དང་པོ།
རྒྱ་ནག་གི་སྲིད་འཛིན་ཞིན་ཅིན་ཕེན་གྱིས་ཏང་སྲིད་དམག་གསུམ་གྱི་དབང་ཚད་ཡོངས་ལག་ཏུ་བཟུང་སྟེ། ཕྱི་ཟླ༨ཚེས༢༤དང༢༥བར་ཉིན་གཉིས་ཀྱི་རིང་བོད་དོན་ཐོག་རྒྱལ་ས་པེ་ཅིན་ནས། བོད་ཀྱི་ས་ཁུལ་མི་རིགས་རང་སྐྱོང་ཡོངས་རྫོགས་ཀྱི་འགོ་ཁྲིད་མི་སྣ་འཛིམས་ཏེ་ཞིན་ཅིན་ཕེན་གྱི་ཕེན་སྣེ་ཁྲིད་འོག་ཚོགས་འདུ་ཞིག་ཚོགས་ཡོད།
ད་ཐེངས་ཀྱི་བོད་དོན་ཚོགས་འདུ་འདི་ནི་ཚོགས་ཐེངས་དྲུག་པ་ཆགས་ཡོད། ཡིན་ཡང་ང་ཚོས་ཤེས་དགོས་པ་ཞིག་ནི།ཚོགས་ཐེངས་དྲུག་པ་དངོས་སུ་མ་ཚོགས་པའི་སྔ་རོལ་དུ། ཁོང་ཚོའི་ནང་ཁུལ་གྱི་གྲོས་བསྡུར་ཞིག་བྱུང་ཡོད་པ་དེ་རེད། གྲོས་བསྡུར་དེའི་ནང་གཏམ་བཤད་ཀྱི་བརྗོད་བྱ་ལ་འགྱུར་བ་གཏོང་དགོས་མིན་དང་། ཡོངས་ཁྱབ་གཏམ་བཤད་དང་ལག་བསྟར་སྲིད་ཇུས་གང་ཞིག་ཡིན་མིན་དེ་རེད། དེ་ནི་བོད་མི་གཅིག་པོ་མ་ཡིན་པར་འཛམ་གླིང་གི་གསར་འགོད་པ་ཡོངས་ལ་ལྐོག་གྱུར་ཞིག་ཆགས་ཡོད། དེས་རྐྱེན་རིམ་གྱིས་ལག་བསྟར་སྲིད་ཇུས་ནས་འབྲས་བུ་གང་ཞིག་ཡོང་མིན་ལ་བལྟ་རྒྱུ་ལས་ཐབས་གཞན་ཅི་ཡང་མེད།
སྤྱིར་བོད་དོན་ཐོག་ཚོགས་འདུ་ཚོགས་པའི་ལས་དོན་དེ་ནི། ༡༩༨༠ནས་བཟུང་ཧོའུ་ཡོ་པང་གིས་གསར་བཏོད་བྱས་པ་ཞིག་ཡིན། ཧོའུ་ཡོ་པང་གི་སེམས་སུ། གུང་ཁྲན་ཏང་གིས་བོད་ཐོག་ལག་བསྟར་བྱས་པའི་སྲིད་ཇུས་ནོར་འཁྲུལ་བྱུང་ཡོད་པ་ངོས་འཛིན་བྱུང་སྟེ། བོད་དོན་ཐོག་སྲིད་ཇུས་འཛིན་སྟངས་ལ་བསྐྱར་བཅོས་བྱེད་འདོད་ཀྱིས་བཙུགས་པ་ཞིག་ཡིན་པ་རེད། འོན་ཏེ། སྐབས་དེར་ཏང་སྲིད་དམག་གསུམ་གྱི་དབང་ཆ་ཡོངས་རྫོགས་ཏིན་ཞའོ་ཕེན་གྱིས་བཟུང་ཡོད་པས། ཧོའུ་ཡོ་པང་གིས་བསམ་ཐོག་ཏུ་མ་སོང་བ་མ་ཟད། ཁོ་རང་ཡང་བཙོན་ཁང་དུ་ཚུད་ཡོད།
དེ་ནས་བཟུང་བོད་དོན་ཐོག་ཚོགས་འདུ་ཚོགས་པ་ལ་དུས་ངེས་མེད་ཞིག་ཡིན་མོད། འོན་ཀྱང་༡༩༨༠ལོ་ནས༡༩༨༤/༡༩༩༡/ ༢༠༠༡/༢༠༡༠/༢༠༡༥བཅས་ཐེངས་དྲུག་ལ་ཚོགས་ཡོད། ཚོགས་ཐེངས་དང་པོ་ནས་ལྔ་བའི་བར་གྱི་གཏམ་བཤད་ཀྱི་ཡིག་ཆ་རྣམས་ང་རང་གིས་མཐོང་མ་སོང་མོད། འོན་ཀྱང་སྐད་ཆའི་སྒྲོམ་གཞི་ཕལ་ཆེར་གཅིག་མཚུངས་ཡིན་སྲིད། ཡིན་ཡང་ང་རང་ཉིད་ཀྱིས་བསམ་ཚུལ་ལ།དེ་སྔོན་གྱི་ཚོགས་ཐེངས་བཞིའི་ནང་། ལྷ་ས་བོད་རང་སྐྱོང་ལྗོངས་མ་གཏོགས་བོད་ཆོལ་ཁ་གསུམ་འདུས་སྡོད་ཀྱི་ཞིང་ཆེན་བཞི་གླེང་ཨེ་ཡོད་སྙམ། འདི་ང་རང་ཉིད་ཀྱི་བསམ་ཚུལ་ཁོ་ན་ཡིན་པས། དེ་སྔོན་གྱི་ཚོགས་འདུའི་སྐབས་ཀྱི་ཡིག་ཆ་མཐོང་མཁན་ཚོས་མཁོ་སྤྲོད་རེ་གནང་ཐུབ་ཚེ། ང་ཚོས་ཞིབ་བསྡུར་བྱེད་རྒྱུ་ཕན་ཐོག་ཆེ་བར་འདུག་སྙམ།
ད་ཐེངས་ཀྱི་ཚོགས་ཐེངས་དྲུག་པ་གྲོལ་རྗེས་སུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྐལ་བཟང་མིང་ཅན་གྱིས་རྩོམ་ཐུང་ཞིག་སྤེལ་བའི་ནང་༼ལྷ་ས་བོད་རང་སྐྱོང་ལྗོངས་དང་ཀན་སུའུ་སི་ཁྲོན་མཚོ་སྔོན༽བཅས་བོད་ཆོལ་ཁ་གསུམ་ཡོངས་རྫོགས་གླེང་ཡོད་པ་རེད། ཕྲན་གྱི་བསམ་ཚུལ་ལ། འདི་ལྟར་གླེང་དགོས་བའི་རྒྱུ་རྐྱེན་དེ་གང་ནས་བྱུང་བ་ཡིན་ཟེར་ན། འདི་ནི་ས་བྱི་ལོའི་ཞི་རྒོལ་ཆེན་མོ་བྱུང་བ་དང་མདོ་སྟོད་སྨད་ཁུལ་ནས་རང་ལུས་མེ་བསྲེགས་ཀྱི་ངོ་རྒོལ་གནང་བའི་འབྲས་བུ་ཞིག་རེད་སྙམ་ཡོད། དེ་མིན་དེའི་ཡར་སྔོན་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ཀྱི་བོད་མ་གཏོགས། རྒྱ་གཞུང་གིས་བོད་དོན་གླེང་དུས།བོད་མི་རིགས་འདུས་སྡོད་ཀྱི་ས་ཁུལ་ཆོལ་ཁ་གསུམ་ཡོངས་རྫོགས་ལ་ངོས་འཛིན་བྱེད་ཀྱི་མེད་པ་རེད།
ད་ཐེངས་རྒྱ་གཞུང་གིས་བོད་ཆོལ་གསུམ་ཡོངས་རྫོགས་གླེང་དགོས་བ་འདི་ནི། གཙོ་བོ་བོད་ནང་གི་གཞི་ལུས་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོའི་སྐུ་དྲིན་དང་༢༠༠༨ ལོའི་རྗེས་སུ་དབུ་མའི་ལམ་གྱི་ཡིག་ཆ་རྒྱ་ནག་སྲིད་གཞུང་གི་མདུན་ཅོག་སྟེང་བཞག་པའི་འབྲས་བུ་ཞིག་རེད་ཅེས་བརྗོད་འདོད་པ་དེ་ཡིན།
གཉིས་པ། བོད་མིའི་སེམས་འགུགས་ཐབས།
