གནས་ཚུལ་མཁོ་སྤྲོད་པ། རྫ་ཚེ་རིང་བཀྲ་ཤིས།
དེ་ཡང་སྤྱི་ཟླ་༨ཚེས་༡༨་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དང་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་གཉིས་མཉམ་འབྲེལ་གྱིས་གཉེར་བའི་ལས་གཞི། ཐ་སྙད་ཁྲི་བརྒྱད་ལྷག་འདུས་ངེས་ཀྱི་རྒྱ་བོད་ཤན་སྦྱར་གློག་རྡུལ་ཚིག་མཛོད་མཉེན་ཆས་ལེགས་འགྲུབ་ཀྱི་དབུ་འགྱེད་མཛད་སྒོ་དངོས་སུ་བསྐྱངས།
དེ་ཡང་། བོད་རྒྱལ་ལོ་༢༡༤༣ མེ་སྤྲེལ་ཟླ་དྲུག་པའི་ཚེས་༡༥ སྤྱི་ཟླ་༨ ཚེས་༡༨ ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ཡི་ཧྭ་ཧུའུ་གསོལ་མགྲོན་ཁང་གི་ཚོམས་ཁང་དུ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དང་། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཁང་གཉིས་མཉམ་ལས་ཀྱིས་བསྒྲུབས་པའི་རྒྱ་བོད་ཚིག་མཛོད་མཉེན་ཆས་ལེགས་པར་གྲུབ་པའི་མཛད་སྒོ་ཟབ་རྒྱས་ངང་བསྡུས། མཛད་སྒོའི་ཐོག་ཐོག་མར་ཐེངས་འདིའི་རྒྱ་བོད་ཚིག་མཉེན་ཆས་བཟོ་སྐྲུན་ཆེད་སྨོན་ལམ་བརྡ་ཕྲིན་ཞིབ་འཇུག་ཁང་དང་མཉམ་ལས་བྱེད་རིང་ཞིབ་ཚོགས་ཀྱི་ཚིག་མཛོད་ཀྱི་འབྲེལ་མཐུད་འགན་འཛིན་ཞིབ་ཚོགས་རྒྱུན་ལས་མཁན་པོ་ཚུལ་རྣམ་རིན་པོ་ཆེ་མཆོག་གིས་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་བའི་གསུང་བཤད་གནང་།
དེ་ནས་རྒྱ་གར་ནས་ཆེད་ཕེབས་གནང་བའི་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་གློག་ཀླད་ཆེད་མཁས་པ་དང་བློ་བཟང་སྨོན་ལམ་མཆོག་དང་། ཐའེ་ཝན་རང་གཞུང་སྐུ་ཚབ་དོན་གཅོད་སྐུ་ངོ་ཟླ་བ་ཚེ་རིང་དང་། ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ལྷ་རམས་པ་ཧ་ཤེན་རིན་པོ་ཆེ་བསུམ་ནས་ཚིག་མཛོད་དབུ་འབྱེད་གནང་ཞིང་གྲུབ་པ་དང་། དགེ་བཤེས་བློ་བཟང་སྨོན་ལམ་མཆོག་གིས་བརྡ་འཕྲིན་དུས་རབས་ཀྱི་འགྲོས་དང་བསྟུན་ནས་ཚིག་མཛོད་དང་བརྡ་འཕྲིན་མ་ལག་ཡར་རྒྱས་བཏང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་དར་སྤེལ་གཏོང་སྟངས་སྐོར་ལ་གསུང་བཤད་དང་ཚིག་མཛོད་འདི་མི་མཐུད་བསྐྱར་བཅོས་དང་ཁ་སྣོན་གནང་རྒྱུ་ཡིན་སྐོར་ནན་བརྗོད་གནང་། དེ་རྗེས་སྐུ་ངོ་དོན་གཅོད་ཟླ་བ་ཚེ་རིང་གིས་བོད་ཀྱི་སྐད་ཡིག་གི་གལ་གནད་སོགས་དང་འབྲེལ་བའི་གསུང་བཤད་བཅས་ཟིན་པ་དང་། མཛད་སྒོར་ཚོགས་བཅར་གནང་མཁན་གྱི་མཁན་སྤྲུལ་དགེ་བཤེས་ལྔ་བཅུ་མ་ཟིན་ཙམ་གྱིས་ཐུན་མོང་ཐོག་དུས་རབས་ཉེར་གཅིག་པར་བརྡ་འཕྲིན་བཟང་ཕྱོགས་ནས་བེད་སྤྱོད་བཏང་སྟེ་ནང་བསྟན་རིག་གཞུང་འཛམ་གླིང་ནང་ཁྱབ་སྤེལ་གཏོང་བ་དང་། དྲྭ་ལམ་གྱི་ནུས་པས་ཆོས་རིག་དང་གོམས་སྲོལ་ལ་ལྡོག་ཕྱོགས་ཀྱི་ནུས་པ་བསྐྱེད་སྲིད་པའི་རིགས་ལ་གཟབ་ནན་དང་བཅོས་སྒྱུར་གནང་ཕྱོགས་བཅས་ལ་བགྲོ་གླེང་ལྷུག་པོ་གནང་། མཐར་ཚོགས་གཙོ་ཧ་ཤེན་རིན་པོ་ཆེའི་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་རྗེས་མཛད་སྒོ་ཡོངས་སུ་གྲོལ།
ཐེངས་འདིའི་མཛད་སྒོར་ཞིབ་ཚོགས་རྒྱུན་ལས་་ཚོགས་གཙོ་ཧ་ཤེན་རིན་པོ་ཆེ་དང་གཞོན་བཀྲ་ཤིས་རིན་པོ་ཆེ། མཁན་པོ་ཚུལ་རྣམ་རིན་པོ་ཆེ། རྒན་ཡེ་ཤེས་རབ་རྒྱས། སློབ་དཔོན་བསོད་ནམས་ཕུན་ཚོགས། སྤྲུལ་སྐུ་ཐུབ་བསྟན་ནོར་བུ་བཅས་མཉམ་ཞུགས་གནང་འདུག
ལས་གཞི་འདིའི་ཆེད་དུ་ཧིན་སྒོར་ཁྲི་བརྒྱ་ལྷག་གི་འགྲོ་སོང་བཏང་ཡོད་པ་དང་། མཉེན་ཆས་ཀྱི་འགྲོ་སོང་སྤྱི་དང་ཐེངས་འདིའི་དགེ་བཤེས་བློ་བཟང་སྨོན་ལམ་མཆོག་གདན་ཞུས་ཀྱིས་མཚོན་མཛད་སྒོ་དང་འབྲེལ་བའི་ལས་རིམ་བཅས་ཚུད་པའི་འགྲོ་སོང་ཡོངས་རྫོགས་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས་ཀྱིས་བཏང་།
