རྒྱ་ནག་ལྕགས་རི། Posted on 2013-04-302013-04-30 By ཁ་བརྡ་ 7 Comments on རྒྱ་ནག་ལྕགས་རི། ཐེ་བོ་སངས་རྒྱས། བར་སྣང་ནས་བལྟས་ན་སའི་གོ་ལར་སྐ་རགས་བཅིངས་པ་ལྟར་མངོན་གསལ་དུ་མཐོང་བར་གྲགས་པའི་ལེ་དབར་ཁྲི་ཕྲག་ཅན་གྱི་ལྕགས་རི་རིང་པོ་ནི། རྒྱའི་ལོ་རྒྱུས་འཕེལ་རིམ་ནང་རྒྱ་ནག་བྱང་ཕྱོགས་ཀྱི་ས་མཚམས་ཡིན་པ་ཧ་ཅང་གསལ་ལ། གནའ་སྔ་མོའི་དུས་སུ་བྱང་མཐའི་རྒྱལ་ཕྲན་དག་གིས་གློ་བུར་བའི་བཙན་འཛུལ་ནར་མར་བྱས་པར་བརྟེན། དེ་དག་གི་དྲག་ཤུགས་ལས་རྒྱ་ནག་རྨང་གཞིའི་རྒྱལ་ཁབ་འགོག་སྲུང་སླད་འཐབ་རགས་སམ་གཡུལ་ངོའི་བཙན་རྫོང་ལྟ་བུར་བསྐྲུན། ལྕགས་རིའི་བརྒྱུད་ཁ་ཤས་ཕྱི་ལོའི་སྔོན་གྱི་དུས་རབས་བདུན་པའི་མགོ་སྟོད་ནས་གཞི་བརྩམས་ཤིང་། རིམ་པས་ཆི་རྒྱལ་རབས་དང། ཁྲུའུ། ཝུས། གཡན། ཀྲའོ། ཆིན། ཀྲུང་ཧྲན་སོགས་ཀྱི་སྐབས་སོ་སོར་ལྕགས་རི་དག་སྦྲེལ་མཐུད་རྒྱ་སྐྱེད་གྱིས་ཇེ་བཙན་དུ་བཏང་ཐོག གཅིག་གྱུར་གྱིས་དེའི་ཐུན་མིན་བཟོ་སྐྲུན་ཁྱད་ཆོས་རྒྱུན་བསྲིང་གོང་སྤེལ་བཏང་བ་ཡིན་མོད། ཕྱོགས་བཞིར་རླུང་ལྟར་གྲགས་ཤིང་གཞི་རྒྱ་ཆེ་བའི་མཁར་ལས་དུས་ཚིགས་གཉན་འཕྲང་ཅན་ནི་ཕྱི་ལོའི་སྔོན་གྱི་220-206 བར་ཏེ། རྒྱལ་ཁམས་འཐབ་འཁྲུག་ཅེས་པའི་དུས་རབས་མཇུག་ཏུ་སྡེ་གཟར་གྱི་བརྡབ་གསིག་མྱངས་ཆེ་སྟབས། རྒྱའི་འབངས་རྣམས་ཞི་བདེ་དང་ཟླ་སྒྲིལ་ལ་སྨོན་པའི་སྐབས་ཁེལ་བ་དང་། རྒྱ་ནག་གོང་བུ་གཅིག་གྱུར་གྱི་དུས་ལ་བབས་པའི་གོ་སྐབས་དེ་ལེན་མཁན་གོང་མ་དང་པོ་ཆིན་ཧྲི་ཧུང་སྐབས་ཀྱི་ལྕགས་རིའི་འཛུགས་སྐྲུན་ཉིད་ཡིན་ལ། དེའི་ལས་གཞིའི་ཁྲོད་བཟོ་བོ་དང་བྲན་གཡོག་རྣམས་ལྟོ་གོས་སྐྱ་ལ་བཙན་བསྐུལ་ཚ་ནན་ཐལ་དྲགས་པའི་དཀའ་སྡུག་ཚད་མེད་