བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག
ཉེ་ཆར་རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་རྒྱ་གར་ནང་འཚམས་འདྲིར་སླེབས་པའི་སྔོན་གྱི་ཕྱི་ཟླ་ ༡༢ ཚེས་ ༡༣ ཉིན་རྒྱ་ནག་གཞུང་གཞུང་ཚབ་པ་ཀྲང་ཡན་གྱིས་རྒྱ་གར་དང་རྒྱ་ནག་དབར་གྱི་ཕྱི་འབྲེལ་འབྲེལ་བ་སྐྱོ་པོ་ཡིན་ལུགས་བཤད་ཡོད་ཀྱང་། ཕྱི་ཚེས་ ༡༥ ཉིན་དངོས་སུ་རྒྱ་གར་ནང་སླེབས་པའི་རྒྱ་ནག་གི་སྲིད་བློན་ཝུན་ཅཱ་བའོ་ཡིས་རྒྱ་གར་དང་རྒྱ་གར་གཉིས་ཕན་ཚུན་འགྲན་རྩོད་ཀྱི་འབྲེལ་བ་མ་ཡིན་པར་སླད་ཕྱིན་ཕན་ཚུན་མཉམ་ལས་དང་ཚོང་འབྲེལ་གྱི་མཚོན་པའི་མཛའ་བརྩེའི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་བར་སྟོང་ཡོད་ཚུལ་ནན་བཤད་བྱས་འདུག འོན་ཀྱང་། རྒྱ་གར་ཕྱོགས་ནས་ད་རེས་སྲིད་བློན་ཝུན་ཅཱ་པའོ་དང་མཉམ་དུ་གྲོས་མོལ་བྱེད་སྐབས་དེ་སྔོན་དང་མི་འདྲ་བར་བོད་དང་ཐེ་ཝན་གཉིས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་སྐོར་གསལ་སྟོན་མ་བྱས་པའི་ལངས་ཕྱོགས་གྱོང་པོ་ཞིག་ཟིན་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་ ༡༡ ནང་རྒྱ་གར་ནང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་སླེབས་སྐབས་ཨ་རི་དང་རྒྱ་གར་བར་ཨ་རིའི་ཌོ་ལར་དུང་ཕྱུར་བརྒྱ་ཐམ་པའི་ཚོང་འབྲེལ་གྱི་གན་རྒྱ་བཞག་ཡོད་ཀྱང་། ད་རེས་རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་ཡིས་རྒྱ་གར་དང་ཚོང་འབྲེལ་དབར་ཨ་རིའི་ཌོ་ལར་དུང་ཕྱུར་ ༡༦༠ གན་རྒྱ་བཞག་ཏེ། ཨ་རི་དང་ཕ་རན་སི། རཤི་ཡ་སོགས་ལས་དངུལ་འབོར་ཆེ་བའི་ཚོང་འབྲེལ་གྱི་གན་རྒྱ་ཆེ་བ་བཞག་པ་དེས། རྒྱ་དཀར་ནག་གཉིས་མཛའ་བརྩེའི་འབྲེལ་ལམ་གོང་འཕེལ་ཕྱིན་ཡོད་ཚུལ་རྒྱ་ནག་གཞུང་ངོས་ནས་བཤད་ཡོད་ཀྱང་། དོན་དུ་ད་རེས་རྒྱ་གར་ཕྱོགས་ནས་རྒྱ་ནག་གཞུང་གིས་ཐེངས་མང་རེ་བ་ཆེན་པོ་བྱས་པའི་བོད་དང་ཐེ་ཝན་གཉིས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་ལུགས་ཀྱི་ལངས་ཕྱོགས་གསལ་སྟོན་རྩ་བ་ནས་བྱས་མེད་ལ། རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