རྩོམ་མཁན་ཚོ་ཁྲང་ཆིན། རྡོ་རྗེ་འབར་བས་རྒྱ་ཡིག་ནས་བསྒྱུར།
ཟླ་༥ ཚེས་༢༣ ཉིན་ནི། བོད་དང་རྒྱ་ནག་གཞུང་བར་“གྲོས་མཐུན་དོན་ཚན་ 17 ”ཟེར་བ་མཚན་རྟགས་བཀོད་པའི་ལོ་འཁོར་ཉིན་མོ་ཡིན། ཉིན་མོ་དེ་སླེབས་རེས་བཞིན་རྒྱ་ནག་གཞུང་གིས་དོན་དག་རྩོམ་པར་དགའ་སྟེ། པེ་ཅིན་གྱིས་བོད་དབང་དུ་བསྒྱུར་བའི་ཁྲིམས་མཐུན་རང་བཞིན་ནན་བརྗོད་བྱེད། འོན་ཀྱང་། གསར་འགོད་འཕྲིན་སྦྱོར་ཚོས་བོད་ཀྱི་ལོ་རྒྱུས་དངོས་དོན་སྒྲོག་སྤེལ་བྱེད་རྒྱུར་པེ་ཅིན་གྱིས་ཆོག་མཆན་སྤྲོད་མི་ཕོད་ལ། ལྷག་པར་དུ་མི་ཚོས་རང་དབང་གི་སྒོ་ནས་བོད་ཀྱི་གནད་དོན་བགྲོ་གླེང་བྱེད་པ་དེ་བས་ཀྱང་གཏན་འགོག་བྱས་ཡོད།
དོན་དངོས་སུ། “གྲོས་མཐུན་དོན་ཚན་ ༡༧ ”ནི་བོད་མི་དང་རྒྱ་མིའི་བར་ལོ་རྒྱུས་རིང་མོའི་ཁྲོད་མཚན་རྟགས་བཀོད་པའི་ཆིངས་ཡིག་དངོས་གཞི་གཉིས་ཡོད་པའི་ཡ་གྱལ་གཅིག་པུ་དེ་ཡིན། ཆེས་སྔ་མོའི་ཆིངས་ཡིག་དེ་ཐང་རྒྱལ་རབས་དུས་སུ་མཚན་རྟགས་བཀོད་པ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱིས་བོད་རྒྱའི་མནའ་མཐུན་ཆིངས་ཡིག་བཞག་སྟེ། བོད་རྒྱ་གཉིས་པོ་རྒྱལ་ཁབ་གཉིས་ཡིན་པ་དང་། ཕན་ཚུན་བར་བཙན་འཛུལ་མི་བྱེད་རྒྱུ་གཏན་འབེབས་བྱས་ཡོད། ཐང་རྒྱལ་རབས་ཀྱིས་བོད་རྒྱལ་སྲོང་བཙན་སྒམ་པོར་བཙུན་མོ་རྒྱ་བཟའ་ཀོང་ཇོ་ཕུལ་ནས་ཚེ་ཚེ་རབས་རབས་སུ་ཞི་བདེ་ཡོང་རེ་གནང་ཡོད།
༡༩༥༡ ལོའི་དཔྱིད་ཀར་མཚན་རྟགས་བཀོད་པའི་“གྲོས་མཐུན་དོན་ཚན་ ༡༧ ”ལ་ནང་དོན་གཙོ་བོ་གཉིས་ཡོད་དེ། དང་པོ་ནི། བོད་ཀྱི་བདག་དབང་དུས་དེ་ནས་བཟུང་རྒྱ་མིར་དབང་པ། ༼བཅིང་འགྲོལ་དམག་བོད་དུ་བསྐྱོད་རྒྱུ་དང་། རྒྱལ་སྲུང་། ཕྱི་འབྲེལ་སོགས་རྒྱ་ནག་དབུས་སྲིད་གཞུང་གིས་འགན་འཁུར་རྒྱུ།༽ གཉིས་པ་ནི། བོད་ལྗོངས་ཚད་མཐོན་པོའི་རང་སྐྱོང་བྱེད་རྒྱུ་དེ་ཡིན། ༼ཏཱ་ལའི་བླ་མ་མཆོག་ནི་ཆོས་སྲིད་ལུགས་གཉིས་ཀྱི་གཙོ་འཛིན་ཡིན་པའི་གནས་བབ་མི་བསྒྱུར་བ་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྤྱི་ཚོགས་སྒྲིག་གཞི་སོགས་མི་བསྒྱུར་བ།༽
གྲོས་མཐུན་འདི་ནི་ཆེས་སྔ་མོའི་“རྒྱལ་གཅིག་ལུགས་གཉིས་”ཀྱི་ཐོག་མའི་དཔེ་དབྱིབས་ཡིན་ཞེས་བཤད་ཆོག སྐབས་དེར་བོད་མིས་མཚན་རྟགས་འགོད་རྒྱུར་ཡིད་འཐད་བྱེད་དགོས་པའི་རྒྱུ་མཚན་ནི། རྒྱ་ནག་དམར་ཕྱོགས་པས་དམག་ཆེན་བོད་སར་གཏུགས་ནས། ཏིན་ཞོ་ཕེན་ལག་འོག་གི་ཐང་འཐབ་དམག་དཔུང་ཅུན་གཅིག་གིས་བོད་ཁམས་ཕྱོགས་ཀྱི་རྒྱལ་ས་ཆབ་མདོར་དཔུང་འཇུག་གིས་ཕབ་ནས། ཐད་ཀར་དབུས་ལྷ་སར་ཉེ་བར་གཏད་ཅིང་། བཅིང་འགྲོལ་དམག་མི་ཁྲི་༥༠༠ ལྷག་ཡོད་ལ། སྐབས་དེའི་བོད་ཡོངས་སུ་མི་གྲངས་ཁྲི་ཚོ་ ༣༠༠ ལྷག་ལས་མེད་པས། བོད་མིས་རྩ་བ་ནས་འགོག་རྒོལ་བྱེད་མི་ཐུབ།
བོད་མིའི་སྐུ་ཚབ་ཚོ་པེ་ཅིན་གྱིས་བཏོན་པའི་གྲོས་མཐུན་ཟིན་བྲིས་ལ་ཡིད་འཐད་མ་བྱུང་སྟབས། མཐའ་མར་ཕྱོགས་གཉིས་ཀས་“ཟུར་གཏོགས་ཡིག་ཆ་”ཟུར་དུ་ཟིན་བྲིས་བཏབ་པའི་ནང་། བོད་ཀྱི་དམག་སྒྲིག་མི་བསྒྱུར་བ་དང་། གལ་སྲིད་ཏཱ་ལའི་བླ་མ་མཆོག་ཕྱི་རྒྱལ་དུ་བཙན་བྱོལ་བྱས་ཟིན་ཚེ། ག་དུས་ཕྱིར་ལོག་ཕེབས་ཀྱང་བོད་ཀྱི་བླ་ན་མེད་པའི་ཆོས་སྲིད་དབུ་ཁྲིད་ཡིན་པ་སོགས་བཀོད་ཡོད་འདུག ཡིན་ན་ཡང་། རྒྱ་ནག་དམར་ཕྱོགས་པས་ཁས་ལེན་དང་རྒྱབ་འགལ་གྱིས་ཟུར་གཏོགས་ཡིག་ཆ་དང་གྲོས་མཐུན་དོན་ཚན་17 གཉིས་ལྷན་དུ་ཁྱབ་བསྒྲགས་བྱས་མེད། དུས་དེ་རིང་བར་དུའང་ཟུར་གཏོགས་ཡིག་ཆ་དེ་ཁྱབ་བསྒྲགས་བྱས་མེད།