དེ་བཞིན་དེ་རིང་མཛད་སྒོའི་ཐོག་ཏུ་སླར་ཡང་། སྨོན་ལམ་བོད་རྒྱ་བརྡ་ཕྲིན་ཞིབ་འཇུག་ཁང་གིས་འབྱུང་འགྱུར་གྱི་ལོ་གཅིག་གི་ནང་ནང་དོན་སོགས་་རྒྱ་བོད་ཚིག་མཛོད་ཆེན་མོ་འདི་དང་འདྲ་བའི་བོད་རྒྱའི་ཚིག་མཛོད་མཉེན་ཆས་གཉིས་པ་ཞིག་བཟོ་རྒྱུའི་དགེ་མཚན་དང་། དེའི་ཕྱོགས་ལ་མཉམ་ལས་གནང་ཐུབ་ན་ཡག་པོ་ཡོད་པའི་གྲོས་གཞི་བཏོན་པ་ལྟར་ཞིབ་འཇུག་ཚོགས་པའི་ཚོགས་ཞུགས་ཞིབ་ཚོགས་རྒྱུན་ལས་རྣམ་པས་སྤྱི་མོས་ཐག་གཅོད་བརྒྱུད་ཞིབ་ཚོགས་ཀྱི་ངོས་ནས་སྔར་བཞིན་འགྲོ་སོང་ཡོངས་རྫོགས་འགན་ལེན་གྱིས་སྔར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དང་མཉམ་ལས་གནང་གཏན་ཁེལ།
དེ་ཡང་ལས་གཞི་འདི་ནི་ལོ་སྔ་མ་སྤྱི་ལོ་༢༠༡༥ལོ་མགོར་སྨོན་ལམ་བོད་ཡིག་མཉེན་ཆས་གསར་གཏོད་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་དང་ཁོང་གི་ཕྱག་རོགས་སྨོན་ལམ་ཚིག་མཛོད་ཆེན་མོའི་སྤྱི་ཁྱབ་རྩོམ་སྒྲིག་པ་འཇུ་བསྟན་སྐྱོང་གཉིས་ཐའེ་ཝན་དུ་ཕེབས་སྐབས་ཞིབ་འཇུག་ཚོགས་པ་ཐོག་མའི་གྲོས་གྲོས་འཆམས་བྱུང་བ་ལྟར། ལོ་དེའི་ཟླ་བ་༤ཚེས་༧ཉིན་ཕྱོགས་གཉིས་ཀྱི་མཐུས་ཚབ་པ་མཁན་པོ་ཚུལ་རྣམ་རིན་པོ་ཆེ་དང་དགེ་བཤེས་བློ་བཟང་སྨོན་ལམ་དང་མཁན་པོ་ཚུལ་རྣམ་རྣམ་གཉིས་ཀྱིས་གན་རྒྱར་དངོས་སུ་མཚན་རྟགས་བཀོད་དེ་ལས་དོན་མགོ་བཙུགས།
ཚིག་མཛོད་ཀྱི་ནང་དོན་དང་བཀོལ་སྤྱོད་དམིགས་ཡུལ་དང་ཁྱད་ཆོས་གཤམ་གསལ།
༡༽ ཚིག་མཛོད་ཀྱི་ནང་དོན་ཐ་སྙད་ཁྲི་བརྒྱད་བརྒལ་ཡོད་ཅིང་། དེ་ཡང་གཙོ་བོ་ནང་ཆོས་ཀྱི་སྤྱིར་བཏང་གི་ཐ་སྙད་དང་འཚོ་བའི་རྒྱུན་ཤེས་ཀྱི་སྐོར་ཡིན་པ།
༢༽ ཚིག་མཛོད་ཀྱི་རྒྱ་ཡིག་ཡིག་གཟུགས་གསར་རྙིང་གཉིས་ཀ་འདེམས་ཆོག་པས་རྒྱ་ནག་སྐམས་ས་དང་། བོད་ཁུལ་ད་དུང་ཐའེ་ཝན་ཧོང་ཀོང་སོགས་རྒྱ་ཡིག་གི་ཁྱམ་ཁོངས་ཧྲིལ་པོར་སྤྱོད་གོ་ཆོད་པར་མ་ཟད། ཐའེ་ཝན་དང་ཧོང་ཀོང་སོགས་ཀྱིས་སྤྱོད་བཞིན་པའི་རྒྱ་ཡིག་རྙིང་པའི་ཡིག་གཟུགས་ཐོག་ཡོད་པའི་རྒྱ་བོད་ཚིག་མཛོད་ཐོག་མ་དེར་གྱུར་ཡོད་པ་ནི་ཚིག་མཛོད་འདིའི་དགེ་མཚན་ཆེ་ཤོས་ཤིག་ཆགས་ཡོད།