ད་ཐེངས་ཀྱི་ཚོགས་ཐེངས་དྲུག་པའི་སྟེང་། རྒྱ་ནག་གི་སྲིད་འཛིན་ཞིན་ཅིན་ཕེན་གྱིས་༼དབུ་མའི་ལམ༽ཟེར་བའི་མིང་འདི་ཚིག་གཅིག་ཀྱང་གླེང་མི་འདུག་མོད། འོན་ཀྱང་ཁོས་བརྗོད་པའི་གཏམ་བཤད་ནི།གུང་ཁྲན་ཏང་གིས་བོད་ཐོག་བརྗོད་པའི་གཏམ་བཤད་སྔོན་མ་རྣམས་ངོ་བཤུས་རྒྱབ་སྟེ་བཤད་ཡོད་པ་ལས།གསར་བ་ཞིག་གང་ཡང་མི་འདུག་པ་མ་ཟད། ཁོས་ད་རུང་བོད་མི་ཚོའི་སེམས་ཁམས་དཔལ་འབྱོར་འཛུགས་སྐྲུན་ལ་རྟེན་ནས་འགུགས་ཐུབ་པ་བྱེད་དགོས་ཅེས་བསྐྱར་ནན་གྱིས་སྒོ་ནས་བརྗོད་འདུག་མོད། འོན་ཀྱང་ཕྱོགས་གཞན་ཞིག་ནས་ཏྰ་ལའི་རུ་ཚོགས་ལ་ཁ་གཏད་རྒྱུན་མ་ཆད་པར་རྒོལ་རྡུང་གཏོང་དགོས་ཟེར་བ་འདི་རེད།
ཞིན་ཅིན་ཕེན་གྱིས་བཤད་པའི་སྐད་ཆ་འདི་གཉིས་གོང་སྒྲིགས་ཏེ། ང་ཚོས་བསམ་གཞིགས་ཞིག་བྱས་ཚེ། སྐད་ཆ་འདི་གཉིས་ཀྱི་སྟེང་ནས་ད་རུང་གུང་ཁྲན་ཏང་གི་དབང་འཛིན་པ་ཚོས། བོད་མི་སྤྱི་བོ་གནམ་བསྟེན་ཡོངས་ཀྱི་སེམས་ཁམས་རྟོགས་ཐུབ་མེད་པ་གསལ་བོ་རེད། རྒྱུ་མཚན་ནི། གུང་ཁྲན་ཏང་གིས་༧གོང་ས༧མཆོག་ལ་རྒོལ་རྡུང་དང་ཁ་གཏད་ཅི་ཙམ་བྱས་པ་དེའི་ཚོད་ཀྱིས་བོད་མི་རྣམས་ཀྱིས་སེམས་སུ་རྨ་ཁ་བཟོས་ཏེ། ཁོང་ཁྲོ་ལངས་རྒྱུ་ལས་ཞི་འཇམ་རུ་གཏོང་ཐབས་མེད་པ་རེད།
དཔེར་མཚོན་སྟབས་བདེ་ཞིག་གི་སྒོ་ནས་བཤད་ན། ༡༩༧༩ལོར་བཙན་བྱོལ་གཞུང་གི་མི་སྣ་བོད་ནང་བལྟ་སྐོར་ཐོག་མ་བསྐྱོད་དུས། བོད་ས་ཁུལ་གྱི་བོད་མི་ཚོར་གུང་ཁྲན་གྱིས་འདི་ལྟར་སློབ་གསོ་རྒྱབ་ཡོད། རྒྱ་གར་ནས་བཙན་བྱོལ་གཞུང་གི་མི་སྣ་བལྟ་སྐོར་རུ་སླེབས་དུས། ཁྱེད་ཚོས་ཁོང་ཚོར་རྡོ་ཡིས་གཞུ་བ་དང་མཆི་ལུ་འཕེན་པ་སོགས་བྱེད་ཆོག་གི་མ་རེད། ཡིན་ཡང་ཁོང་ཚོར་ལྟད་མོ་བལྟས་ན་འགྲིག་གི་རེད་ཅེས་བལྟ་སྐོར་བ་མ་སླེབས་པའི་སྔོན་ནས་སློབ་གསོ་རྒྱབ་ཡོད།
འོན་ཀྱང་གུང་ཁྲན་ཏང་ལ་མཚོན་ནས་བཤད་ན་ཐབས་སྐྱོ་བ་ཞིག་ཡིན་ཏེ། ཨ་མདོ་རེབ་གོང་ལ་བཙན་བྱོལ་གཞུང་གི་བལྟ་སྐོར་མི་སྣ་འབྱོར་དུས། རེབ་གོང་མི་དམངས་ཀྱིས་སྟོན་ཐོག་ལེན་པའི་དུས་རེད་ཟེར།སྐབས་དེར་མི་དམངས་ཡོངས་ཀྱིས་སྟོན་ཁའི་ལས་མཚམས་བཞག་སྟེ། ཁུལ་ཐོག་ལ་འཛོམས་ནས་མི་དམངས་ཚོས་༧གོང་ས༧མཆོག་གི་སྐུའི་གཅེན་པོ་བློ་བཟང་བསམ་གཏན་ལགས། མི་དམངས་ཀྱི་གཉའ་ལ་ཁུར་ནས་སོང་པ་མ་ཟད། མི་དམངས་རྣམས་འཚང་ཁ་ཤིག་ཤིག་