༡༩༩༧ ལོར་ཁོ་བོས་ལུན་ཏུན་དུ་བསྡུས་པའི་རྒྱ་བོད་གྲོས་ཚོགས་ཐོག་དེ་སྔ་ “གྲོས་མཐུན་དོན་ཚན་ ༡༧ ”གྱི་གྲོས་མོལ་ལོ་ཙཱ་བ་བོད་མི་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ལགས་༼ཏཱ་ལའི་བླ་མ་མཆོག་གི་སྐུ་སྲུང་མདའ་དཔོན་དང་བཙན་བྱོལ་བོད་གཞུང་གི་བདེ་སྲུང་བཀའ་བློན་ཟུར་བ།༽སུ་བཅར་འདྲི་ཞུས་མྱོང་། ཁོང་གིས་གསུངས་པར། སྐབས་དེར་རྒྱ་ནག་གཞུང་གི་སྐུ་ཚབ་ཀྱིས་མདུན་ཅོག་སྟེང་གཞུས་ནས་བསྡིགས་ར་སྐུལ་ཞིང་། གལ་ཏེ་མཚན་རྟགས་མ་བཀོད་ཚེ་བཅིང་འགྲོལ་དམག་གིས་དཔུང་འཇུག་མགོ་འཛུགས་དང་དམག་འཐབ་བྱེད་རྒྱུ་ཡིན་ཞེས་བཤད་བྱུང་། མཐའ་མར་བོད་མི་ཆིངས་གྲོས་སྐུ་ཚབ་འུ་ཐུག་ནས་མཚན་རྟགས་བཀོད། བོད་མིའི་སྐུ་ཚབ་ལྔ་བོས་ཆིངས་གྲོས་སྟེང་བཀྱེས་པའི་ཐམ་ག་ནི་སྒེར་ཐམ་ཡིན་ལ། པེ་ཅིན་ཕྱོགས་ཀྱིས་སྔ་ས་ནས་བརྐོས་བརྒྱབ་ཟིན་འདུག ཏཱ་ལའི་བླ་མ་མཆོག་གིས་ལྷ་ས་ནས་སྒྲ་སྡུད་འཁོར་ལོ་ལས་གྲོས་མཐུན་དོན་ཚན་ ༡༧ གྱི་ནང་དོན་གསན་ཐོས་བྱུང་བ་དང་། དེའི་ཡར་སྔོན་ལ་གནས་ཚུལ་གང་ཡང་མཁྱེན་རྟོགས་མེད་ཟེར། ཞིབ་ཕྲའི་གནས་ཚུལ་འདི་དག་ཁོ་ནས་གྲོས་མཐུན་འདི་ག་ཕྱོགས་གཉིས་ཀྱིས་གྲོས་མོལ་གང་ལེགས་བགྱིས་པའི་གྲུབ་དོན་ཞིག་མིན་པ་མཐོང་ཐུབ་པ་ཡིན།
འོན་ཏེ་དེ་ལྟའི་གྲོས་མཐུན་ཞིག་ཡིན་མོད་ཀྱང་། རྒྱ་དམར་གྱིས་དེའང་བརྩི་སྲུང་བྱས་མེད། བཅིང་འགྲོལ་དམག་བོད་དུ་ཞུགས་ནས་ཡུན་རིང་མ་འགོར་བར་གྲོས་མཐུན་དོན་ཚན་ ༡༧ ནང་བོད་ཀྱི་ཆོས་དང་རིག་གཞུང་། སྤྱི་ཚོགས་སྒྲིག་གཞི་མི་བསྒྱུར་བའི་ཁས་ལེན་ལ་རྒྱབ་འགལ་བྱས་ཏེ། བོད་ནང་སྤྱི་ཚོགས་རིང་ལུགས་ཀྱི་བཅོས་བསྒྱུར་བྱས་པས། བོད་མི་མང་གིས་ ༡༩༥༩ ལོའི་འོས་ལངས་བྱུང་བའི་སློང་རྐྱེན་དུ་གྱུར། འོས་ལངས་ལ་ཡ་ང་བའི་དྲག་གནོན་ཐེབས་ཞིང་། ཏཱ་ལའི་བླ་མ་མཆོག་དང་བོད་མི་ཁྲི་ཚོ་ ༨ ལྷག་རྒྱ་གར་དུ་བྲོས་བྱོལ་བྱས།
