ཨ་ནུ་ཐང་བསོད་ནམས།
ཨོ་བྷ་མ་ཟླ་འདིའི་ཚེས་ ༣ ཉིན་རྒྱ་ནག་ཏུ་སླེབས་ཡོད་ཀྱང་དེ་སྔོན་དང་གཏན་ནས་མི་འདྲ་བར་ས་གདན་དམར་བོས་གནམ་ཐང་དུ་མགྲོན་བསུ་མ་གནང་བ་མ་ཟད། ཁོ་དང་ལྷན་དུ་གསར་འགོད་པ་བཅུ་གཉིས་ཁྲིད་རྒྱུ་སོགས་སུ་ཨ་རྒྱ་གཉིས་གྲོས་ཁ་མ་འཆམ་པའི་རྩོད་པ་ཤུགས་ཆེན་བྱུང་ཁར། ཨོ་བྷ་མ་དང་ཞིས་ཅིན་ཕིང་གཉིས་ཀྱིས་གསར་འགོད་གསར་བསྒྲགས་གནང་ལ་ཉེ་བའི་སྐབས་སུ་ཡང་། ཁོ་གཉིས་ཀྱི་སྐུ་ཚབ་ཀྱི་ལས་བྱེད་ཚོ་ད་དུང་ཡང་ཁང་བའི་ནང་དུ་རྩོད་པ་བྱས་ནས་ལྷག་ཡོད་འདུག
སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ཚོགས་འདུ་ཡི་སར་ཡོང་མཁན་གྱི་འཇར་མན་དང་ཧྥ་རན་སི། རྒྱ་གར་དང་བྷ་གཟར། དབྱིན་ཇི་དང་ཨུ་རི་སུ། ལྷོ་ཀོ་རི་ཡ་སོགས་ཀྱི་དབུ་ཁྲིད་ཀུན་ལ་ད་ཐེངས་རྒྱ་ནག་གིས་གདན་དམར་གྱིས་གནམ་ཐང་དུ་མགྲོན་བསུ་གནང་ཡོད་ཀྱང་། འཛམ་གླིང་གི་སྟོབས་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཨོ་བྷ་མ་གཅིག་པོར་གདན་དམར་གྱིས་མགྲོན་བསུ་གནང་མི་འདུག
ཉིན་ཁ་ཤས་ཀྱི་རྗེས་སུ་ཨོ་བྷ་མས་དེའི་སྐོར་ལ་གསལ་བཤད་གནང་དོན་ནི་རྒྱ་ནག་གིས་དེ་ལྟར་གནང་བ་ནི་གཅིག་བྱས་ན་སྐུ་མགྲོན་མང་དྲགས་པས་གནམ་གྲུ་དང་། རླངས་འཁོར་མང་པོས་འགྲོ་སོང་གནང་དགོས་པས་ཆད་ལྷག་ཤོར་བ་ཡིན་སྲིད་ཚུལ་དང་། ལྷག་པར་དུ་འདི་ལྟར་གནང་དགོས་པའི་རྒྱུ་མཚན་གཅིག་ནི་ཁོས་གསར་འགོད་ཀྱི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཁྲིད་ཡོང་བས་ཡིན་ཞིང་། དེ་ནི་ང་ཚོའི་ལས་ཀ་དང་སྒྲུབ་བཞིན་པའི་ང་ཚོའི་རིན་ཐང་གི་ལས་དོན་དེ་ཡིན་པས་ང་ཚོ་གང་དུ་ཕྱིན་ཡང་ཕྱི་ནུར་མ་གནང་བར་དེ་ལྟར་སྒྲུབ་བཞིན་ཡོད་པས་ཡིན་ལ། ཟླ་འདིའི་ཚེས་ ༣ ཉིན་ཁོ་དང་ཞིས་ཅིན་ཕིང་གཉིས་མཇལ་འཕྲད་ཀྱི་སྐབས་སུའང་ཁོར་ཡུག་དང་།་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་བཅས་ལ་གྲོས་བསྡུར་གནང་ཞིང་མཉམ་ལས་ཀྱི་རེ་བ་མངོན་པས། ད་ལྟའི་གནད་དོན་འདིས་ཨ་རྒྱ་གཉིས་ཀྱི་མཉམ་ལས་ལ་འགོག་རྐྱེན་བཟོ་མི་ནུས་པ་བརྗོད་ཡོད་འདུག་ཁར། གདན་དམར་མ་བཏིང་བ་ནི་རྒྱ་ནག་དང་རྒྱལ་ཁབ་གཞན་ཁག་ཅིག་གི་ནང་དུ་དེ་སྔོན་དེ་ལྟར་བྱུང་བས་འདི་ནི་དང་པོ་མིན་ཡང་། ད་ཐེངས་ཀྱི་གནད་དོན་ལྷག་པ་ནི་ཚབས་ཆེ་ཤོས་སུ་ཆགས་པ་རེད་ཅེས་ནས་བརྗོད་འདུག