༣༽ བོད་ཕྱི་ལོགས་ཀྱི་བོད་ཀྱི་གཞོན་སྐྱེས་མང་པོ་ཞིག་གིས་དབྱིན་ཡིག་ཐོག་ནས་བརྡ་ཆད་ཤེས་ཀྱང་བོད་ཡིག་ཐོག་ཇི་ལྟར་བརྗོད་དགོས་མ་ཤེས་པར་སྦྲགས་སྐད་རྒྱུན་འབྱམས་ཀྱི་དཀའ་ངལ་འཕྲད་བཞིན་པ་ལྟར། བོད་ནང་གི་བོད་མི་གཞོན་སྐྱེས་སློབ་གྲྭ་པ་སོགས་མང་པོ་ཞིག་གིས་རྒྱ་ཡིག་གི་ཐོག་ནས་གང་བཤད་པའི་ཐ་སྙད་མང་པོ་ཞིག་བོད་སྐད་ཀྱི་སྐད་དོད་ཅི་བཞིན་ར་མི་འཕྲོད་པ་སོགས་ཀྱི་དཀའ་ངལ་མང་པོ་ཡོད་མུས་དང་། ཡང་ཡིག་སྒྱུར་བ་སོགས་ཀྱི་ལས་དོན་སྐབས་འཕྲད་པའི་དཀའ་ངལ་མང་པོ་ཞིག་སེལ་རྒྱུར་སྟབས་བདེ་ལ་ཆོད་ཆེ་བའི་ཕན་ནུས་ཐོན་རྒྱུ་ཡིན།
༥༽ རྩིས་འཕྲུལ་དང་ཀུ་ཤུ་སོགས་ཁ་པར་མ་ལག་ཁག་གི་ནང་དུ་ཕབ་ལེན་དང་བཀོལ་སྤྱོད་བྱེད་ཆོག
༦༽ ཚིག་མཛོད་ཀྱི་རྒྱུ་ཆ་གཙོ་བོ་ནི་ ༡༩༩༡ ལོར་པར་སྐྲུན་བྱས་པའི་རྒྱ་བོད་ཚིག་མཛོད་གཙོར་བཟུང་དང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གཙོ་འགན་བཞེས་པའི་བོད་དབྱིན་རྒྱ་གསུམ་གྱི་རྒྱུན་བཀོལ་མིང་མཛོད་ཀྱི་ནང་ཚན་རྒྱ་བོད་སྐད་གཉིས་ཁ་སྣོན་དང་། དེ་བཞིན་འཚོ་བ་དངོས་ལ་སྤྱོད་གོ་གང་ཆེའི་ཐ་སྙད་བསྡུ་བསྒྲིགས་བྱས་ཡོད།
༧༽ཚིག་མཛོད་འདིའི་མ་ཚིག་དང་འགྲེལ་ཚིག་གཉིས་ཀ་ཐེའི་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་ཀྱི་ལྟ་བ་ཡིན་པར་མ་ངེས།
༨༽དགོས་ངེས་ཀྱི་ཁ་སྣོན་དང་དག་བཅོས་རིགས་མུ་མཐུད་གནང་རྒྱུ།
༩༽ ཕབ་ལེན་བྱེད་སྟངས་ནི། ཀུ་ཤུའི་ཁ་པར་ནང་ལ་ཕབ་ལེན་བྱེད་ས།
https://appsto.re/cn/WFFdeb.i
ཨན་གྲོལ་ཁ་པར་ནང་ལ་ཕབ་ལེན་བྱེད་ས།
https://play.google.com/store/apps/details?id=com.jinpa.tenzinjinpa.database4july