རྒྱ་དམར་གྱིས་བོད་ལྗོངས་ལ་མི་སེར་སྤེལ་བའི་དབང་བསྒྱུར་བྱས་པ་དེ། འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་བོད་ལྗོངས་ཀྱི་ “མགོ་ཁྲིད་དང་པོའི་”འོས་མིར་བདམས་པ་ལས་ཤེས་ཐུབ་པ་ཡིན་ཏེ། “བོད་རང་སྐྱོང་ལྗོངས་”ཀྱི་ཏང་ཨུའི་དྲུང་ཆེ་གྲང་གོ་ཧྭ། ཙུན་ཡུང་ཡ། རིན་རོང་། ཡུན་ཕ་ཐང། བུ་ཅུན་ཧྭ། ཧུའུ་ཅིན་ཐོ། ཁྲུན་ཁོས་ཡོན་དང་དེ་རྗེས་འགན་བླངས་མཁན་གོ་ཅུན་ལུང་སོགས་མགོ་ཁྲིད་ཚང་མ་བོད་ཡིན་པ་གཅིག་ཀྱང་མེད།
འདས་པའི་ལོ་མང་པོའི་རིང་ལ། ཏཱ་ལའི་བླ་མ་མཆོག་གིས་བོད་རང་བཙན་གྱི་འདོད་པ་དོར་བ་དུས་ཡུན་རིང་པོར་ནན་བརྗོད་གནང་སྟེ། ཚད་མཐོན་པོའི་རང་སྐྱོང་འབའ་ཞིག་བྱེད་རྒྱུའི་ཐུགས་རེ་བཏོན་ཡོད་ཅིང། རེ་འདོད་དེའི་ནང་དོན་ཡང་ “གྲོས་མཐུན་དོན་ཚན་17 ”ལས་འདའ་མེད། ཡིན་ནའང་པེ་ཅིན་སྲིད་གཞུང་གིས་ཏཱ་ལའི་བླ་མ་མཆོག་དང་གྲོས་མོལ་ཞུ་རྒྱུའི་སྒོ་བརྒྱབ་ནས་བཀག་པར་མ་ཟད། བསམ་བཞིན་དུ་ཏཱ་ལའི་བླ་མ་མཆོག་ལ་ “མེས་རྒྱལ་ཁ་བྲལ་གཏོང་བའི་”སྐྱོན་འཛུགས་བྱས་ནས། རང་དབང་གི་བརྡ་འཕྲིན་ལོངས་སུ་སྤྱོད་ཐབས་མེད་པའི་རྒྱ་ནག་དམངས་ཚོགས་ལ་མགོ་སྐོར་གཏོང་བཞིན་ཡོད།
ཡིན་ནའང་ཞི་བའི་གྲོས་མོལ་གྱི་བྱེད་སྟངས་བརྒྱུད་ནས་གནད་དོན་ཐག་གཅོད་བྱེད་པ་དང་ལེན་མི་བྱེད་པའི་གླེན་རྨོངས་ཀྱི་མཇུག་འབྲས་སུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མི་དམངས་ཀྱི་སྐྱོ་གནས་ལ་སྔར་བས་ཐུགས་སྣང་དང་སྙིང་རྗེ་འབའ་ཞིག་བསྐྱེད་པར་བྱེད་ལ། དེས་བོད་ཀྱི་གནད་དོན་ནི་དེ་བས་ཀྱང་རྒྱལ་སྤྱིའི་རང་བཞིན་ཅན་དུ་འགྱུར་ངེས་ཡིན།