འོན་ཀྱང་། སྤྱི་ཚོགས་ཁྲོད་དུ་ལབ་གླེང་ཧ་ཅང་གི་ཛ་དྲག་ཏུ་གྱུར་པས་རྒྱ་ནག་གི་སྣེ་ཡོད་ལས་བྱེད་ཅིག་གིས་གདན་དམར་མ་བཏིང་བ་ནི་ཨ་རི་ལ་མཐོང་ཆུང་བཏང་བ་མིན་ཞིང་། ཨ་རིས་གདན་དམར་མི་དགོས་ཞེས་ལབ་པ་ཡིན་པས་གདན་དམར་གྱི་གནད་དོན་གྱིས་ཨ་རྒྱ་གཉིས་ཀྱི་འབྲེལ་བ་ལ་དོ་ཕོག་འགྲོ་མི་འོས་ཤིང་། དཔལ་འབྱོར་གྱི་ཐོག་ནས་ཨ་རི་ནི་རྒྱ་ནག་ལ་ཧ་ཅང་གི་གལ་ཆེན་ཡིན་ཚུལ་བརྗོད་འདུག རྒྱ་མི་ཁག་ཅིག་གིས་གདན་འདིང་མི་དགོས་དོན་ནི་ཨ་རིས་རྒྱ་ནག་ལ་གདན་དམར་བཏིང་ཞེས་ནས་རེ་བ་མ་ཞུས་པས་ཡིན་ཚུལ་བརྗོད་ཅིང་། སྒྲུང་གཏམ་སྣ་ཚོགས་བསྒྲིགས་མིན་ལ་མ་ལྟོས་པར། ཨ་རིའི་མི་མང་པོ་ཁོང་ཁྲོ་ལངས་ནས་གསར་ལམ་སྣ་ཚོགས་སུ་ཐོན་ཁར་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་ཡང་མང་དུ་འབྱུང་བཞིན་ཡོད་ཁར། ཨ་རི་བ་ཁག་ཅིག་གིས་མ་འོངས་པར་སུས་ཀྱང་མཐོང་ཆུང་བྱ་མི་འོས་པའི་སྲིད་འཛིན་ཞིག་འདེམས་དགོས་ཞེས་ནས་བརྗོད་མཁན་འདུག
དོན་དངོས་སུ་གདན་དམར་མ་བཏིང་བ་ནི་བརྗེད་པ་དང་ཆད་པ་ཞིག་གཏན་ནས་མིན་ཞིང་ཆེད་མངགས་ཀྱིས་མ་བཏིང་བ་ཡིན་པར་མ་ཟད། མི་འདིང་དགོས་དོན་ཡང་རྒྱ་ནག་གིས་རང་ཉིད་ཀྱི་མི་མང་ལ་ད་ལྟ་རྒྱ་ནག་སྟོབས་ཆེན་དུ་ཆགས་ཡོད་པས། རྒྱ་ནག་གི་འདོད་མོས་ལྟར་མ་ཕྱིན་པ་ཡིན་ན་སུ་ལའང་མགོ་བོ་སྒུར་མི་དགོས་པའི་དུས་ལ་སླེབས་ཡོད་ཅེས་པའི་དོན་རེད་ལ། ཕྱི་ཕྱོགས་སུ་རྒྱལ་ཁབ་སུ་ཞིག་གིས་ཀྱང་རྒྱ་ནག་ལ་ཁ་གཏད་འཇལ་ན་དེ་ལ་རྒྱ་ནག་གིས་བཟོད་སྒོམ་མི་བྱེད་པའི་དོན་རེད། མ་ཟད་གནམ་ཐང་གི་བདེ་སྲུང་ལས་བྱེད་ཅིག་གིས་ཀྱང་ཨོ་བྷ་མར་ཕེབས་བསུར་བཅར་མཁན་གྱི་ཕོ་བྲང་དཀར་བོའི་ལས་བྱེད་གཅིག་ལ་སྡང་སྐད་ཀྱིས་འདི་ནི་རྒྱལ་ཁབ་དང་ང་ཚོའི་གནམ་ཐང་ཡིན་པས། ཁྱེད་ཚོ་ང་ཚོ་ལ་དམིགས་བསལ་བ་གང་ཡང་མིན་ཞེས་ནས་བརྗོད་པའི་བརྙན་པར་གཞན་གྱིས་ལྐོག་བླངས་ཀྱིས་ཕྱི་རོལ་ཏུ་ཐོན་འདུག
ཚེས་ ༤ ཉིན་རྒྱ་ནག་ནས་ CNN གསར་འགོད་པ་ལ་ཨོ་བྷ་མས་རྒྱལ་སྤྱིའི་ཁྲིམས་ལུགས་ནི་ཨ་རིས་ལོ་མང་གི་རིང་ལ་འབད་ཅིང་བསྒྲུབས་པའི་གྲུབ་འབྲས་ཤིག་དང་། བརྩི་སྲུང་བྱེད་ས་ཞིག་ཡིན་པས། གལ་སྲིད་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་སོགས་རྒྱལ་སྤྱིའི་ཁྲིམས་དང་འགལ་བ་ཡིན་ན་མཇུག་འབྲས་ཡག་པོ་ཞིག་མེད་ཅེེས་བརྗོད་ནས་ཉེན་བརྡ་བཏང་འདུག གལ་སྲིད་རྒྱ་ནག་རྒྱལ་སྤྱིའི་ཁྲིམས་དང་མ་འགལ་བ་ཡིན་ན་ཨ་རྒྱ་གཉིས་ནམ་རྒྱུན་ལྟར་ལས་གྲོགས་ཡིན་ཞེས་བརྗོད་ཚུལ་ལ་དཔགས་ན། ཨོ་བྷ་མས་དེ་སྔོན་རྒྱ་ནག་ལ་བཅངས་པའི་རེ་བ་ཆེན་པོ་དེ་མེད་པར་ཆགས་ཤིང་ཆུང་དུ་ཕྱིན་པ་གསལ་བོ་རེད། ལྷག་པར་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་རྒྱ་ནག་གི་དབུ་ཁྲིད་ལ་བརྗོད་སྟངས་ལ་དཔགས་ན། ཁོ་བོད་ལ་བར་ཐག་ཉེ་མཁན་ཞིག་དང་། རྒྱ་ནག་ལ་སྟབས་བསྟུན་མང་དུ་བྱེད་རྒྱུར་རེ་བ་ཟད་མཁན་ཞིག་ཡིན་པ་བསྟན་འདུག