གིས་མཇལ་ཁ་ཞུས་པ་སོགས་བྱས་ཏེ། གུང་ཁྲན་ཏང་གི་བསམ་ཡུལ་ལས་འདས་པ་བྱུང་པས། རེབ་གོང་ནས་ལྷ་ས་ལ་དར་འཕྲིན་བཏང་བའི་ནང་། ལོ་ངོ་ཉི་ཤུ་ལྷག་གི་རིང་གུང་ཁྲན་ཏང་གིས་བཏང་པའི་སློབ་གསོ། ཆུ་ཚོད་ཁ་ཤས་ནང་འཕྲོ་བརླག་བཏང་སོང་པས། ཁྱེད་ཚོས་དེ་གར་གང་གཟབ་བྱེད་དགོས་ཞེས་བཤད་ཡོད་པ་རེད།
བལྟ་སྐོར་མི་སྣ་ལྷ་ས་འབྱོར་དུས་ཡང་། བོད་མི་ཡོངས་ཀྱིས་འཚང་ཁ་ཤིག་ཤིག་གིས་ལྕགས་དྲ་ཞིག་ཡོད་པ་དེ་ཡང་གཏོར་ནས་གཟིགས་སྐོར་མི་སྣ་ཚོར་མཇལ་འཕྲད་བྱས་ཡོད་པ་རེད། སྐབས་དེ་ནི་རྒྱ་ནག་རྒྱལ་ཡོངས་སྨྱོ་མཆོངས་ཀྱི་ལས་འགུལ་༼རིག་གནས་གསར་བརྗེ་༽ཟེར་བའི་འཇིག་སྐྲག་ཅན་གྱི་ལས་འགུལ་མཚམས་བཞག་མ་ཐག་པའི་དུས་ཞིག་རེད། ཡིན་ཡང་བོད་མི་ཚོའི་སེམས་སུ་འཇིག་སྐྲག་སྤུ་ཙམ་མེད་པར་སེམས་ཁོང་གི་སྡུག་བསྔལ་ཕྱི་རུ་བཏོན་པ་རེད། འདི་ནི། གུང་ཁྲན་ཏང་གིས་༡༩༥༩ལོ་ནས་མེ་མདའི་ཁ་ནས་དུས་རབས་ཉི་ཤུའི་ནང་བོད་མི་ཚོའི་སེམས་འགུགས་ཐུབ་མེད་པའི་རྟགས་མཚན་ཞིག་ཡིན་པ་ར་འཕྲོད་བྱེད་ཐུབ་ཡོད་པ་རེད།
འདི་ལྟར་འཇམ་རྩུབ་གཉིས་ཀྱིས་ཐོག་ནས་བོད་མི་ཚོའི་སེམས་འགུགས་ཐབས་མང་པོ་བྱས་ཏེ། དུས་རབས་ཕྱེད་ཀ་ཕྱིན་པའི་རྗེས། དུས་རབས་ཉེར་གཅིག་གི་མགོར༢༠༠༨ལོར་བོད་ཆོལ་གསུམ་ཡོངས་ནས་ས་བྱི་ལོའི་ཞི་རྒོལ་ཆེན་མོ་བྱས་ཏེ། འཛམ་གླིང་གང་སར་མིག་མཐོང་ལག་ཟིན་གྱིས་བོད་མི་ཚོའི་སེམས་ཁོང་རྟོགས་ཐུབ་ཡོད། མ་ཟད་༢༠༠༩ནས་བཟུང་། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་རང་ལུས་མེ་བསྲེག་གི་ཞི་རྒོལ་བྱས་པ་དང་མཉམ་དུ། བོད་མི་ཚོའི་སེམས་ཁོང་གི་མངོན་འདོད་དངོས་གང་ཡིན་གསལ་བོར་ཞལ་ཆེམས་དང་། མེ་བསྲེགས་ཀྱི་མཉམ་དུ་སྐད་འབོད་ཀྱི་འབོད་ཚིག་ནི། ༧གོང་ས༧མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་འབོད་ཚིག་མེ་ལྕེ་ཡི་ཀློང་ནས་དཔའ་ངར་ཞུམ་མེད་ཀྱིས་བསྒྲགས་པ་རེད། གནས་སྟངས་འདི་ཁོ་ནས་ཀྱང་བོད་མི་ཚོའི་སེམས་དེ་དངུལ་གྱིས་འགུགས་ཐབས་མེད་པ་གསལ་བོར་བསྟན་ཡོད། རྒྱུ་མཚན་འདི་ལ་རྟེན་གུང་ཁྲན་ཏང་གིས་ཤེས་དགོས་པ་ཞིག་ནི། བོད་མི་རིགས་ནི་འཇིག་རྟེན་འདིའི་ལྟོ་གོས་ཁོ་ནའི་ཆེད་དོན་དུ་གཉེར་མཁན་ཞིག་མ་ཡིན་པ་དེ་ཤེས་དགོས་པ་རེད།