རྒྱ་རིགས་མཁས་དབང་ཚོ་ཁྲང་ཆིན་གྱི་ཟིན་བྲིས་ལས་རྡོ་རྗེ་འབར་བས་བོད་ཡིག་ཏུ་ཕབ་བསྒྱུར་ཞུས།
བཀླགས་ཟིན།
ཐུགས་རྗེ་ཆེ།
འགྱུར་ལེགས་པ་འདུག ཐུགས་རྗེ་ཆེ། ཕན་ཐོགས་ཆེན་པོ་བྱུང་། སྒེར་གྱི་ཡིག་ཚགས་ནང་ཉར་ཚགས་ཞུས་ཡོད།
ཐུགས་བརྗེ་ཆེ་ང་རང་ཚོ་ཁྲང་ཆིང་གི་རྩོམ་ཡིག་ཀློག་རྒྱུར་དགའ་པོ་ཡོད་སྐུ་ཉིད་ནས་གང་མང་བོད་འགྱུར་གནང་རོག
རྒྱ་རིགས་ཚོའི་ཁྲོད་ནས་ལོ་རྒྱུས་ཀྱི་བདེན་དོན་ལ་སྙིང་ནས་བརྩི་བཀུར་བྱེད་མཁན་ནི་ཁོང་ཡིན། ཁོང་གིས་བྲིས་པའི་བོད་སྐོར་གྱི་བརྩམས་ཆོས་ཁག་ལ་བོད་མི་ཚོ་ལས་ཀྱང་གསོན་ཤུགས་དང་བདེན་དོན་མངོན་ཡོད།
གྲོས་མཐུན་དོན་ཚན་༡༧ ཐད་ལ་དགྱ་ཕྱོགས་ནས་དེ་ལྟར་བཟོས་ཀྱང་། བོད་ཕྱོགས་ནས་དེ་ལ་མཚམས་རེར་ངོས་ལེན་མེད་པ་འདྲ་བོ་དང་། མཚམས་རེར་ངོས་ལེན་ཡོད་པ་འདྲ་བོ་ངེས་བརྟན་ཅི་ཡང་མེད་པ་རྐྱང་རྐྱང་བྱས་ནས་བསྡད་པ་རེད།
རེད་ཡ། ཚའོ་ཁྲང་ཆིན་ཁོང་༡༩༩༨ ལོར་ང་སུ་ཇ་སློབ་གྲྭར་ཡོད་དུས་སློབ་གྲྭ་དེར་གསུང་བཤད་གནང་དུ་ཕེབས་མྱོང་ལ་དེ་དུས་ཁོང་དང་མཇལ་ཐེངས་དང་པོ་ཡིན།
སྐབས་དེར་ཁོས་བོད་དོན་སེམས་ཆེན་པོས་གསུངས་ཤིང་། མཐར་ཁོས་རང་གི་ཨ་མ་རྒན་མོ་རྒྱ་ནག་ནང་དུ་ལུས་ཡོད་ཅིང་། ཨ་མས་ཁོ་ལ་ཁ་པར་བཏང་ནས་བཤད་པའི་ཡིད་སྐྱོའི་སྐད་ཆ་དེ་ང་ཚོར་བཤད་བཞིན་མིག་ཆུ་བཏང་། ང་ཚོ་ཚང་མ་གནས་སྟངས་གཅིག་པ་ཡིན་པར་འགྲེལ་བཤད་གནང་། ནམ་ཞིག་ང་ཚོ་རང་གི་ཕ་ཡུལ་དུ་རྒྱལ་ཁའི་ངང་ལོག་ཐུབ་པའི་སྐོར་ལ་གཏམ་བཤད་ངར་པོ་གནང་བྱུང་།