འགྲེལ་བཤད་ག་ཚོད་ཅིག་དང་། གང་ཐུབ་ཀྱིས་གནད་དོན་ཞི་འཇགས་སུ་གཏང་ཐབས་བྱེད་མིན་ལ་མ་བལྟོས་པར་ཨ་རིའི་ཕྱོགས་ནས་ཡིན་ཡང་ད་ཐེངས་ཧ་ཅང་གི་གཟབ་ནན་གྱིས་སྲིད་འཛིན་ལ་སྲུང་སྐྱོབ་ཧ་ཅང་གི་དམ་པོའི་ངང་བདེ་སྲུང་ལས་བྱེད་པ་མང་པོ་ཁྲིད་ནས་སླེབས་ཡོད་པས། ཉམས་ཞིབ་པ་ཁག་ཅིག་གིས་འདི་ལྟར་གནང་བ་ནི་ཨ་རིའི་སྲིད་འཛིན་ཨ་ཧྥུ་རྒ་ནི་སི་ཐན་སོགས་དམག་འཁྲུག་ཡོད་སའི་རྒྱལ་ཁབ་ཁག་ལ་གཟིགས་སྐོར་གནང་སྐབས་སུ་ཚང་དགོས་བའི་ཆ་རྐྱེན་ཁག་གྲྭ་སྒྲིག་བྱས་ནས་རྒྱ་ནག་ཏུ་སླེབས་འདུག་ཅེས་འགྲེལ་བཞིན་འདུག
དེར་བརྟེན། ད་ཐེངས་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ཚོགས་འདུ་ནི་ལོ་བཞི་ལྔ་ཡི་གོང་དང་མི་འདྲ་བར། རྒྱལ་ཁབ་མང་པོ་དགྲ་ཟླ་ཡི་འདུ་ཤེས་ལས། ཕན་ཚུན་ལ་ཡིད་ཆེས་གཏན་ནས་མེད་པས། ཨོ་བྷ་མ་སྲིད་འཛིན་བསྡད་སྐབས་སུ་རྡུལ་ཕྲན་མཚོན་ཆ་མེད་པའི་ཞི་བའི་འཛམ་གླིང་ཞིག་བཟོ་དགོས་ཞེས་པའི་རྨི་ལམ་དེར་ད་ལྟ་རེ་བ་ཆད་འདུག དེ་ལས་ལྡོག་སྟེ་ཁོ་དང་ཕོ་ཏྲིན་གཉིས་ད་ལྟ་དགྲ་ཁ་གཏད་ཀྱི་འགྲན་ཡ་ཡིན་པར་མ་ཟད། ཨོ་བྷ་མས་ཨ་རིའི་མཐུན་ཕྱོགས་ཀྱི་ཧྥུ་ལི་ཕིན་གྱི་དུག་ཚོང་མཁན་རྣམས་ཁྲིམས་ལ་བཅུག་སྐབས་སུ་ཁྲིམས་ལུགས་ཀྱི་གོ་རིམ་བཞིན་ཡང་དག་ཅིག་འགྲོ་བཞིན་མེད་ཚུལ་གྱི་སྐྱོན་བརྗོད་བྱས་སྐབས་སུ། ཧྥུ་ལི་ཕིན་གྱི་སྲིད་ཀྱིས་ཁོ་ཚོ་ནི་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པས་གཞན་གྱིས་ཁོ་ཚོའི་རྒྱལ་ཁབ་ཀྱི་གནད་དོན་ལ་ཐེ་གཏོགས་བྱེད་པའི་དབང་ཆ་མེད་པས། ངས་རང་གི་མི་མང་གི་ངག་ལ་ཉན་རྒྱུ་ལས་ནམ་ཡང་གཞན་ལ་ཉན་གྱི་མིན་ཞེས་བརྗོད་འདུག་པས། ཨོ་བྷ་མས་ལན་དུ་ཁོ་དང་མཇལ་འཕྲད་གནང་རྒྱུའི་ལས་འཆར་རྩིས་མེད་བཏང་འདུག
འོན་ཀྱང་། རྒྱལ་ཁབ་སོ་སོའི་དབུ་ཁྲིད་རྣམས་ཀྱིས་ཚོགས་ཆེན་འདིའི་ཐོག་ཏུ་རང་གི་ཁེ་ཕན་དང་མཐུན་པའི་རྒྱལ་སྤྱིའི་ལམ་སྲོལ་ཞིག་ཡོང་བར་འབད་བརྩོན་བྱེད་ཀྱིན་འདུག་ཅིང་། ཐབས་ཇུས་ཀྱི་གྲོས་མོལ་ལས་གལ་ཆེན་གྱི་དབུ་ཁྲིད་གཅིག་རང་གི་འདོད་མོས་བཞིན་འགུག་ཐུབ་ཚེ། རྒྱལ་ཁབ་དེའི་མི་མང་ཐམས་ཅད་བཀུག་ཟིན་པས། དབུ་ཁྲིད་རྣམས་ལ་མཚོན་ན་རང་གི་རིག་རྩལ་དང་། འཇོན་ཐང་། མ་འོངས་པར་བྱས་རྗེས་འཇོག་སའི་གོ་སྐབས་ཆེས་ཡག་ཤོས་ཤིག་ཡིན་པས། ཚོགས་ཆེན་གྱི་ཞོར་དུ་དབུ་ཁྲིད་ཚོས་རང་གི་འདོད་མོས་དང་། རྒྱལ་ཁབ་གཉིས་ཀྱི་ལས་དོན་དང་བསྟུན་ནས་སྒེར་གྱི་ཐུག་འཕྲད་གནང་བཞིན་ཡོད་པ་མ་ཟད། ཐམས་ཅད་ཀྱིས་རང་ཕྱོགས་ལ་མཆན་ཡིག་ཡག་པོ་ཞིག་འཇོག་སླད་དུ་རིག་པ་བསྒྲིམ་ནས་གཟབ་ནན་བྱེད་ཀྱིན་ཡོད།