དེ་ཡང་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནི་སྤྱི་ལོ་ ༢༠༠༩ ལོར་ཐའེ་ཝན་དུ་ས་སྐྱ་བདག་ཆེན་རིན་པོ་ཆེ་མཆོག་གིས་དབུ་འབྱེད་གནང་ཞིང་། གཞུང་འབྲེལ་ཚད་ལྡན་དེབ་སྐྱེལ་བྱས་པའི་ཁྲིམས་མཐུན་ཚོགས་པ་ཞིག་དང་། བོད་བརྒྱུད་བསྟན་ལ་ཞབས་འདེགས་ཞུ་བའི་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚོགས་པ་ཞིག་ཡིན།
ཞིབ་ཚོགས་གཞུང་འབྲེལ་དྲ་གནས།
http://www.buddhajnana.org
ཞིབ་ཚོགས་དྲ་བརྙན།
http://ttbtv.org
སྨོན་ལམ་བརྡ་ཕྲིན་ཞིབ་འཇུག་ཁང་གི་དྲ་གནས།
http://www.tibetitw.com
ངོ་སྤྲོད་བྱས་པ་ཡག་བྱུང་། འགྲོ་སོང་ཆེན་པོ་བཏང་ནས་ཚིག་མཛོད་ཡིག་ནོར་ཅན་ཞིག་འགྲེམས་སྤེལ་བྱས་པར་དགོས་པ་ཆེན་པོ་མཐོང་མ་སོང་། འབྲེལ་ཡོད་སུ་ཡིན་ནའང་། ཚིག་མཛོད་སྤུས་དག་རེ་སྤེལ་བར་རེ་འདུན་ཞུ།
ཐེ་ཝན་ཞིབ་འཇུག་ཚོགས་པའི་རྫ་ཚེ་རིང་བཀྲ་ཤིས་ཀྱི་ད་རེ་དགེ་བཤེས་སྨོན་ལམ་ལགས་ཐེ་ཝན་དུ་ཕེབས་པའི་འགྲོ་གྲོན་ཆ་ཚང་དང་། རྒྱ་བོད་ཚིག་མཛོད་རྩོམ་སྒྲིག་ཆེད་ཁྲི་རྒྱ་བརྒྱ་ཐབ་པ་བཏང་ཡོད་ཟེར། ཚིག་མཛོད་སྒོ་འབྱེད་ཉིན་ཞབས་འདེབས་སློང་ནས་ཐེ་སྒོར་འབུམ་གཉིས་༢༠༠༠༠༠་ལྷག་རག་བྱུང་གསུང་སོང་། ད་དུང་ལྷག་མ་ཚང་མའི་ཞབས་འདེབས་གནང་རྒྱུ་འབོད་སྐད་གནང་བ་དང། ཐེ་ཝན་དོན་གཅོད་ལས་ཁུངས་ནས་ཡང་ཨ་སྒོར་༣༠༠་གནང་།
བོད་ཀྱི་ཕོ་རྒོད་ངོ་མ་ཚོ་མཉམ་དུ་ཆིག་སྒྲིལ་བྱས་པའི་རྒྱལ་ཁ་གཅིག་རེད། ཕ་ཁྱོ་ཀ་ཟེར་ན་འདི་ཚོ་རེད། འདི་ཚོར་བསྟོད་པ་འབུལ་དགོས། འདི་ཚོར་བཀུར་བ་བྱེད་དགོས། ཁ་བྲོ། ཚེ་རིང་། རྗེས་མ་ཁྱེད་ཚོ་མཉམ་ལས་ཐོག་མི་རིགས་འདིའི་ནུས་པ་གོང་མཐོར་འདེགས་ཅིག
བཀའ་དྲིན་ཆེ། ཡུལ་ལུང་ཞེ་བྲག་པ་ཞིག་གི་ཚིག་མཛོད་དང་ཀློག་དེབ་མིན་པས་བོད་སྤྱི་བའི་ཚིག་མཛོད་ཅིག་འགྲེལ་སྤེལ་བྱས་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། ནོར་བ་ཡོད་སྲིད། ཡར་རྒྱས་གཏོང་ཆོག་གི་རེད།