མཁས་དབང་ཟླ་བ་ནོར་བུ། ཁང་གསར་ཀརྨ་བསྟན་འཛིན་གྱིས་བོད་སྒྱུར་བྱས།
དུས་དེབ་གཞན་ཞིག་ཏུ་(བོད་གནས་བསྐྱར་ཞིབ་དུས་དེབ་)ངས་རྒྱ་བོད་འབྲེལ་མོལ་གྱི་བརྒྱུད་རིམ་ལ་ཞིབ་འཇུག་བྱས་ཡོད་པ་དང། རྩོམ་ཡིག་འདིའི་ནང་དུ་རྒྱུ་ཆ་རྙིང་བཅོས་བསྐྱར་བཀོལ་བྱེད་དགོས་དོན་མི་འདུག དེའི་ཚབ་ཏུ་གལ་སྲིད་བོད་རྒྱ་འབྲེལ་མོལ་དེ་མགྱོགས་མྱུར་འགོ་འཛུགས་བྱས་ཚེ་དེའི་ནང་གི་སེལ་དགོས་པའི་དཀའ་ངལ་ཁག་གི་ཐོག་ལ་སོ་སོ་སྒེར་གྱི་བསམ་ཚུལ་རྣམས་བརྗོད་རྒྱུ་ཡིན། གཉིས་པར་ང་རང་གི་རྩོམ་ཡིག་ནང་དུ་དགོས་ངེས་ཅན་གྱི་ཉེ་འཆར་ཨ་རིའི་རྒྱ་ནག་འབྲེལ་བའི་སྲིད་བྱུས་འགྱུར་བ་ཕྱིན་པ་རྣམས་ཁ་སྐོང་བྱེད་རྒྱུ་ཡིན། དེ་འདྲའི་མཐོང་སྣང་རྣམས་འདུ་འཛོམས་འདི་འདྲའི་ཐོག་ལ་དགེ་མཚན་ཅན་གྱི་བསམ་ཚུལ་བརྗེ་ལེན་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ། ཞིབ་འཇུག་ལྟ་བུའི་ཆེད་དུ་ང་ཚོས་རྩོམ་ཡིག་བྲིས་པའི་སྐབས་སུ་གང་ཞིག་སེམས་ནང་དུ་དྲན་པ་ཐམས་ཅད་ཞིབ་འཇུག་རྩོམ་ཡིག་ནང་དུ་ཡང་ཡང་འཇུག་གི་མ་རེད། འདིའི་དོན་ནི་ངས་ཕལ་ཆེར་སྲོང་པོར་བརྗོད་ཀྱི་ཡོད།
༡༽རིག་གཞུང་གི་འགོག་རྐྱེན།
སྤྱིར་བཏང་གི་རྒྱ་མི་དང་ལྷག་པར་དུ་ཏང་གི་འགོ་ཁྲིད་རྣམས་དུས་རྒྱུན་དུ་ཕུལ་བྱུང་གི་བོད་མིའི་དཔལ་ཡོན་ལ་རྒྱུས་མངའ་དང་བརྩི་མཐོང་ཉུང་དྲགས་པ་མྱོང་བཞིན་ཡོད། འདི་ནི་རྒྱུ་མཚན་གཉིས་ཀྱི་ཐོག་ནས་ཧང་སངས་མི་དགོས་པ་ཞིག་རེད། དང་པོ། དུས་རྒྱུན་རྒྱ་མི་རྣམས་ཀྱིས་ཧན་མི་རིགས་མིན་པའི་སྤྱི་ཚོགས་ཀྱི་ཚན་པ་ཁག་གིས་རྒྱ་རིགས་གཙོ་བོའི་བསམ་བློ་འཛིན་གྱི་ཡོད་པ་དེ་རྟག་ཏུ་རྒྱ་ནག་གི་ལོ་རྒྱུས་བྱས་རྗེས་ལ་སྤོབས་པ་བྱེད་ཀྱི་ཡོད། རྒྱུ་མཚན་འདིས་ལོ་རྒྱུས་ནང་གི་བོད་པའི་རིག་གཞུང་གི་གྲུབ་འབྲས་ལ་ཚོད་དཔག་དམའ་པོ་བྱས་པ་དང། དེར་བརྟེན་སོ་སོའི་གཞུང་དེ་སྐྱོང་ཐུབ་རྒྱུའི་བོད་མིའི་ནུས་སྟོབས་ལ་དྲི་བ་ཆགས་པ་རེད། གཉིས་པ། ང་ཚོས་བོད་ཀྱི་རིག་གཞུང་དང་སྐད་ཡིག