ཚོགས་ཆེན་གྱི་སྟེང་དུ་ར་ཤི་ཡ་དང་རྒྱ་ནག་ལ་མཚོན་ན་དབྱིན་ཇི་ཡོ་རོབ་ནས་ཐོན་རྒྱུ་ཡིན་པས། དུས་ཚོད་འདི་བརྒྱུད་ནས་ནུབ་ཕྱོགས་ཀྱི་སྟོབས་ཤུགས་གང་ཐུབ་ཀྱིས་ཁ་འཐོར་དུ་བཏང་ཏེ། ནུབ་མིའི་སྤྱི་ཚོགས་ཀྱི་ནང་དུ་རང་གི་ཤུགས་རྐྱེན་སྤེལ་རྒྱུའི་གོ་སྐབས་ཡག་ཤོས་ཤིག་ཏུ་ཆགས་ཡོད་ལ། དེ་ཆགས་པ་ཐམས་ཅད་ཀྱིས་རྟོགས་ཀྱི་ཡོད། ལྷག་པར་དུ་པོ་དྲིན་ལ་མཚོན་ན་གསེ་རི་ཡའི་དམག་འཁྲུག་གི་གནད་དོན་བརྒྱུད་ནས་ཨ་རི་ལ་གནོན་ཤུགས་ཀྱིས་དབུ་ཁྲིད་ཉམ་ཆུང་ཨོ་བྷ་མའི་ལག་ནས་ཨུ་རི་སུ་ལ་ཕན་པའི་མཉམ་ལས་ཀྱི་གྲོས་ཆོད་ཅིག་འཇོག་ཐུབ་པར་འབད་བརྩོན་བྱེད་ཀྱིན་ཡོད། དེའི་ཆེད་དུ་ད་ལྟ་ནས་པོ་དྲིན་གྱིས་གཟབ་ནན་གྱི་ངང་ནས་གུས་ལུགས་ཀྱིས་སྐད་ཆ་སྙན་པོ་མང་ཙམ་བརྗོད་ཀྱིན་འདུག་ཀྱང་། འདས་པའི་ལོའི་ནང་དུ་ཁོས་ཨོ་བྷ་མ་ལ་མགོ་སྒོར་གཏང་རྒྱུ་མང་དྲགས་པས། དམིགས་བསལ་གྱི་ཐབས་ཤེས་ཤིག་མེད་ན་སྔར་ལྟར་ལས་སླ་བོ་ཆགས་མེད།
ད་ཐེངས་ནི་གཅིག་བྱས་ན་འདི་ནི་ཨོ་བྷ་མ་རྒྱ་ནག་ཏུ་ཕེབས་ཐེངས་མཐའ་མ་དེ་ཡིན་ལ། སྲིད་འཛིན་གྱི་དུས་ཡུན་ཡང་རྫོགས་ལ་ཉེ་སྐབས་སུ་ས་གདན་དམར་བོས་མགྲོན་བསུ་མ་གནང་བ་ནི། ཁོ་ལ་ཁ་བཏགས་ནག་པོ་ཞིག་གིས་སྐྱེལ་མ་བྱས་པ་དང་གཉིས་སུ་མེད། མེད་དགོས་ཀྱང་ཨོ་བྷ་མས་དང་ཐོག་རྒྱ་ནག་ལ་མཛའ་གྲོགས་བསྒྲིག་རྒྱུའི་རེ་བ་ཅི་ལྟར་གནང་ཡང་རྒྱ་ནག་གིས་དེ་བེད་སྤྱོད་ཀྱིས་རྒྱ་ནག་གི་རྨི་ལམ་ཞེས་པའི་སྲིད་ཇུས་གསར་བ་ཞིག་བཟུང་ཞིང་། གང་ཐུབ་ཀྱིས་འཛམ་གླིང་དུ་རང་གི་སྟོབས་ཤུགས་རྒྱ་བསྐྱེད་ཀྱིས་ལྷོ་རྒྱ་ནག་རྒྱ་མཆོའི་བདག་དབང་ཡོད་ཚད་ལ། ཚོད་འཛིན་གྱི་འཐབ་རྩོད་གནང་བས་ཨ་རིའི་ནུས་པ་ལ་ཚོད་འཛིན་དང་། དེའི་ཉེ་འཁོར་གྱི་རྒྱལ་ཁབ་ཀུན་གྱི་བདག་དབང་ལ་འཇིགས་སྣང་སྐུལ་བས། ཨ་རིས་དེ་ཡི་ལན་དུ་རྒྱལ་སྤྱིའི་ཁྲིམས་ལུགས་བེད་སྤྱོད་ཀྱིས་རྒྱ་ནག་ལ་ཁ་གཏད་གཅོག་ཆེད་དུ་ཉེ་བའི་ལོ་འགའ་ཡི་ནང་དུ་ལྷོ་རྒྱ་ནག་རྒྱ་མཚོའི་ཉེ་འཁོར་ཀྱི་རྒྱལ་ཁབ་རྣམས་དང་མནའ་མཐུན་བསྒྲིག་རྒྱུའི་སྲིད་ཇུས་བཟུང་བས་ཡིན་པ་མ་ཟད། ལྷག་པར་དུ་ཨོ་བྷ་མའི་སྲིད་འཛིན་གྱི་དུས་ཡུན་རྫོགས་ལ་ཉེ་བས་རེད།
མ་གཞི་དང་པོ་ཨོ་བྷ་མས་ཀྱང་སྐུ་མདུན་ལྟར་རྒྱ་ནག་དང་མཉམ་ལས་བྱེད་རྒྱུའི་རེ་བ་ཤུགས་ཆེན་བརྒྱབས་ཡོད་པ་མ་ཟད། ༢༠༡༢ ལོའི་སྲིད་འཛིན་གྱི་འགྲན་རྩོད་སྐབས་སུ་ཡང་ཁོས་འགྲན་ཡ་མེ་ཁི་རོ་ནུ་ཡི་རྒྱ་ནག་དང་། ཨུ་རི་སུའི་་ཐོག་ལ་སྲིད་ཇུས་མཁྲེགས་པོ་བཟུང་བར་ཨོ་བྷ་མས་ཁོ་ལ་གྲང་དམག་གི་ལྟ་བའི་རྙིང་ཞེན་པ་རེད་ཅེས་ནས་སྐྱོན་བརྗོད་ཤུགས་ཆེན་གནང་ཡོད། འོན་ཀྱང་། ད་ལྟ་ཨུ་རི་སུ་དང་རྒྱ་ནག་གི་བྱ་སྤྱོད་ཀྱིས་ཁོའི་དེ་སྔོན་གྱི་རང་གི་བསམ་ཚུལ་ལ་འགྱོད་པ་སྐྱེས་སུ་བཅུག་ཡོད་ངེས་རེད།