འོན་ཀྱང་གུང་ཁྲན་ཏང་གིས་བོད་རིགས་ཉུང་ཤོས་ཞིག་གི་སེམས་དངུལ་གྱིས་བཀུགས་ཡོད་པ་རེད། དེ་ཚོ་དེང་སང་མངོན་སུམ་དོད་པོས་༧གོང་ས༧མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁ་གཏད་ལང་སྟེ། ཡོ་རུབ་དང་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་འགའི་ནང་ཡོད། དེ་ཚོ་ནི་གཞན་ཞིག་མ་ཡིན་པར་༼ཤུགས་ལྡན་༽ཚོགས་པ་དེ་ཚོ་རེད། འདི་ཚོའི་གྲལ་གྱིས་དངུལ་མཐོང་ཚེ། དུར་ཁྲོད་ནས་རོ་ལང་རྒྱག་གི་ཡིན་ཟེར་མཁན་རྐྱང་ཡིན་སྟབས། གནས་སྐབས་རིང་གུང་ཁྲན་ཏང་གིས་ཀྱང་ཆབ་སྲིད་ཀྱི་འུར་རྡོ་བྱས་ཏེ། བོད་མིའི་ཆིག་སྒྲིལ་གྱི་ནུས་པ་ཁ་འཐོར་གཏོང་ཆེད་བེད་སྤྱོད་བྱེད་བཞིན་ཡོད་པ་གསལ་བོ་ཡིན།
གསུམ་པ།
གུང་ཁྲན་ཏང་གིས་བོད་རིགས་གཙོ་བྱས་ཏེ།གྲངས་ཉུང་མི་རིགས་ཀྱི་སེམས་ཁམས་གཅིག་འགྲིལ་བྱེད་རྒྱུ་ཕར་ཞོག ཐ་ན་རྒྱ་ནག་མི་རིགས་ཀྱི་སེམས་ཁམས་ཡང་གཅིག་འགྲིལ་ཡོང་ཐུབ་ཡོད་དམ། གུང་ཁྲན་ཏང་གིས་རྒྱ་ནག་མི་རིགས་ཀྱི་སེམས་ཁམས་ཀྱང་འགུགས་ཐུབ་མེད། མའོ་ཙེ་ཏུང་གིས་ཀྲུང་ཧྭ་མི་རིགས་ཡོངས་ཀྱི་སེམས་སུ་སྡུག་བསྔལ་ཅི་འདྲ་ཞིག་སྤྲད་ཡོད་པ་འཛམ་གླིང་གིས་ཤེས་པ་མ་ཟད། དེ་རིང་གི་སྲིད་འཛིན་ཞིན་ཅིན་ཕེན་གྱི་ཕ་རྒན་གྱིས་ཀྱང་ཁོའི་བུ་ལ་གསལ་བོར་བཤད་ཡོད་པས་འདིར་འབྲི་མི་དགོས་པ་ཞིག་རེད།
ཏིན་ཞའོ་ཕེན་གྱི་སྐབས་སུ་རྒྱ་ནག་མི་རིགས་ཀྱི་སེམས་ཁམས་འགུགས་ཐུབ་ཡོད་མེད་ཡང་། ༡༩༨༩ལོའི་དྲུག་བཞིའི་དོན་རྐྱེན་གྱིས་ར་སྤྲོད་དང་པོ་བྱས་ཡོད་པ་རེད། ཅང་ཙེ་མེན་གྱི་སྐབས་སུ། ཆོས་འཁོར་སྒོམ་སྒྲུབ་པ་ཚོ་དང་དེའི་རྗེས་འཇུག་པ་ཚོའི་སེམས་སུ་རྨ་ཁ་ཆེན་པོ་བཟོས་སྟབས། དེ་རིང་ཡང་ཅང་གི་སྙིང་ལ་གྲི་བཙགས་བྱེད་འདོད་ཀྱིས་འཛམ་གླིང་གང་སར་ངོ་རྒོལ་བྱེད་བཞིན་ཡོད་པ་དེས་གུང་ཁྲན་ཏང་