སྤྱི་ཚོགས་དང་ཆབ་སྲིད་ཀྱི་ལྟེ་གནས་རྣམས་གཞི་རྩའི་ཆ་ནས་རྒྱ་ནག་ཧན་དང་མི་འདྲ་བ་དྲན་པའི་སྐབས་སུ། རྟག་ཏུ་ཧན་མི་རིགས་ཀྱིས་བོད་མིར་སྣང་ཆུང་བྱས་པ་དེ་ནི་གང་འཚམ་གྱིས་ཤེས་ནུས་པ་ཞིག་ཆགས་ཡོད། རྒྱུ་མཚན་འདིའི་སྐབས་སུ་འདི་ནི་རྒྱ་རིགས་བོད་རིག་པ་བ་རྣམས་ཀྱིས་ཁོང་ཚོའི་མི་མང་དང་འགོ་ཁྲིད་རྣམས་ལ་བོད་མིའི་དཔལ་ཡོན་གྱི་ཐོག་ལ་ལོ་རྒྱུས་ཐོག་ནས་བསམ་ཚུལ་ཞིབ་ཚགས་པོ་དང་བསྔགས་བརྗོད་བྱ་དགོས་པ་ནི་ཁོང་ཚོའི་འགན་འཁྲི་དང། དེས་མ་འོངས་པར་བོད་མི་རིགས་དང་ལོ་རྒྱུས་ནང་དུ་ཁོང་ཚོའི་བྱས་རྗེས་ལ་བལྟ་ཐུབ་རྒྱུའི་རྒྱུ་མཚན་རག་གི་རེད།
འདི་ནི་བོད་ཀྱི་དཔལ་ཡོན་གྱི་རྣམ་པ་འདྲ་མིན་གྱི་ཐོག་ལ་གཏམ་བཤད་བྱེད་རྒྱུའི་དུས་ཚོད་ཅིག་མ་རེད། འོན་ཀྱང་ངས་དཔེ་མཚོན་ཞིག་ཞུ་ངེས། ཉེ་ལམ་(ཕྱི་ལོ་༡༩༩༨ ཟླ་བ་༨ ཚེས་༢༡ – ༢༨ དབར་)ང་རང་ནོར་ཝེ་ནང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ཐེངས་དྲུག་པའི་ཐོག་བསྐྱོད་པ་ཡིན། ཞིབ་འཇུག་ཚོགས་འདུ་དེར་འཛམ་གླིང་གི་ས་ཕྱོགས་གང་ས་ནས་བོད་རིག་པ་བ་༢༠༠ ལྷག་ཙམ་གྱིས་བོད་ཀྱི་ལོ་རྒྱུས་དང་སྤྱི་ཚོགས་ཆབ་སྲིད་ལྟེ་གནས། སྐད་ཡིག་དང་རྩོམ་རིག ཆོས་ལུགས་དང་ལྟ་གྲུབ། སྒྱུ་རྩལ་དང་བཟོ་རིགས། སྨན་དང་རྩིས། རིག་གཞུང་དང་སྤྱི་ཚོགས་སོགས་ཀྱི་ཐོག་ལ་ཞིབ་འཇུག་གི་རྩོམ་ཡིག་སྒྲོག་སྦྱང་ཞུས་སོང། གལ་ཆེན་གྱི་གནད་དོན་ཤེས་དགོས་པ་ཞིག་ནི་ཚོགས་བཅར་བ་ཕལ་ཆེ་བ་ནི་བོད་རིག་པའི་ཞིབ་འཇུག་གི་ཡུ་རོབ་དང་བྱང་ཨ་རི་ནས་ཡིན་པའི་བོད་རིག་པའི་ཞིབ་འཇུག་གི་ནང་དུ་གཞི་རྩའི་རིན་ཐང་ཡོད་པ་ཚོར་མཁན་རྣམས་རེད་འདུག རྒྱུ་མཚན་དེར་བརྟེན་ད་ནི་རྒྱ་ནག་གིས་བོད་མི་རིགས་ཐོག་ཕྱོགས་རིས་ཀྱི་བསམ་བློ་དེ་འགྱུར་བ་དགོས་པའི་དུས་ཤིག་རེད།
བོད་མི་རྣམས་ནི་དཔལ་ཡོན་གྱི་ཆ་ནས་རྒྱ་ནག་དང་མི་འདྲ་བ་ཡིན་མིན་ལ་མ་ལྟོས་པར་ཚད་མཐོ་པོ་ཞིག་ལ་སླེབས་ཟིན་ཡོད་པ་ལ་ཐེ་ཚོམ་མེད་པ་རེད། བོད་ཀྱི་རིག་གཞུང་གི་གྲུབ་འབྲས་ནང་དུ་སྣང་བའི་ཤེས་རབ་དང་སྙིང་རུས་གཅིག་མཚུངས་ཤིག་དེང་རབས་ཅན་དུ་འགྱུར་བ་ལ་འབད་སྲིད་ཀྱི་ཡོད་པ་ནི་རྒྱུ་མཚན་དང་མཐུན་པ་ཞིག་རེད། འགྱུར་ལྡོག་དེ་ནི་ཉི་ཧོང་མི་རིགས་ཀྱིས་བསྟན་པའི་མིག་དཔེ་ལྟར་ཆེས་དཀའ་ངལ་ཅན་ཞིག་ཆགས་ཀྱི་མ་རེད། རྒྱ་བོད་འབྲེལ་མོལ་གྱི་ནང་དུ་རིག་གཞུང་གི་འགོག་རྐྱེན་ཡོད་པ་སྟོན་པའི་ཆེད་