ཨོ་བྷ་མ་སྲིད་འཛིན་ཆགས་པའི་ལོ་དེ་རུ་རྒྱ་ནག་དང་འབྲེལ་ལམ་ཡག་པོ་འཛུགས་ཆེད་དུ་ ༢༠༠༩ ལོའི་རྒྱལ་དོན་གཟིགས་སྐོར་རྒྱ་ནག་ཏུ་གནང་ཡོད་ལ། དེ་ནི་ཨ་རིའི་སྲིད་འཛིན་ཞིག་གིས་རང་གི་སྲིད་འཛིན་གྱི་ལོ་དང་པོའི་ནང་དུ་རྒྱ་ནག་ཏུ་གཟིགས་སྐོར་གནང་མཁན་ཐོག་མ་དེ་ཆགས་ཡོད། ལྟ་སྐོར་དང་པོ་ཡི་སྐབས་སུ་རྒྱ་ནག་གིས་ཁོ་ལ་ཚད་ལྡན་གྱི་སྣེ་ལེན་གནང་བ་མ་ཟད། ཁོས་ཀྱང་རྒྱ་ནག་ལ་བསྟུན་ཆེད་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཐད་ཀར་རྒྱ་ནག་ལ་སྐྱོན་བརྗོད་མ་གནང་བར། འཇིག་རྟེན་གྱི་ཐོབ་ཐང་ཞེས་པའི་བསྟུན་མཁས་ཀྱི་ཐ་སྙད་བེད་སྤྱོད་བཏང་ཡོད་ཁར། ཁོའི་སྤུན་ཉེ་ཞིག་གིས་རྒྱ་ནག་གི་ནང་དུ་ལས་ཀ་བྱེད་ཀྱིན་ཡོད་ཚུལ་གྱིས་ཁོ་དང་ཧྲང་ཧེ་ནས་དམིགས་བསལ་གྱིས་ཐུག་འཕྲད་གནང་ནས། རྒྱ་ནག་དང་འབྲེལ་ལམ་ཡར་རྒྱས་གཏང་ཐབས་ལ་འབད་པ་མ་ཟད། ཁོས་འདས་པའི་ལོ་ངོ་ལྔ་དྲུག་གི་རིང་ལ་རྒྱ་ནག་ལ་རེ་བ་ཤུགས་ཆེན་གནང་ཡོད། འོན་ཀྱང་། རྗེས་ནས་རེ་བ་དེ་དག་སྟོང་བསམ་ཡིན་པ་གསལ་བོར་རྟོགས་པ་མ་ཟད། ད་ལྟའི་རྒྱ་ནག་གི་བྱ་སྤྱོད་ཀྱིས་ཨོ་བྷ་མ་རང་གི་ཚོར་སྣང་བསྲེགས་མ་དང་ལྷན་དུ་ཕྱིར་ཡོང་ངེས་རེད་ཅེས་ནས་ཨ་རིའི་དེ་སྔོན་གྱི་མཐོ་རིམ་དཔོན་རིགས་ཤིག་གིས་དབྱིན་ཇིའི་སྐྱེད་ཚལ་གསར་ཤོག་ལ་བརྗོད་འདུག
དེ་སྔོན་ཨ་རིའི་མཐོ་རིམ་མི་སྣ་དུ་མས་ཨོ་བྷ་མ་ལ་རྒྱ་ནག་དང་ལྷན་དུ་མཉམ་ལས་ཡག་པོ་ཞིག་ཡོང་རྒྱུའི་རེ་བ་ཤུགས་ཆེན་དང་། རྨི་ལམ་སྐྱིད་པོ་གཏང་རྒྱུ་ཡོད་པ་མ་རེད་ཅེས་ནས་བརྗོད་ཀྱིན་ཡོད་ཀྱང་། ཨོ་བྷ་མ་ཡིས་དེ་ཚོ་ལ་དམག་རྒྱུད་རིང་ལུགས་ཀྱི་རྙིང་ཞེན་ཡོད་ཚུལ་གྱིས། རྒྱ་ནག་དང་ཨུ་རི་སུ་དགྲ་རུ་འཛིན་རྒྱུའི་ཚབ་ཏུ་མཛའ་གྲོགས་བསྒྲིགས་ནས་འབྲེལ་ལམ་ཡག་ཏུ་བཏང་ཞིང་། མཉམ་ལས་བྱས་གནང་བ་ཡིན་ན་ཕྱོགས་གཉིས་དང་། འཛམ་གླིང་ལ་ཕན་པ་ལས་གནོད་པ་མེད་ཚུལ་གྱིས་ངོས་ལེན་གནང་མེད། འོན་ཀྱང་། ད་ལྟ་རྒྱ་ནག་དང་ལྷན་དུ་རྨི་ལམ་སྐྱིད་པོ་བཏང་བ་དེ། སྐྱིད་པོ་ཁོ་ན་ཞིག་མིན་ཁར། འཇིགས་རུང་གི་རྨི་ལམ་སྐྱུར་མོ་ཞིག་ཏུ་ཆགས་བཞིན་ཡོད་ལ། ཨུ་རི་སུ་ནི་ད་ལྟ་ཡོས་ཁི་རན་དང་གསེ་རི་ཡའི་གནད་དོན་གྱིས་དེ་བས་ཀྱང་འབྲེལ་བ་སྡུག་ཏུ་ཆགས་ནས། ད་ལྟ་ནུབ་ཕྱོགས་པས་དཔལ་འབྱོར་གྱི་ཉེས་ཆད་གཅོད་ས་ཆགས་ཡོད།