འོག་ཤི་གོད་བྱུང་བ་བགྲང་གིས་མི་ལང་། ལས་འཕྲོ་ཅུང་ལུས་པ་རྗེས་སོར་མི་རབས་མང་པོའི་རིང་བསྐྱར་དུ་བརྩིགས་ཤིང་རྒྱུན་མཐུད་འཕེལ་རྒྱས་བཏང་བ་ཡིན་ཏེ། དཔེར་ན་མིང་རྒྱལ་རབས་སྐབས་ཁོ་ནར་སྔ་ཕྱིར་ཐེངས་བཅོ་བརྒྱད་ཙམ་ཞིག་གསོ་བྱས། གཞན་ཡང་ལྕགས་རི་རིང་པོ་དེ་གཞིས་སྤོ་མཁན་ཚོད་འཛིན་ཐེ་བའི་ས་མཚམས་ཀྱི་ཁྱབ་ཁོངས་སྟངས་འཛིན་དང་། སོ་སྲུང་ཚིགས་འབབ། ཕོ་ཉ་བགྲོད་འོང་། དཔྱ་ཁྲལ་བསྡུས་པའི་དངོས་ཟོང་སྐྱེལ་འདྲེན་སྟབས་བདེ་བཅས་ལ་དམིགས་པའང་ཡིན། དེ་ལ་ཤར་ཕྱོགས་ཧྲན་ཧའེ་山海关区ནས་སོག་ཡུལ་གྱི་ལྷོ་ཁུལ་ཁག་གཙོས་པའི་ཞིང་ཆེན་དང་གྲོང་ཁྱེར་མང་པོ་བརྒྱུད་དེ་ནུབ་ལོ་པོ་ལུའུ་罗布泊བར་རྔམ་བརྗིད་ལྡན་ཞིང་མི་རྣམས་བློ་ངོར་ཤོངས་དཀའ་བའི་རྒྱང་ཐག་ལེ་དབར་ཁྲི་ཕྲག་ཙམ་ཡོད། རྒྱ་ནག་ལྕགས་རི་འདི་རྩོད་མེད་ཡོངས་གྲགས་ལ་ས་སྟེང་ན་ངོ་མཚར་ཅན་བདུན་གྱི་གྲས་སུ་བརྩི་ཞིང་། ཕྱི་ལོ་1987 ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་དང་རིག་གཞུང་སློབ་གསོའི་ཚོགས་པས(UNESCO) འདི་ལོ་རྒྱུས་ལྡན་པའི་གནའ་ཤུལ་རིག་དངོས་སྲུང་སྐྱོབ་གྲས་བཅུག་སྣང་ངོ་། ། སྣ་ཚོགས།
ཐེ་བོ་སངས་རྒྱས་ལགས། ཁྱེད་ཀྱིས་འདི་ལྟར་སྤྱིར་བཏང་ཤེས་བྱ་ལྟ་བུའི་འུ་ཅག་བོད་མི་དཀྱུས་མ་ཚོས་ཤེས་ན་འདོད་པའི་རིགས་ཚན་མང་པོ་ཞིག་རྒྱུན་མཐུད་ངང་སྤེལ་བར་ཐུགས་རྗེ་ཆེ་ཞུའོ། །
ཚོད་མ་ཐུག་པའི་སྒེར་གཅོད་པ་དག་གིས་སྡུག་གྱོང་གི་གྱང་ཆག་རང་རེད། འོན་གྱང་ངོ་ཚ་ཞོར་དུ་ད་ལྟའང་ཡོང་འབབ་བསགས་་བཞིན་པ་ནི་ཚོད་དཔག་ལས་ཆེར་འདས་པ་ཞིག་ཡིན་ནའང་། ད་དུང་བློ་རིག་རྒོད་པའི་འགྲོ་བ་མི་རྣམས་ཀྱིས་འདི་ལྟར་འཁྲེགས་པའི་རིགས་རུས་དང་ཁ་དོག་གིས་བཅིངས་པ་མེད་པར་ཐུན་མོང་དུ་ལོངས་སྤྱད་པ་ནི། ཅི་འདྲའི་ཡིད་སེམས་ཤོར་ས་ཞིག་རེད་ཨང་།