གིས་རྒྱ་ནག་མི་རིགས་ཀྱི་སེམས་ཁམས་ཡང་འགུགས་ཐུབ་མེད་པའི་ར་སྤྲོད་གཉིས་པ་དེ་རེད། ཧོའུ་ཅིན་ཐའོ་ཡི་སྐབས་སུ། གོང་དུ་བཤད་མ་ཐག་པ་བཞིན་བོད་མི་ཚོའི་སེམས་འགུགས་ཐུབ་མེད་པ་མ་ཟད།༢༠༠༩ལོའི་ཕྱི་༧ཚེས་དགུ་ཉིན་ཡུ་གུར་པ་ཚོས་ཀྱང་སེམས་ཁོང་གི་སྡུག་བསྔལ་ཕྱི་རུ་བཏོན་སྟེ། ངོ་རྒོལ་བྱས་སྐབས་གུང་ཁྲན་ཏང་གིས་དམར་གསོད་བཏང་ཡོད་པས་། དེང་སང་ཡང་གཅིག་རྗེས་གཉིས་མཐུད་ཀྱིས་ངོ་རྒོལ་བྱེད་བཞིན་ཡོད་པ་འདིས་མི་རིགས་དབྱེར་མེད་ཀྱི་སེམས་ཁམས་གུང་ཁྲན་ཏང་གིས་འགུགས་ཐུབ་མེད་པའི་ར་སྤྲོད་བཞི་བ་དེ་རེད།
ཞིན་ཅིན་ཕེན་ཁོ་རང་སྲིད་འཛིན་ལ་བསྡད་པ་ནས་བཟུང་། པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེ་ཡི་མདུན་ཐང་ནས་རྒྱ་རིགས་མང་པོ་ཞིག་གིས་འུ་ཐུག་སྟེ། ལུད་སྨན་དང་དུག་སྨན་འཐུང་ནས་རང་ཤི་རྒྱབ་ཡོད་། དེའི་རིགས་ནི་ཐེངས་གཅིག་མ་ཡིན་པར་ཐེངས་འགར་བྱུང་ཡོད་པ་དང་། ད་རུང་རྒྱལ་ནང་རང་ནས་རང་ལུས་མེ་བསྲེགས་བཏང་ཡོད་པ་ཡང་རྒྱ་རིགས་མི་ཉུང་པ་ཞིག་བྱུང་ཡོད། ད་ལོའི་ཕྱི་ཟླ་༦དང་༧ནང་རྒྱ་ནག་གི་ལྷོ་རྒྱུད་ཧེ་ནན་ཞིང་ཆེན་དུ། རྒྱ་རིགས་སྟོང་ཕྲག་མང་པོ་འཛོམས་ཏེ་སྲིད་གཞུང་ལ་ངོ་རྒོལ་བྱས་ཡོད་ལ། ད་རུང་ད་ལོའི་ཕྱི་ཟླ་༥བའི་སི་ཁྲོན་ཞིང་ཆེན་གྱི་ལིན་ཧྲིན་རྫོང་ཐོག་ཏུ་རྒྱ་རིགས་ཁྲི་༣ལྷག་འཛོམས་ཏེ་ངོ་རྒོལ་བྱས་པ་ལ། ཉེན་རྟོག་པས་མི་དམངས་གཉོམ་ཆུང་ལ་གཅར་རྡུང་ཚད་མེད་བཏང་བ་འཛམ་གླིང་གི་དྲ་ཐོག་ཏུ་གསལ་གསལ་ཐང་ཐང་ཡོད་པ་དེས་རྒྱ་ནག་མི་རིགས་ཀྱི་བློ་སེམས་ཡང་། གུང་ཁྲན་ཏང་གིས་འགུགས་ཐུབ་མེད་པའི་ར་སྤྲོད་ལྔ་བ་དེ་རེད།
མ་ཟད་ད་རུང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ། ཕུའུ་ཀྲུ་ཆིང་གིས་༢༠༡༣ལོའི་ཕྱི་ཟླ་༣ཚེས་༡༦ཉིན་རྒྱ་ནག་གུང་ཁྲན་ཏང་གི་སྒྲིགའཛུགས་ནི། ནག་ཚོགས་ཞིག་ཡིན་ཞེས་ཞིས་ཨན་གྱི་སློབ་ཆེན་ཞིག་ཏུ་དགེ་སློབ་གཉིས་ལ་གཏམ་བཤད་བྱས་ཡོད་པ་རེད། རྒྱ་ནག་གི་ཁྲིམས་རྩོད་པ་ཁོང་གིས་བརྗོད་པ་བཞིན་