སྐུ་མདུན་གྱིས་ཀྱང་རྒྱ་ནག་དང་ཉེ་བའི་ཁོང་གི་སྐུ་འཁོར་ཁག་ཅིག་དང་། རྒྱ་ནག་གི་ནང་བར་བརྫུས་པའི་གསང་མྱུལ་བ་ཁག་ཅིག་གིས་རང་བཙན་མ་རྩོད་པར་རྒྱ་ནག་དང་སྟབས་བསྟུན་གནང་ན། རེ་བ་ཡོད་ཚུལ་གྱི་ཐུགས་ཁ་བསྒྱུར་བས། ཁོང་གིས་ཀྱང་ཨོ་བྷ་མ་ལྟར་རང་གི་བུ་སྤུན་བརྒྱུད་ནས་རྒྱ་ནག་དང་མཉམ་ལས་གནང་རྒྱུའི་རྨི་ལམ་སྐྱིད་པོ་ཞིག་གཏོང་བཞིན་ཡོད། འོན་ཀྱང་། རྨི་ལམ་དེ་ད་དུང་ཡང་ལེགས་འགྲུབ་བྱུང་མེད། རྨི་ལམ་སྐྱིད་པོ་དེ་བཏང་ནས་ལོ་ངོ་ཞེ་ལྔ་འགྲོ་བཞིན་ཡོད་ཀྱང་། ད་དུང་གྲུབ་འབྲས་མེད་པར་སྔར་ལྟར་ལྷག་ཡོད། རྨི་ལམ་སྐྱིད་པོ་དེ་ཡི་ཆེད་དུ་ད་ལྟ་རྒྱ་ནག་དང་སྟབས་བསྟུན་གྱིས་ཐ་ན་རྒྱ་ནག་ལ་གནོད་པའི་ཚིག་གཅིག་ཀྱང་གསུངས་ཕོད་ཀྱི་མེད་ཅིང་། སྲིད་དོན་དུ་གསུངས་པ་ལས་ཀྱང་ཕྱེད་ཀ་ཙམ་ནི་རྒྱ་ནག་ལ་མཐུན་ཕྱོགས་སུ་གསུངས་བཞིན་ཡོད། ཡིན་ཏེ། ༢༠༠༠ ཙམ་ནས་བཀའ་སློབ་ཏུ་རྒྱ་ནག་ནི་སྟོབས་ཆེན་ཡིན་པས་བོད་པ་རྣམས་རྒྱ་ནག་ལས་ལོགས་སུ་ཐོན་པ་ཡིན་ན་ཡག་པོ་མེད་ཚུལ་དང་། ཨ་མདོ་བ་དང་ཁམས་པ་མང་པོ་ནི་དེ་སྔོན་ནས་རྒྱ་ནག་གི་མངའ་ཁོངས་ཡིན་ཚུལ་དང་། ལྷག་པར་དུ་བོད་རང་བཙན་ནི་སྟོང་བསམ་ཞིག་ཡིན་པས་ལག་ལེན་དུ་འགྲུབ་ཐབས་མེད་ཚུལ་གྱི་རྒྱ་ནག་གི་སྐུ་ཚབ་ལྟ་བུའི་བཀའ་མོལ་གནང་བས་ཡིན། འོན་ཀྱང་། འགྲུབ་རྒྱུ་ཡོད་པའི་དབུ་མ་ད་དུང་ཡང་འགྲུབ་མེད་པས། ག་ཚོད་ཅིག་ཏུ་བསྒུག་དགོས་སམ།
མང་གཙོ་དང་དབུ་མ།
རྒྱ་ནག་ལ་མང་གཙོ་མ་ཐོབ་པ་ཡིན་ན་བོད་ལ་རང་སྐྱོང་ཚད་ལྡན་ཞིག་ཡོང་ཐབས་དཀའ་བས། རྒྱ་ནག་ལ་མང་གཙོ་ཐོབ་སྐབས་སུ་བོད་ཀྱི་མི་འབོར་ཉུང་དུ་མ་ཆགས་ཚེ། བོད་ལ་དབུ་མའི་རྩ་དོན་ལས་ལྷག་པའི་ཚད་ལྡན་གྱི་རང་སྐྱོང་ཞིག་ཡོང་བ་སྙོན་མེད་རེད། ཡིན་ཏེ། མང་གཙོ་ཡིས་སྐྱེས་བོའི་སྒེར་བ་དང་གྲངས་ཉུང་མི་རིགས། གྲངས་ཉུང་ཆོས་ལུགས་ཀྱི་ཐོབ་ཐང་ཡོད་ཚད་ཚད་ལྡན་གྱིས་སྲུང་སྐྱོབ་བྱེད་ཐུབ་པས་ཡིན།
མང་གཙོའི་ལམ་ལུགས་ཀྱི་ཁྲོད་དུ་གྲངས་ཉུང་ཚོའི་ཐོབ་ཐང་ལ་རིན་ཐང་མི་སྤྲད་རང་སྤྲད་ཡིན་ཞིང་། སྤྲད་དགོས་དོན་ཡང་ཁྲིམས་ལུགས་སུ་འཁོད་པ་ཙམ་མ་ཡིན་པར། གཙོ་བོ་ནི་ཆབ་སྲིད་ཀྱི་ཚད་མཐོའི་དབུ་ཁྲིད་འདེམས་སྐབས་སུ་མི་མང་གི་འོས་ཤོག་ཐོབ་དགོས་པས་རེད། དཔེར་ན། རྒྱ་ནག་མང་གཙོ་རུ་ཆགས་སྐབས་སུ་རྒྱ་ཡི་སྲིད་དོན་ཚོགས་པ་ཡི་དབུ་ཁྲིད་ཚོས་འོས་ཤོག་གི་འགྲན་རྩོད་བྱེད་སྐབས་སུ་འོས་ཤོག་ལ་ཁྱད་པར་ཆེན་པོ་མེད་པ་ཡིན་ན། སྟེང་དུ་གྲངས་ཉུང་མི་རིགས་ཀྱི་འོས་ཤོག་རྣམས་མཁོ་བས། དེ་དག་ཐོབ་ཐབས་སུ་གྲངས་ཉུང་མི་རིགས་ལ་ཕན་པའི་སྲིད་ཇུས་འཛིན་དགོས་པས་རེད། དཔེར་ན། ཨ་རིའི་མི་རིགས་དཀར་བོའི་དབུ་ཁྲིད་ཚོས་སྲིད་འཛིན་འོས་མི་ཡི་འགྲན་རྩོད་ཀྱི་སྐབས་སུ་དཀར་བོ་རྣམས་ཕྱོགས་ཁག་གཉིས་སུ་ཆགས་ཤིང་། འོས་གྲངས་ལས་རྒྱལ་ཁ་ཐོབ་དགོས་ན་གྲངས་ཉུང་མི་ནག་དང་། སི་ཕན་ནིས་ཤི་ཡི་མི་རིགས་ཚོའི་རྒྱབ་སྐྱོར་ཐོབ་དགོས་པ་བཞིན་རེད།