་ཀྱི་གནད་དོན་ཟེར་བའི་སྐོར་ལའང་མུ་མཐུད་གྲོས་མོལ་བྱ་རྒྱུར་བཞག་པ་ལས་གྲུབ་འབྲས་གང་ཡང་ཐོན་མེད། རྒྱ་ནག་གི་སྲིད་བློན་ནས་ཀྱང་རྒྱ་དཀར་གྱི་ཕྱོགས་ནས་རེ་སྒུག་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་གྱི་རྐུབ་སྟེགས་འཐོབ་རྒྱུར་རྒྱ་ནག་གཞུང་གི་རྒྱབ་སྐྱོར་བྱ་རྒྱུ་ཁས་ལེན་བྱས་མེད་ཅིང་། ལྷག་དོན་སྔ་ལོ་པ་ཀི་སི་ཐན་གྱིས་རྒྱལ་མཚམས་ནས་འཇིགས་སྐུལ་རིང་ལུགས་པ་ཡོང་སྟེ་རྒྱ་གར་གྱི་ཚོང་འབྲེལ་ལྟེ་གནས་སྦོམ་པེར་གྱི་སྐར་མ་ལྔ་ཅན་གྱི་མགྲོན་ཁང་འབར་རྫས་ཀྱི་གཏོར་བཤིག་དང་མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་ལ་རྒྱ་ནག་གཞུང་གི་སྐྱོན་བརྗོད་ཚིག་གཅིག་ཀྱང་མ་བྱས་པར་ད་དུང་སྲིད་བློན་ཝུན་ཅཱ་པའོ་པ་ཀི་སི་ཐན་དུ་འཚམས་འདྲིར་བསྐྱོད་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྲ་བརྟན་འགྱུར་མེད་དུ་གནས་རྒྱུ་ནན་བརྗོད་བྱས་ཡོད་པ་རེད།
དེ་ལྟར་ན། ད་རེས་རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་རྒྱ་གར་ནང་འཚམས་འདྲིར་ཡོང་དགོས་དོན་གྱི་དམིགས་ཡུལ་གཙོ་བོ་དེ་གང་ཡིན་ནམ་ཞེས་པའི་དྲི་བ་དེ་རེད། རྒྱ་ནག་དང་རྒྱ་གར་གཉིས་དེང་འཛམ་གླིང་ནང་དཔལ་འབྱོར་ཐད་འཕེལ་རྒྱས་འགྲོ་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་འབོར་མང་ཤོས་དང་རྒྱལ་སྤྱིའི་འབྲེལ་བའི་ནང་ཕྱོགས་གཉིས་ཁར་གཞི་རྒྱ་ཆེ་བའི་ཐོུང་གི་ཁེ་ཕན་ལྡན་ཡོད་པས། རྒྱ་དཀར་ནག་གཉིས་ཀྱི་ཚོང་འབྲེལ་གྱི་འབྲེལ་བ་གཏིང་ཟབ་ཏུ་ཕྱིན་ཡོད་པ་དེས་ཕྱོགས་གཉིས་ཀྱི་ཆབ་སྲིད་ཁྱབ་ཁོངས་ནང་གི་ཕན་ཚུན་ཡིད་ཆེས་ཀྱང་ཟབ་ཏུ་གཏོང་དགོས་པ་ནི་སྨྲ་མི་དགོས་པ་རེད། ཉེ་བའི་ལོ་ཤས་ནང་རྒྱ་གར་གཞུང་གི་རྒྱལ་སྤྱིའི་ནང་གི་ཕྱི་འབྲེལ་འབྲེལ་བ་ནི་ཕྱོགས་གང་ས་ནས་ཡིན་པ་སྟེ། ཧུར་བརྩོན་ངང་ཨ་རི་དང་། ཕ་རན་སེ། དབྱིན་ཇི། འཇར་པན། ར་ཤི་ཡ་སོགས་སྟོབས་ཆེན་རྒྱལ་ཁབ་ཆེ་ཁག་དང་འབྲེལ་བ་བཙུགས་ཏེ། རྒྱལ་ཁབ་སུ་ལའང་དོ་ཕོགས་མི་བཏང་བར་སོ་སོར་ཁེ་བཟང་རགས་ཐབས་བྱས་པ་དེས་