སྔོན་མར་དེབ་ཅིག་གི་ནང་མཁའ་དབྱིངས་ཚན་རིག་པ་དག་གིས་ཟླ་བའི་སྟེང་ནས་ཕྱིར་སའི་གོ་ལའི་སྟེང་དུ་བལྟས་པ་ན། འགྲོ་བ་མིའི་རིགས་ཀྱིས་བཟོ་སྐྲུན་བྱས་པའི་དངོས་པོ་གཅིག་རང་མཐོང་ཐུབ་པ་ནི་རྒྱ་ནག་ལྕགས་རི་རིང་མོ་ཟེར་བ་འདི་ཡིན་ལུགས་འདུག ལྕགས་རི་རིང་མོ་འདིའི་རྒྱ་མི་རིགས་ཀྱི་བློ་གྲོས་དང་ངལ་རྩོལ་གྱི་འབྲས་བུ་ཞིག་མཐོང་ཟེར་བའི་བཤད་རྒྱུན་ཞིག་འདུག གང་ལྟར་ང་ཚོའི་པོ་ཏ་ལ་ནང་བཞིན་ཁོ་ཚོའི་མི་རིགས་ཀྱི་དཔལ་ཡོན་ཞིག་མཚོན་པ་ཡིན་ནམ་སྙམ།
སྙིང་སྟོབས་ཅན་གྱི་བླ་མ་ཚུལ་ཁྲིམས་ཉི་མ་ལ་ལ་དྭགས་རྒྱལ་མོས་སིང་པའི་དམག་གིས་གཤིགས་པའི་བྱམས་པ་ལྷ་ཁང་ལ་སོགས་ལ་གཞིག་གསོས་ཞུས་པ་ན། མི་ཐུབ་ཟེར་མི་ཆོག སྔོན་གྱི་གཏམ་རྒྱུད་ཅིག་ན། རྒྱ་ནག་གོང་མས་རྩིག་པ་གྲུབ་མ་སོང་ཟེར་ལོན་ཁྱེར་འོང་མཁན་ཚང་མའི་སྐེ་གཅོད་ཀྱི་ཡོད་སྟབས། ལོན་ཁྱེར་འོང་མཁན་ཞིག་རང་གི་སྲོག་འགྲོ་བར་སྐྲག་ནས། གྲུབ་མེད་ཀྱང་། གྲུབ་སོང་ལབ་པས། ལྕགས་རི་དེ་ཡང་གྲུབ་པར་གྱུར་པས། དོན་དངོས་སུ་གྲུབ་བམ་མི་གྲུབ་མི་ཤེས་ཀྱང་། ངས་་གཞིག་གསོས་གྲུབ་ཐུབ། ཅེས་གསུངས་པ་གང་གི་རྣམ་ཐར་ན་བྲིས་སོ།།
བོད་པའི་རྒྱ་ནག་ལྕགས་རི་ཞེས་པའི་རི་མོ་དེ། རྒྱ་ནག་གི་ལྕགས་རི་དངོས་དང་འབྲེལ་བ་གང་འདྲ་ཡིན་ནམ། དྲྭ་གྲོགས་ཚོས་གསུངས་རོགས།
་་་་་ དེའི་ལས་གཞིའི་ཁྲོད་བཟོ་བོ་དང་བྲན་གཡོག་རྣམས་ལྟོ་གོས་སྐྱ་ལ་བཙན་བསྐུལ་ཚ་ནན་ཐལ་དྲགས་པའི་དཀའ་སྡུག་ཚད་མེད་འོག་ཤི་གོད་བྱུང་བ་བགྲང་གིས་མི་ལང་། ་་་བྲིས་པ་ལྟར། ང་ནི་རྒྱ་ནག་ལྕགས་རི་ལ་འགྲམ་ཆུ་འཁྱོན་ནས་ལྡང་མཁན་ཅིག་མིན། ད་དུང་དིང་སང་ཚན་རིག་པས་ཟླ་བར་ཡང་ཡང་འགྲོ་བ་དང་། Mars