གནས་ཚུལ་འདི་དག་ལ་བརྟེན་ནས་བོད་ལ་ཕན་པའི་དབུ་མའི་ལམ་ཞིག་དགོས་ན། བློ་སེང་དང་ཟམ་གདོང་གི་དབུ་མ་ལྟར་མང་གཙོ་མི་དགོས་པའི་དབུ་མ་མ་ཡིན་པར། མང་གཙོའི་ལམ་ལུགས་ཀྱི་དབུ་མ་ཞིག་དགོས་པས། རྒྱ་ནག་མང་གཙོར་འགྱུར་རྒྱུ་ནི་བོད་ལ་དོན་དམ་གྱི་དབུ་མ་ཐོབ་པའི་ལམ་ཁ་ཡིན།
དབྱིན་ཇིའི་དོགས་ཟོན།
དབྱིན་ཇིའི་གསང་བའི་ལས་ཁུངས་ཀྱིས་དབྱིན་ཇིའི་སྲིད་བློན་དང་། འགྲོགས་རོགས་ཀྱི་ལས་བྱེད་ཚོ་ལ་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་འདུ་ཡི་སྐབས་སུ་རྒྱ་ནག་གིས་མགྲོན་ཁང་དང་། ལག་རྟགས་སོགས་སུ་ལྐོག་ཉན་འཕྲུལ་ཆས་བཙུགས་ནས། གནས་ཚུལ་བརྐུ་སྲིད་པས། ལག་རྟགས་རིགས་དང་། ལྷག་པར་དུ་གློག་ཆས་ཀྱི་ལག་རྟགས་རིགས་གང་བྱུང་དུ་མ་ལེན་བྱོས་ནས་ཉེན་བརྡ་བཏང་འདུག
༢༠༠༨ དབྱིན་ཇིའི་སྲིད་བློན་ Gordon Brown རྒྱ་ནག་ཏུ་སྐྱོད་སྐབས་སུ་རྒྱ་ནག་གི་གསང་མྱུལ་བའི་མཛེས་མ་ཞིག་ཁོའི་མགྲོན་ཁང་ནང་དུ་ཡོང་ནས་དགུང་མོ་ཁོ་དང་མཉམ་དུ་ཉལ་ཏེ། ཁོ་ལ་བཟི་བཏབ་ནས་ཡིག་ཆ་བརྐུས་པའི་གནས་ཚུལ་ལྟར་ཡང་བསྐྱར་ལྷག་འདོད་མེད་པས་ཡིན་ཞེས་དབྱིན་ཇིའི་གསང་བའི་ལས་བྱེད་པས་བརྗོད་འདུག
འབྲེལ་ཡོད་དྲ་ཐག
http://www.telegraph.co.uk/news/2016/09/03/g20-honey-trap-warning-fears-prime-ministers-officials-will-be-s/
http://edition.cnn.com/2016/09/05/politics/obama-putin-duterte-xi-erdogan-g20-reception/index.html#
http://edition.cnn.com/2016/09/04/us/obama-china-response-zakaria-interview-miks/#
གཏིང་ཟབ་མོའི་རྒྱུས་ལོན་བྱས་ནས་སྐད་ཆ་ཞིག་རེད་འདུག་པས་རྩོམ་ཡིག་ཧྲིལ་པོར་བཀླགས་ཟིན། ངོ་མའི་ཆབ་སྲིད་པ་ཟེར་ན་ཁོང་འདྲ་བ་ཞིག་དགོས་པ་རེད། རྒྱ་ནག་གི་ནང་བརྫུས་དེའི་རིགས་ཀྱིས་བོད་ཀྱི་ཆབ་སྲིད་ཁ་གཏོར་དགུ་གཏོར་གཏོང་བའི་ཉེན་ཁ་ཏན་ཏན་ཡོད་རེད། དེང་སང་བོད་པའི་ཆེས་མཐོའི་དཔོན་རིགས་ཚོས་རྒྱ་ནག་ནང་ལ་ནང་པ་ས་ཡ་མང་པོ་འདུག་ཟེར་ན་ཡིད་ཚིམས་ནས་བསྡད་ཡོད་པའི་སྒང་རེད། ནང་པ་མང་པོ་ཡོད་པའི་རྒྱུ་མཚན་ཡིན་ན་བྷར་མ་དང་སི་རི་ལངྐ་ཐའི་ལནཊ་སོགས་ལ་ནང་པ་མང་པོ་ཡོད་པ་རེད་ཡིན་ནའང་གོང་ས་མཆོག་དེར་ཕྱོགས་སུ་ད་བར་དུ་ཕེབས་ཐུབ་མེད་པའི་རྒྱུ་མཚན་གང་ལ་ཐུག་གམ། རྒྱ་ནག་ཡོངས་རྫོགས་ནང་པར་འགྱུར་ཀྱང་བོད་ཀྱི་རྩ་དོན་ལ་ཁོང་ཚོ་ནང་པ་མ་རེད། བོད་ཀྱི་རྩ་དོན་ལ་བཟོད་སྒོམ་ནམ་ཡང་བྱེད་མི་སྲིད། མ་གཞི་ནས་ང་ཚོའི་དབུ་ཁྲིད་ཚོའི་དགོངས་པའི་དགོངས་གཞི་མཐར་ཐུག་ནི་འཛམ་གླིང་ནང་པར་འགྱུར་རྒྱུའམ་ཡང་ན་མི་ཐམས་ཅད་ནང་པར་འགྱུར་ན་དེ་ལས་ལྷག་པའི་བོད་ཀྱི་རྩ་དོན་ཞིག་མེད་པའི་བཟོ་འདུག དེ་འདྲ་ཡིན་ན་བོད་ཀྱི་རྩ་དོན་རང་བཙན་དང་རང་དབང་གི་ཆེད་དུ་ལུས་སྲོག་མཆོད་མེར་ཕུལ་མཁན་དེ་ཚོ་ངོ་མ་སྙིང་རྗེ་རེད།