དེའི་རྗེས་ནས་ཁོས་བྲིས་པའི་བོད་དོན་རྩོམ་ཡིག་མང་པོ་བོད་བསྒྱུར་བྱས་པ་བཀླགས་མྱོང་། ངོ་མ་མི་དྲང་པོ་ཞིག་རེད། བོད་རང་བཙན་ཡིན་པར་ཁུངས་སྐྱེལ་གྱི་རྩོམ་ཡིག་དང་ཡིག་ཆ་མང་དུ་དྲ་ལམ་ཁག་ལ་བཀོད་མྱོང་། དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་མི་བདེན་དོན་འཚོལ་མཁན་ཞིག་ལོས་ཡིན་བསམ།
དེ་རིང་གི་རྩོམ་ཡིག་འདི་ཡང་དེ་བཞིན་བོད་ལ་རྒྱས་ཁྲེལ་མེད་བྱས་ཚུལ་དང་བོད་དེ་རང་དབང་གི་རྒྱལ་ཁབ་ཅིག་ཡིན་པར་སྒྲུག་གང་ནུས་བྱས་འདུག་སྙམ། འོན་ཀྱང་དོགས་འདྲི་ཞིག་ཡོད་པ་ནི་གཤམ་གྱི་འདི་རེད།
༼བཅིང་འགྲོལ་དམག་མི་ཁྲི་༥༠༠ ལྷག་ཡོད་ལ། སྐབས་དེའི་བོད་ཡོངས་སུ་མི་གྲངས་ཁྲི་ཚོ་ ༣༠༠ ལྷག་ལས་མེད་པས།༽ཞེས་བྲིས་འདུག དེ་ནི་སྐབས་དེའི་བོད་མི་ཡོད་དོ་ཅོག་གི་གྲངས་ཀལ་ཡིན་ནམ་ཡང་ན་བོད་དབུས་ཕྱོགས་གཅིག་པུའི་བོད་མིའི་གྲངས་ཀ་ཡིན་ནམ། གལ་སྲིད་འདི་སྐབས་དེའི་བོད་མི་ཡོངས་ཀྱི་གྲངས་ཀ་ཡིན་ཚེ་གྲངས་ཀ་དེ་གང་ཞིག་ལ་གཞི་བཅོལ་ནས་བྲིས་པ་ཡིན་ནམ།
་་་་་་ དོན་དངོས་སུ། “གྲོས་མཐུན་དོན་ཚན་ ༡༧ ”ནི་བོད་མི་དང་རྒྱ་མིའི་བར་ལོ་རྒྱུས་རིང་མོའི་ཁྲོད་མཚན་རྟགས་བཀོད་པའི་ཆིངས་ཡིག་དངོས་གཞི་གཉིས་ཡོད་པའི་ཡ་གྱལ་གཅིག་པུ་དེ་ཡིན། ཆེས་སྔ་མོའི་ཆིངས་ཡིག་དེ་ཐང་རྒྱལ་རབས་དུས་སུ་མཚན་རྟགས་བཀོད་པ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱིས་བོད་རྒྱའི་མནའ་མཐུན་ཆིངས་ཡིག་བཞག་སྟེ། བོད་རྒྱ་གཉིས་པོ་རྒྱལ་ཁབ་གཉིས་ཡིན་པ་དང་། ཕན་ཚུན་བར་བཙན་འཛུལ་མི་བྱེད་རྒྱུ་གཏན་འབེབས་བྱས་ཡོད། ཐང་རྒྱལ་རབས་ཀྱིས་བོད་རྒྱལ་སྲོང་བཙན་སྒམ་པོར་བཙུན་མོ་རྒྱ་བཟའ་ཀོང་ཇོ་ཕུལ་ནས་ཚེ་ཚེ་རབས་རབས་སུ་ཞི་བདེ་ཡོང་རེ་གནང་ཡོད། ་་་་་