ནག་ཚོགས་ཀྱི་སྒྲིགས་འཛུགས་ཅན་ཞིག་གིས་མི་སེམས་འགུགས་ཐུབ་ཚེ། མི་དེ་ཡང་ནག་ཚོགས་ལ་དགའ་ཞིང་། དྲང་བདེན་དང་མི་དམངས་ཀྱི་བདེ་སྡུག་མི་བསམ་མཁན་ཞིག་ཡིན་པ་ར་སྤྲོད་གསལ་བོར་བྱེད་ཐུབ་པས། ནག་ཚོགས་ཀྱི་སྒྲིགས་འཛུགས་ཀྱི་སྲིད་གཞུང་ཞིག་གིས་བོད་མི་ཚོའི་སེམས་འདས་བའི་དུས་སུ་ཡང་འགུགས་ཐུབ་མེད་ལ། ད་ལྟ་ཡང་འགུགས་ཐུབ་མེད་པ་དང་མ་འོངས་པ་འགུགས་ཐུབ་ཀྱི་མ་རེད།
གལ་སྲིད་བོད་མི་ཚོའི་སེམས་འགུགས་འདོད་ན། བོད་རྒྱ་གྲོས་མོལ་གྱི་ལམ་ལ་འབྲས་བུ་ཡོད་པ་ཞིག་བྱས་ཏེ། ༧གོང་༧མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་ཚེ། ད་གཟོད་བོད་མི་ཚོའི་སེམས་རང་བཞིན་གྱིས་འཁོར་ཐུབ་ཀྱི་རེད།
༣༠/༨/༢༠༡༥ ལོར་ཡོ་རུབ་ནས་བྲིས།
ནམ་མཁའ་ལགས། སྤྱིའི་ཆ་ནས་ཁ་བརྡ་ཐོག་ཏུ་རྩོམ་ཡིག་སྤེལ་མཁན་ཚོའི་གྲལ་ནས་ཁྱོད་ལ་རིན་ཐང་འདྲ་ཏོག་ཙམ་སྤྲད་མྱངས་ཡོད། ཡིན་ཀྱང་དེ་རིང་འདི་ནས་སྐད་ཆ་ཚིག་གསུམ་མི་བཤད་ཀ་མེད་རེད།
ཁྱོད་ཀྱིས་་་་་《ད་ཐེངས་ཀྱི་ཚོགས་ཐེངས་དྲུག་པ་གྲོལ་རྗེས་སུ།འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྐལ་བཟང་མིང་ཅན་གྱིས་རྩོམ་ཐུང་ཞིག་སྤེལ་བའི་ནང་༼ལྷ་ས་བོད་རང་སྐྱོང་ལྗོངས་དང་ཀན་སུའུ་སི་ཁྲོན་མཚོ་སྔོན༽བཅས་བོད་ཆོལ་ཁ་གསུམ་ཡོངས་རྫོགས་གླེང་ཡོད་པ་རེད། ཕྲན་གྱི་བསམ་ཚུལ་ལ། འདི་ལྟར་གླེང་དགོས་བའི་རྒྱུ་རྐྱེན་དེ་གང་ནས་བྱུང་བ་ཡིན་ཟེར་ན།འདི་ནི་ས་བྱི་ལོའི་ཞི་རྒོལ་ཆེན་མོ་བྱུང་བ་དང་མདོ་སྟོད་སྨད་ཁུལ་ནས་རང་ལུས་མེ་བསྲེགས་ཀྱི་ངོ་རྒོལ་གནང་བའི་འབྲས་བུ་ཞིག་རེད་སྙམ་ཡོད།དེ་མིན་དེའི་ཡར་སྔོན་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ཀྱི་བོད་མ་གཏོགས།རྒྱ་གཞུང་གིས་བོད་དོན་གླེང་དུས།བོད་མི་རིགས་འདུས་སྡོད་ཀྱི་ས་ཁུལ་ཆོལ་ཁ་གསུམ་ཡོངས་རྫོགས་ལ་ངོས་འཛིན་བྱེད་ཀྱི་མེད་པ་རེད།》་་་ཅེས་བཤད་འདུག