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུར་རྒྱ་ནག་ལས་ལྷག་པའི་རྒྱལ་སྤྱིའི་ཁོར་ཡུག་ལྡན་ཡོད། ད་རེས་རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་རྒྱ་གར་ནས་འཚམས་འདྲིར་ཡོང་དགོས་དོན་གཅིག་ནི། རྒྱ་གར་རྒྱལ་ཁབ་འདི་དམག་དོན་གྱི་ཐབས་ཇུས་ངོས་ནས་བཤད་ན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་འཁྱོངས་ཡོང་བ་བྱས་ཏེ། རྒྱ་གར་དང་ཨ་རི་འཇར་པན་སོགས་དང་ཉེ་པོ་བྱ་རྒྱུར་སྔོན་འགོག་བྱ་རྒྱུ་དེ་རེད། གང་ཡིན་ཞེ་ན། ཨ་རི་དང་འཇར་པན་གྱིས་མཐའ་གཅིག་ཏུ་རྒྱ་གར་ཁོང་ཚོའི་ཕྱོགས་སུ་བསླུ་བྲིད་བྱས་ཏེ་རྒྱ་ནག་ལ་ཚོད་འཛིན་བྱ་རྒྱུའི་རེ་བ་བཅངས་ཀྱི་ཡོད་ཀྱང་། རྒྱ་གར་ཕྱོགས་ནས་བློ་རིག་ལྡན་པའི་ལངས་ཕྱོགས་བཟུང་ནས་མཚམས་རེ་ཨ་རི་དང་། འཇར་པན་ལ་ཉེ་པོ་བྱེད་པ་དང་། ཡང་མཚམས་རེ་སོ་སོའི་ཁེ་ཕན་གྱི་ཆེད་རང་ཚུགས་ཀྱིས་ཕྱི་འབྲེལ་སྲིད་ཇུས་བཟུང་གི་ཡོད་པ་རེད།
ཉེ་བའི་འཆར་ཀོ་རི་ཡ་ལྷོ་བྱང་གཉིས་མེ་སྒྱོགས་རྒྱག་རེས་བྱས་པའི་གནད་དོན་ལྷག་རྗེས། ཨ་རི་དང་འཇར་པན། ལྷོ་ཀོ་རི་ཡང་བཅས་གསུམ་ལས་གྲུབ་པའི་ཟུར་གསུམ་གྱི་དམག་དོན་མནའ་མཐུན་ཞིག་ཆགས་ཡོང་སྐབས། ཨ་རི་དང་འཇར་པན་ལྷོ་ཀོ་རི་ཡ་གསུམ་གྱིས་རྒྱ་གར་ཁོང་ཚོའི་ཕྱོགས་སུ་བསླུ་བྲིད་བྱེད་ཐུབ་ཚེ། ཤར་ཨེ་ཤ་ཡ་དང་བྱང་ཨེ་ཤ་ཡ་གཉིས་ཟུང་སྦྲེལ་གྱིས་རྒྱ་ནག་མཐའ་བསྐོར་ནས་ཚོད་འཛིན་བྱས་པའི་རྣམ་པ་ཞིག་བསྒྲུབ་ཀྱི་ཡོད་སྟབས། གནས་བབ་དེ་རྒྱ་ནག་ལ་ཧ་ཅང་གནོད་སྐྱོན་ཆེ་བར་བརྟེན། ད་ལྟའི་རྒྱ་ནག་གཞུང་གི་ཕྱི་འབྲེལ་གྱི་གཙོ་གནད་དེ་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་འབྲེལ་བ་ཡག་པོ་བཟོ་རྒྱུ་དེ་རེད། ཨ་རི་དང་འཇར་པན་གྱིས་རྒྱལ་ཁབ་མང་པོ་དང་མནའ་མཐུན་བཟོས་ཏེ་རྒྱ་ནག་གི་མཐའ་སྐོར་དུ་དམག་དོན་གྱི་ཐོག་ནས་རྒྱ་ནག་མཐའ་སྐོར་བའི་དམག་ཇུས་གཏིང་གི་ཡོད་སྟབས། ད་རེས་རྒྱ་ནག་གི་སྲིད་བློན་ཝུན་ཅཱ་བའོ་ཡིས་རྒྱ་གར་དུ་འཚམས་འདྲི་ཡོང་སྐབས་ཚོང་འབྲེལ་ཁ་ལ་འཁྱེར་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་བཏང་རྒྱུའི་བརྡ་ལན་ཞིག་སྤྲད་ཡོད།