གཟའ་མིག་དམར་འགྲོ་འཆར་སོགས་ལ་ངོ་རྒོལ་ཐ་གཅིག་ཏུ་བྱེད་མཁན་ཅིག རྒྱུ་མཚན་ནི། འཛམ་གླིང་འདི་ཡི་ནང་ལ་ད་དུང་ཡང་འཛམ་གླིང་གི་མི་སེར་མང་པོ་ལྟོག་ཤི་འགྲོ་བགྱིན་ཡོད་པས་སོ། ། ཐེ་བོ་སངས་རྒྱས་ལགས་ཀྱིས། བོད་སྐད་དུ་བསྒྱུར་བ་ནི། བོད་ཀྱི་སྐད་ཡིག་ལ་ཞབས་འདེགས་ཆེན་པོ་རེད། རྗེས་སུ་ཡི་རང་ཞུའོ། །
རྒྱ་ནག་ལྕགས་རི་ཞེས་པའི་རི་མོ་དང་འདིའི་མཁར་གྱི་སྐྱོར་ར་མདའ་སོགས་འགོག་ས་དེའི་དབྱིབས་དང་འདྲ་བས་ཡིན་ནམ་སྙམ།
ཐེ་བོ་སངས་རྒྱས་ལགས། ཁྱེད་ཀྱིས་འདི་ལྟར་སྤྱིར་བཏང་ཤེས་བྱ་ལྟ་བུའི་འུ་ཅག་བོད་མི་དཀྱུས་མ་ཚོས་ཤེས་ན་འདོད་པའི་རིགས་ཚན་མང་པོ་ཞིག་རྒྱུན་མཐུད་ངང་སྤེལ་བར་ཐུགས་རྗེ་ཆེ་ཞུའོ། །
ཚོད་མ་ཐུག་པའི་སྒེར་གཅོད་པ་དག་གིས་སྡུག་གྱོང་གི་གྱང་ཆག་རང་རེད། འོན་གྱང་ངོ་ཚ་ཞོར་དུ་ད་ལྟའང་ཡོང་འབབ་བསགས་་བཞིན་པ་ནི་ཚོད་དཔག་ལས་ཆེར་འདས་པ་ཞིག་ཡིན་ནའང་། ད་དུང་བློ་རིག་རྒོད་པའི་འགྲོ་བ་མི་རྣམས་ཀྱིས་འདི་ལྟར་འཁྲེགས་པའི་རིགས་རུས་དང་ཁ་དོག་གིས་བཅིངས་པ་མེད་པར་ཐུན་མོང་དུ་ལོངས་སྤྱད་པ་ནི། ཅི་འདྲའི་ཡིད་སེམས་ཤོར་ས་ཞིག་རེད་ཨང་།
སྔོན་མར་དེབ་ཅིག་གི་ནང་མཁའ་དབྱིངས་ཚན་རིག་པ་དག་གིས་ཟླ་བའི་སྟེང་ནས་ཕྱིར་སའི་གོ་ལའི་སྟེང་དུ་བལྟས་པ་ན། འགྲོ་བ་མིའི་རིགས་ཀྱིས་བཟོ་སྐྲུན་བྱས་པའི་དངོས་པོ་གཅིག་རང་མཐོང་ཐུབ་པ་ནི་རྒྱ་ནག་ལྕགས་རི་རིང་མོ་ཟེར་བ་འདི་ཡིན་ལུགས་འདུག ལྕགས་རི་རིང་མོ་འདིའི་རྒྱ་མི་རིགས་ཀྱི་བློ་གྲོས་དང་ངལ་རྩོལ་གྱི་འབྲས་བུ་ཞིག་མཐོང་ཟེར་བའི་བཤད་རྒྱུན་ཞིག་འདུག གང་ལྟར་ང་ཚོའི་པོ་ཏ་ལ་ནང་བཞིན་ཁོ་ཚོའི་མི་རིགས་ཀྱི་དཔལ་ཡོན་ཞིག་མཚོན་པ་ཡིན་ནམ་སྙམ།