༡་་་་པུའུ་ཞེས་པའི་མི་ཚིག་འདི་བེད་སྤྱོད་མ་གཏོང་ཟེར་ནས་དགའ་ལྡན་ཕོ་བྲང་གིས་གསར་བསྒྲགས་ཤིག་ཀྱང་བྱས་སོང་། རྒྱུ་མཚན་ཀྱང་ཡོད་པར་གསལ་པོ་ཡིན་དུས་་་ལག་བསྟར་ཐུབ་ན་ཡག་པོ་རེད་བསམས་ཀྱི་ཡོད།
༢་་་་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་མིན་པའི་བོད་ཀྱི་ས་ཁུལ་ཞིག་ཡོད་མདོག་མདོག་གི་སྐད་ཆ་བཤད་ཀྱི་ཡོད་པ་འདིར་ཁས་ལེན་ཐུབ་ཐབས་མེད་ལ་་་་མི་ལོ་བཞི་བརྒྱའི་རིང་གི་ལོ་རྒྱུས་ཡོད་པའི་དགའ་ལྡན་ཕོ་བྲང་པའི་དུས་སྐབས་ལ་བསམས་ན་དགའ་ལྡན་ཕོ་བྲང་གིས་བོད་ཆེན་པོའི་ས་ཆ་ཡོངས་རྫོགས་ལ་དབང་སྒྱུར་བྱས་མྱངས་ཡོད་ལ་ཁྲལ་སྡུད་དང་ཁྲིམས་གནོན་བྱས་མྱངས་ཡོད།
དགའ་ལྡན་ལྡན་ཕོ་བྲང་གི་སྐབས་སུ་ཕྱི་རྒྱལ་བཙན་འཛུལ་བས་བོད་ཀྱི་ས་ཁུལ་མང་པོ་བཙན་འཕྲོག་བཟོས་པ་བདེན་པ་རེད། ཡིན་ཀྱང་ས་ཁུལ་དེ་དག་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ཡིན། དཔྱོད་རྩོམ་འབྲི་དུས་ཞིབ་ཆ་ཆེ་ཙམ་ཡོང་བའི་རེ་བ་ཡོད།
དེ་རིང་ཅོ་ཉིས་གནད་འགག་ཅན་ཞིག་གསུང་འདུག རྩོམ་ཀློག་དུས་གལ་གནད་བཙལ་ཡ་གལ་ཆེན་རེད།
བོད་སེམས་སྒོར་མོས་ཉོ་ན་འདོད་ཀྱི་འདུག་ ཡིན་ཡང་དེས་བཀུགས་དཀའ་རྒྱུ་རེད།
སྐུ་ཞབས་ཅོ་རི་ལགས་ཁམས་བཟང་།སྐུ་དུས་རྒྱུན་ཕེབས་པར་བཀའ་དྲིན་ཆེ། ལྷག་པར་དུ་དེ་རིང་འདིར་ཚིག་སྐྱོན་སོགས་ཐེར་འདོན་གནང་བ་དེ་བས་ཀྱང་དགའ་སོང་། འདི་ནི་ཤེས་ཡོན་ཅན་ཞིག་གི་རྟགས་མཚན་རེད།
༼པུའུ༽ཟེར་བ་དང་ཆིས་ཟེར་བ་ཧྲི་ཟེར་བ་འདྲ་བོ་འདི་འདྲའི་རིགས་འདི་ངན་པ་རྒྱུན་འཇམས་སུ་ཕྱིན་འདུག་པས་ཁྱེད་དང་ཀློག་མཁན་ཚོ་དགོངས་འགལ་མེད་པར་ཞུ། དེ་མིན་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་དེ་འབྲི་ཆུ་ཡར་བརྒལ་མར་བརྒལ་གྱི་མཚམས་ལ་རྙོག་གླེང་ཞིག་ཡོད་པ་དེ་རེད། གུས་པས་ཀྱང་འདི་འབྲི་དུས་མཁས་དབང་མཁར་རྨེའུ་བསམ་གཏན་སོགས་ཀྱི་མཁས་པ་འགའི་དཔྱད་རྩོམ་དེ་ཡིད་ལ་དྲན་སོང་མོད། འོན་ཀྱང་གསལ་གསལ་ཐང་ཐང་ཞིག་ཡིད་ལ་མ་དྲན་པས་ནོར་འཁྲུལ་ཤོར་ཡོད་སྲིད་པས།དྲ་གྲོགས་ལོ་རྒྱུས་སྨྲ་བ་ཚོར་དགོངས་འགལ་མེད་པར་ཞུ་རྒྱུ་ཡིན།