བརྡ་ལན་དེ་ག་རེ་རེད་ཅེ་ན། ཁོ་བོའི་ལྟ་ཚུལ་ལ། ད་རེས་རྒྱ་ནག་གི་བྱང་དངོས་སུ་ཡོད་པའི་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་དམག་འཁྲུག་གློ་བུར་ལངས་སྲིད་པའི་ཛ་དྲག་གི་གནས་ཚུལ་བྱུང་བའི་དབང་དུ་བཏང་ཡང་། ད་བར་རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་ཐོན་པའི་ནང་། རྒྱ་ནག་གཞུང་གིས་དུས་ད་ལྟ་བར་དམག་དཔུང་གཏང་སྟེ་བྱང་ཀོ་རི་ཡར་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་གང་ཡང་བྱས་མེད། འོན་སྟེ་གལ་སྲིད་ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་མཚན་མོ་ཞིག་ནང་ལངས་པ་ཡིན་ན། རྒྱ་ནག་གི་དྲ་རྒྱའི་ནང་རི་བོང་ཅལ་འདྲོགས་ལྟར་དོན་མེད་སེམས་ཁྲལ་བྱེད་མཁན་ཚོས་བསམ་ཚུལ་གླེང་པ་ལྟར་རྒྱ་ནག་གཞུང་གི་སོ་སོའི་དཀའ་སྡུག་གཅིག་པའི་སྤུན་གྲོགས་བྱང་ཀོ་རི་ཡར་རྒྱ་ནག་གི་དམག་དཔུང་གཏང་སྟེ་རོགས་པ་བྱེད་དགོས་བསམ་ཡང་། རྒྱ་ནག་ལྷོ་ནུབ་མཐའ་མཚམས་སུ་རྒྱ་གར་གྱི་དམག་དཔུང་ཁྱོན་ཆེ་གསོག་འཇོག་བྱས་པ་མཐོང་དུས། རྒྱ་གར་ཕྱོགས་ནས་རྒྱ་ནག་གི་དམག་དཔུང་བྱང་ཀོ་རི་ཡར་དམག་སྣོན་དུ་བསྐྱོད་པའི་གོ་སྐབས་བཟང་པོ་དེ་ཟིན་ནས་རྒྱ་དཀར་ནག་གཉིས་རྩོད་གཞི་ཡོད་པའི་ས་ཁུལ་རྣམས་འཕྲོག་ལེན་བྱེད་སྲིད་པའི་ཉེན་ཁ་མཐོང་སྟེ། རྒྱ་ནག་གཞུང་གིས་སོ་སོའི་རྒྱབ་ཕྱོགས་སུ་མེ་ཤོར་བའི་ཉེན་ཁ་བྱུང་སྐབས། བྱང་ཀོ་རི་ཡར་དམག་དཔུང་རྒྱབ་སྣོན་དུ་གཏོང་ག་ནས་ནུས་སམ། རྒྱུ་མཚན་དེ་དག་ལ་བརྟེན། ད་རེས་རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་རྒྱ་གར་ནང་འཚམས་འདྲིར་ཡོང་ནས་ཨ་རིའི་ཌོ་ལར་དུང་ཕྱུར་ ༡༦༠ ལྷག་གི་ཚོང་འབྲེལ་གན་རྒྱ་བཞག་དགོས་དོན་འདི་ཡིན་པས། རྒྱ་གར་དང་རྒྱ་ནག་གི་མཐའ་མཚམས་སུ་རྙོག་ཟིང་མ་ལངས་ན་རྒྱ་ནག་གཞུང་གིས་ལྷོ་བྱང་ཀོ་རི་ཡའི་གནས་ཚུལ་ཚབས་ཆེ་རུ་འགྲོ་སྐབས་རྒྱ་ནག་གཞུང་གིས་བློ་བདེ་བག་ཕེབས་ངང་ར་ཤི་ཡ་དང་ཁ་མཐུན་བྱས་ཏེ། དེ་སྔོན་ལྟར་བྱང་ཀོ་རི་ཡར་དམག་དཔུང་བཏང་སྟེ་ཨ་རི་དང་ལྷོ་ཀོ་རི་ཡ་འཇར་པན་བཅས་ཀྱིས་བྱང་ཀོ་རི་ཡ་རྩ་མེད་བཟོ་རྒྱུར་བཀག་སྡོམས་བྱ་རྒྱུ་དེ་མིན་ནམ་སྙམ། རྒྱུ་མཚན་ནི། རྒྱ་ནག་གཞུང་གིས་ག་དུས་ཡིན་འང་དཔལ་འབྱོར་ལས་དམག་དོན་དང་བསམ་བློའི་འདུ་ཤེས་འཛིན་སྟངས་གལ་ཆེ་བ་འཛིན་གྱི་ཡོད།