སྙིང་སྟོབས་ཅན་གྱི་བླ་མ་ཚུལ་ཁྲིམས་ཉི་མ་ལ་ལ་དྭགས་རྒྱལ་མོས་སིང་པའི་དམག་གིས་གཤིགས་པའི་བྱམས་པ་ལྷ་ཁང་ལ་སོགས་ལ་གཞིག་གསོས་ཞུས་པ་ན། མི་ཐུབ་ཟེར་མི་ཆོག སྔོན་གྱི་གཏམ་རྒྱུད་ཅིག་ན། རྒྱ་ནག་གོང་མས་རྩིག་པ་གྲུབ་མ་སོང་ཟེར་ལོན་ཁྱེར་འོང་མཁན་ཚང་མའི་སྐེ་གཅོད་ཀྱི་ཡོད་སྟབས། ལོན་ཁྱེར་འོང་མཁན་ཞིག་རང་གི་སྲོག་འགྲོ་བར་སྐྲག་ནས། གྲུབ་མེད་ཀྱང་། གྲུབ་སོང་ལབ་པས། ལྕགས་རི་དེ་ཡང་གྲུབ་པར་གྱུར་པས། དོན་དངོས་སུ་གྲུབ་བམ་མི་གྲུབ་མི་ཤེས་ཀྱང་། ངས་་གཞིག་གསོས་གྲུབ་ཐུབ། ཅེས་གསུངས་པ་གང་གི་རྣམ་ཐར་ན་བྲིས་སོ།།
བོད་པའི་རྒྱ་ནག་ལྕགས་རི་ཞེས་པའི་རི་མོ་དེ། རྒྱ་ནག་གི་ལྕགས་རི་དངོས་དང་འབྲེལ་བ་གང་འདྲ་ཡིན་ནམ། དྲྭ་གྲོགས་ཚོས་གསུངས་རོགས།
་་་་་ དེའི་ལས་གཞིའི་ཁྲོད་བཟོ་བོ་དང་བྲན་གཡོག་རྣམས་ལྟོ་གོས་སྐྱ་ལ་བཙན་བསྐུལ་ཚ་ནན་ཐལ་དྲགས་པའི་དཀའ་སྡུག་ཚད་མེད་འོག་ཤི་གོད་བྱུང་བ་བགྲང་གིས་མི་ལང་། ་་་བྲིས་པ་ལྟར།
ང་ནི་རྒྱ་ནག་ལྕགས་རི་ལ་འགྲམ་ཆུ་འཁྱོན་ནས་ལྡང་མཁན་ཅིག་མིན། ད་དུང་དིང་སང་ཚན་རིག་པས་ཟླ་བར་ཡང་ཡང་འགྲོ་བ་དང་། Mars གཟའ་མིག་དམར་འགྲོ་འཆར་སོགས་ལ་ངོ་རྒོལ་ཐ་གཅིག་ཏུ་བྱེད་མཁན་ཅིག རྒྱུ་མཚན་ནི། འཛམ་གླིང་འདི་ཡི་ནང་ལ་ད་དུང་ཡང་འཛམ་གླིང་གི་མི་སེར་མང་པོ་ལྟོག་ཤི་འགྲོ་བགྱིན་ཡོད་པས་སོ། །
ཐེ་བོ་སངས་རྒྱས་ལགས་ཀྱིས། བོད་སྐད་དུ་བསྒྱུར་བ་ནི། བོད་ཀྱི་སྐད་ཡིག་ལ་ཞབས་འདེགས་ཆེན་པོ་རེད། རྗེས་སུ་ཡི་རང་ཞུའོ། །
རྒྱ་ནག་ལྕགས་རི་ཞེས་པའི་རི་མོ་དང་འདིའི་མཁར་གྱི་སྐྱོར་ར་མདའ་སོགས་འགོག་ས་དེའི་དབྱིབས་དང་འདྲ་བས་ཡིན་ནམ་སྙམ།