རྒྱ་ནག་ལ་རེ་བ་མ་བྱས་པར། རྒྱ་བོདད་དབུས་ལམ་ཞི་སྒྲིག་འདོད་མཁན་ཨ་ནུ་ཐང་རང་། སེམས་པ་མ་ཐང་པའི་སྐད་ཆ་དང་གཅིག་པ་རེ་དོ།།
བོད་པ་འཇིགས་མེད་ཀྱིས། ཨ་རིའི་མི་རིགས་ནག་པོར་རྒྱབ་སྐྱོར་བྱས་པ།
https://www.facebook.com/seiuhcmn/videos/10154093822471928/?hc_ref=NEWSFEED
འདབ་གཤོག་གཉིས་ལྡན་གྱི་དྲ་གྲོགས་ཨ་ནུ་ཐང་ཕེགས་པར་ལེགས།
དམངས་གཙོ་མི་དགོས་པའི་དབུ་མའི་ལམ་ནི་འགྲུབ་ཀྱི་མེད་པའི་སྟོང་བསམ་ཞིག་རེད། ཨ་རི་གཙོ་བོ་གྱུར་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ངོས་ལེན་གནང་མི་སྲིད། ལོ་མང་རིང་དུ་བཙན་བྱོལ་བོད་གཞུང་དང་དེང་སང་གི་སྒྲིག་འཛུགས་གཉིས་ཀྱིས་དཔལ་འབྱོར་ནུབ་ཕྱོགས་པའི་དམངས་གཙོའི་རྒྱལ་ཁབ་ཁག་ལ་བརྟེན་ནས་ཕྱིན་པ་རེད།
ཨ་རི་གཙོ་བོ་གྱུར་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨ་སྒོར་ཡ་ས་མང་པོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་སྤྲད་ཟིན་པ་རེད། རྒྱུ་བདག་རེད། དམངས་གཙོའི་གསེར་གྱི་རྟགས་མ་སྤྲད་པ་དེ་ལ་རྒྱུ་མཚན་ཆེན་པོ་ཡོད་རེད་འདོད། དམངས་གཙོ་བློས་བཏང་ནས་དམར་པོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་འགྲོ་ཡི་ཡིན་ཟེར་ན་རྒྱུ་བདག་དམངས་གཙོའི་རྒྱལ་ཁབ་ཁག་གིས་གཏོང་གི་མ་རེད།
ངས་ངོས་ནས་བྱས་ན་དམངས་གཙོ་མི་དགོས་པའི་དབུ་མའི་ལམ་ཟེར་བའི་སྲིད་ཇུས་དེ་ཤར་ཕྱོགས་པའི་མི་སེར་དུང་ཕྱུར་བཅུ་གསུམ་གྱི་རང་དབང་དམངས་གཙོའི་འགེགས་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་ཧོང་ཀོང་། ཐད་ཝན། ཡུར་གུར་བཅས་ཆང་མའི་རང་དབང་དང་དམངས་གཙོ་ལ་དབུ་མའི་སྲིད་ཇུས་ཀྱིས་གནོད་བསྐྱེལ་བཞིན་ཡོད། མིག་དཔེར་ངན་པ་རེད།
ང་ཚོས་མཁས་དབང་ཟམ་སྡོང་བླ་མ་གིས་ བོད་རྒྱུད་ནང་བསྟན་འདི་འཛམ་གླིང་ལ་ཁྱབ་སོང་ན་བོད་རང་བཙན་རག་དང་མ་རག་ཅི་མེད་གསུང་འདུག་བ་ ད་ཧ་ཧ་ཧ་
རྒྱ་ནག་ལ་རེ་བ་བྱེད་མཁན་བཙན་བྱོལ་སྒྲིག་འཛུགས་ཡང་གཅིག་མ་རེད་བས། 1951 ལོ་ནས་ད་བར་རྒྱ་ནག་ལ་རེ་བ་བཅོལ་ནས་མང་ཡོད་ས་རྒས་ཤི་དང་སྒུག་ཤི་གྱུར་ཚར་སོང་བ། ད་རུང་ཏཱ་ལའི་བླ་མས་སྒུག་གི་ཡིན་ལབ་ཀྱི་ཡོད་རེད། ཧཧཧཧཧཧཧཧཧ
དྲྭ་གྲོགས་ཨ་ནུ་ཐང་གིས་གསུངས་པ་ལ་རྒྱུ་མཚན་ངོ་མ་འདུག་སྟེ། གནས་སྐབས་ང་ཚོ་བོད་པ་དེ་གཉིད་བསད་རྒྱུར་དཀའ། མང་དྲགས་ན་ལྷ་དང་བླ་མའི་མཚན་གྱི་ཐོ་བས་བརྡུང་ཡོང་ངོ་། གཟབ་གཟབ་གྱིས།