རྒྱ་ནག་གི་སྲིད་བློན་ཝུན་ཅཱ་བའོ་རྒྱ་གར་ནང་འཚམས་འདྲི་འབྱོར་སྐབས་བོད་མི་བཙན་བྱོལ་བ་བརྒྱ་སྐོར་གཅིག་གིས་ཁྲོམ་གཞུང་དུ་བསྐྱོད་དེ་ངོ་རྒོལ་བྱས་པ་དང་ཆབས་ཅིག་རྒྱ་དཀར་ནག་གཉིས་ལ་མཐའ་མཚམས་ཀྱི་རྩོད་རྙོག་མེད། བོད་དང་རྒྱ་གར་གྱི་མཐའ་མཚམས་གནད་དོན་ལྷག་ཡོད་པས་རྒྱ་གར་གཞུང་གི་ད་རེས་གོ་སྐབས་དམ་འཛིན་གྱིས་བོད་དོན་གླེང་དགོས་པའི་རེ་སྐུལ་བྱས་ཡོད་པ་རེད།
ཁ་ཐུག་བཤད་ན་རྒྱ་ནག་གིས་མེ་མདའ་མེད་པའི་འཛམ་གླིང་འཁྲུག་ཆེན་གསུམ་པ་སྟེ་དཔལ་འབྱོར་གྱི་དམག་འཁྲུག་བརྒྱབ་སྟེ་ཨ་རིས་གཙོས་པའི་འཛམ་གླིང་ཡོངས་ལ་དབང་སྒྱུར་བྱས་ཚར་གྲབ་ཡོད་པ་རེད་ལ། རྒྱ་གར་ནི་རྒྱ་ནག་གིས་ཆེས་མཐའ་མཇུག་བར་དུ་བཞག་པའི་གསོལ་སྟོན་ཞིམ་ཤོས་དེ་རེད། མཐའ་མཇུག་གི་གསོལ་སྟོན་འདིའི་སྟེང་ནས་རྒྱ་ནག་གིས་རྒྱ་གར་དེ་ཟ་མ་ལྟར་བཟའ་ངེས་ཤིང་སྐྱག་པ་ལྟར་འདོར་ཡང་སྲིད་པ་ཞིག་རེད། འཛམ་གླིང་གཅིག་གྱུར་ཅན་ཟེར་ན་མི་ཤེས་ཏེ་འཛམ་གླིང་རྒྱ་ནག་ཅན་དུ་བསྒྱུར་ཚར་གྲབ་ཡོད་པ་རེད། ང་ཚོ་སྙིང་རྗེ། དུས་སྐབས་འདི་འདྲ་ཞིག་ལ་ཡོན་ཏན་ཡོད་ན་ཉམས་མྱོང་མེད་ཅིང་ཉམས་མྱོང་ཡོད་ན་ཡོན་ཏན་མེད་པའི་བཀའ་བློན་ཁྲི་བ་མིག་གཅིག་མ་ཞིག་ལ་རེ་བ་ཡོད་ཚད་བཅོལ་ནས་དེའི་དོན་དུ་སྤུན་ཟླ་ནང་འཁྲུག་ཚུན་ཆུད་རྒྱག་གྲབ་ཡོད་པ་རེད།
དམིགས་ཡུལ་གཅིག་བུ་ཚོང་ངོན་གཉེར་ནས་རྒྱ་གར་དང་འབྲེལ་བ་འཛུགས་རྒྱུ་རེད་དེ་རེད། དེ་ལས་ལྷག་གི་གནད་དོན་ཞིག་རྒྱ་ནག་ཡོད་ཀྱང་ནུས་བ་མེད། མེད་པ་ཤེས་བཞིན་དུ་རྒྱ་གར་དུ་ཡོད་མདོག་མདོག་གིས་ཡོང་བ་རེད།
ད་ལྟའི་འཆར་རྒྱ་གར་དང་ཨ་རི། ལྷོ་ཀོ་རི་ཡ་དང་ཇ་པན་བཞི་བློ་མཐུན་ནས་བསྡད་ཡོད་པས། བྱང་ཀོ་རི་ཡ་དང་པ་ཀིས་ཏན་ངོམ་མཁན་རྒྱ་གཞུང་གིས་དམག་འཐབ་རྩ་བ་ཉིད་ནས་བྱེད་མི་ཐུབ་པར་ངེས་པ་རེད། འོན་ཀྱང་ཁོ་པ་ཚོས་གཡོ་བྱུས་ལ་གཟབ་ནན་དགོས་རེད་སྙམ།