀྱིན་ཡོད་པ་དངོས་དོན་རེད། གལ་སྲིད་འདི་ཉིད་མིང་དོན་མཚུངས་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་མང་གཙོ་ཡང་དག་ཅིག་ཡིན་གྱུར་ན། རྒྱ་ནག་ལ་མང་གཙོ་ཡོད་ངེས་རེད།
ཉེ་བའི་ཆར། རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་བཀོད་བཞགས་བྱས་པ་རེད། ལིས་ཁུ་ཆང་()ཞེས་པའི་མི་དེ་རྒྱ་ནག་གི་སྲིད་བློན་བཀོད་དུས། ཁོ་ལ་ངོ་རྒོལ་བྱེད་མཁན་གྱི་མི་མང་སྟོང་ཕྲག་མང་པོ་བྱུང་ཡོད་པ་རེད། དེ་སྔོན་ཁོ་རང་ཧུར་ལན་དང་ལའོ་ལིན་སོགས་རྒྱ་ནག་གི་གྲོང་ཁྱེར་རུ་འགོ་ཁྲིད་བྱེད་དུས། མི་མང་མང་པོའི་ཁང་པ་བཙན་གྱིས་གཏོར་པ་དང་། དེའི་གོན་ཚབས་མ་དངུལ་ད་དུང་ཡང་སྤྲོད་ཀྱིས་མེད་པས། ས་གནས་མི་མང་དེ་ཚོས་ཁོ་ནི་རྒྱ་ནག་གི་སྲིད་བློན་དུ་མི་རུང་བའི་ངོ་རྒོལ་འཚབ་ཆེན་བྱས་ཡོད་ནའང་། རྒྱ་ནག་གི་སྲིད་ཇུས་གཏན་འབེབས་དང་འགོ་ཁྲིད་སྔར་ས་ནས་འདེམས་བཀོད་བྱས་ཚར་པས། ཁོ་རང་ལ་ངོ་རྒོལ་དང་མི་མང་གིས་མི་འདོད་པའི་རྣམ་གྱུར་ཇི་ཙམ་སྟོན་ཡང་ཁོ་རང་སྲིད་བློན་དུ་བཀོད་པ་རེད་ལ། མི་མང་གི་འཐུས་མི་ཚོས་ཀྱང་དེ་བཞིན་འོས་ཕན་མ་བྱེད་རང་བྱེད་རེད། གལ་སྲིད་འདི་ཉིད་ཀྱང་མང་གཙོའི་ལམ་ལུགས་དང་མཐུན་ན། རྒྱ་ནག་ལ་མང་གཙོ་ཡོད་ངེས་ལོས་ཡིན།
བོད་མི་རིགས་ལ་ཐུན་མོང་མ་ཡིན་པའི་བྱུང་རབས་དང་། ལེགས་བྱང་། ནང་དོན་རིག་པའི་སྲོལ་རྒྱུན་ཕྱུག་པོ་ཡོད་པ་འདི་དག་འགྲོ་བ་མིའི་རིགས་ཀྱི་རྩ་ཆེའི་ཁྱད་ནོར་གྱི་ཆ་ཤས་ཤིག་ཡིན་པ་དང་། བོད་མི་ཚོར་རང་གི་ཕ་མེས་ནས་བརྒྱུད་པའི་ཁྱད་ནོར་འདི་དག་སྲུང་སྐྱོབ་བྱེད་འདོད་ཡོད་པ་མ་ཟད། དུས་རབས་ཉེས་གཅིག་པའི་དགོས་མཁོ་དང་འཚམས་པར་རང་གི་ཆོས་རིག་གོམས་གཤིས་གོང་འཕེལ་གཏོང་འདོད་ཀྱང་ལོས་ཡོད། རྒྱ་ནག་གིས་དུས་རྒྱུན་དུ་བོད་འདི་ཁོ་ཚོའི་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཚུལ་དང་། རྒྱ་ནག་རྩ་ཁྲིམས་དང་ས་གནས་རང་སྐྱོང་བཅའ་ཁྲིམས་སོགས་སུའང་སོ་སོ་མི་རིགས་ཀྱི་ཐུན་མིན་ཤེས་རིག་དང་གོམས་སྲོལ། ལས་བྱང་དང་ཆོས་ལུགས་དད་མོས་སོགས་ལ་རང་དབང་དང་མང་གཙོ་ཡོད་ལུགས་སོགས་གང་མང་བཤད་ཀྱིན་ཡོད་ནའང་། དོན་དངོས་ཐོག་ཁོ་ཚོས་དྲིལ་བསྒྲགས་རྗུན་མ་དང་།མགོ་སྐོར་བསླུ་བྲིད། ཁ་འཇམ་ཁོག་རྩུབ་ཀྱིས་ཆབ་སྲིད་ལས་འགུལ་འབའ་ཞིག་སྤེལ་པས་ན། བོད་མི་ཡོངས་ཀྱི་སྐྱབས་གནས་དང་བླ་མ༧གོང་ས་མཆོག་གི་སྐུར་པར་འགྲིམས་དཔྱངས་མི་ཆོག་པ་དང་། ཆོས་ལུགས་ཀྱི་བྱེད་སྒོ་དང་གྲྭ་བཙུན་གྱི་གྲངས་ཀ་ལ་སྟངས་འཛིན་བྱེད་པ། རྒྱལ་གཅེས་ཆོས་གཅེས་ཀྱི་ངན་ལོག་སློབ་གསོ་སྤེལ་པ་མ་ཚད། བོད་ཀྱི་སྐད་ཡིག་དང་ལེགས་བྱང་། ཆོས་ལུགས་སོགས་རྩ་མེད་གཏོང་གང་ཐུབ་བྱས་དང་བྱེད་མུས་རེད། འདི་དག་ཡོད་ཚད་རྒྱ་ཆེན་བོད་རིགས་སྤུན་ཟླ་ཡོངས་ཀྱི་མངོན་འདོད་དེ་རེད་དམ། འདི་དག་ཡོད་ཚད་རྒྱ་ནག་གི་མི་མང་ལ་འཛིན་པའི་མང་གཙོ་ལམ་སྲོལ་དེ་ཡིན་ནམ། རང་གནས་སུ་རང་ཚུགས་མི་ཐུབ་པའི་བོད་ཀྱི་དཀའ་རྙོག་འདི་དག་བོད་མིའི་འདོད་ཐོག་གི་རྟ་དེ་ཡིན་ནམ། གལ་སྲིད་མེ་མདའ་དང་སྡིག་ར་འོག་ཏུ་རང་ཉིད་ཀྱི་འདོད་བློ་བཞིན་བྱེད་མི་ཆོག་པ་འདི་རྒྱ་ནག་གི་འཛམ་གླིང་ཕྱི་ནང་ལ་བསྒྲགས་པའི་མང་གཙོ་དེ་ཡིན་ན། རྒྱ་ནག་ལ་མང་གཙོ་ཡོད་ངེས་རེད།