དུ་ང་རང་རིག་གཞུང་གི་རྒྱ་ཁྱོན་ནང་དུ་མྱུལ་དགོས་པ་ཡིན། ཏཱ་ལའི་བླ་མའི་ཆབ་སྲིད་ཀྱི་དགོས་འདུན་རྣམས་རྒྱ་གཞུང་དཔོན་རིགས་རྣམས་ཀྱིས་ཁས་ལེན་མི་བྱེད་རྒྱུའི་འོག་ཏུ་ཧན་རིགས་ཞེན་པ་རྣམས་ཀྱིས་ཧན་གྱིས་བོད་ནང་གི་བོད་རྣམས་ལ་ལེགས་པ་བྱ་ཐུབ་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད་སྲིད་ཀྱི་རེད། གང་ལྟར་ཡང་མི་རིགས་རིང་ལུགས་ཀྱི་གཞིར་བཟུང་བྱས་ན། ‘གཞན་’ག་འདྲ་ཞིག་ཡིན་ནའང་དེ་ལ་མ་ལྟོས་པར་བདག་ཅེས་པ་ལ་ཚབ་ཡོད་པ་མ་རེད།
༢༽ནོར་འཁྲུལ་ཅན་གྱི་རྒྱ་ནག་གི་འབྲེལ་མོལ་འཐབ་བྱུས།
གལ་སྲིད་རིག་གཞུང་གི་འགོག་རྐྱེན་བྱས་ནས་སྤྱིར་བཏང་གི་བོད་རྒྱ་གོ་རྟོགས་ལ་འགོག་རྐྱེན་བཟོས་ཚེ། པེ་ཅིང་གི་ནོར་འཁྲུལ་ཅན་གྱི་འབྲེལ་མོལ་གྱི་འཐབ་བྱུས་དེ་ཏཱ་ལའི་བླ་མ་དང་མཉམ་དུ་འབྲེལ་མོལ་བྱེད་རྒྱུའི་འགོག་རྐྱེན་ཆེ་ཤོས་དེ་ཡིན་པ་ར་སྤྲོད་བྱས་ཡོད། གལ་སྲིད་ང་ཚོས་ཕྱི་ལོ་ ༡༩༧༨ ནས་ ༡༩༩༠ དབར་གྱི་རྒྱ་ནག་གི་ལངས་ཕྱོགས་དང་བསྒྲགས་གཏམ་རྣམས་ལ་ཞིབ་འཇུག་བྱས་ཚེ་། འཐབ་བྱུས་འདི་ནི་གསལ་པོ་ཆགས་ཀྱི་རེད། ཕྱི་ཕྱོགས་སུ་ཡོད་པའི་རྒྱ་ནག་གི་འགོ་ཁྲིད་དང་སྐུ་ཚབ་རྣམས་ཀྱིས་རྟག་ཏུ་རྒྱ་ནག་གིས་ནམ་ཡིན་ཡང་ཏཱ་ལའི་བླ་མ་དང་འབྲེལ་མོལ་བྱེད་རྒྱུ་གྲ་སྒྲིག་ཡོད་ཅེས་པའི་གནས་བབ་དེ་བཟུང་བཞིན་ཡོད་པ་དེས། བོད་མི་རྣམས་ནི་མགོ་བོ་མཁྲེགས་འཛིན་བྱེད་བཞིན་ཡོད་པ་ཤུགས་ཀྱིས་སྟོན་གྱི་ཡོད། ང་ཚོས་དག་སྐྱེལ་བྱེད་པ་བཞིན་འདི་ནི་བདེན་པ་ཞིག་མ་རེད། ཕྱི་ལོ་ ༡༩༨༢ དང་ ༡༩༨༤ ལྟ་བུར་ནམ་ཡིན་ཡང་བོད་མིའི་སྐུ་ཚབ་རྣམས་འབྲེལ་མོལ་བྱེད་པར་བསྐྱོད་སྐབས། རྒྱ་ནག་གིས་བོད་མི་མངས་ཀྱི་མ་འོངས་པ་དང་འབྲེལ་བའི་གཞི་རྩའི་གནད་དོན་རྣམས་ཀྱི་ཐོག་ལ་འགྲིག་འཇགས་བྱེད་རྒྱུའི་འདོད་པ་མེད་པའི་རྣམ་འགྱུར་སྟོན་གྱི་ཡོད། ཁོང་ཚོས་གོ་རིམ་ལྡན་པའི་ཁྱབ་བསྒྲགས་བྱས་པ་རྣམས་བོད་མི་རྣམས་ཀྱིས་ངེས་པར་ངོས་ལེན་དགོས་པ་དང། དེ་མིན་འབྲེལ་མོལ་མེད་པ་རེད་ཅེས་པའི་གཞི་རྩའི་ཆ་རྐྱེན་རྣམས་སྟབས་བདེ་པོའི་ཐོག་ནས་བཀོད་ཁྱབ་གཏོང་གི་ཡོད། འདི་ནི་འབྲེལ་མོལ་ལམ་གྲོས་བསྡུར་གྱི་དོན་ཡིན་པ་སྤྱིར་བཏང་ནས་ཁས་ལེན་ཐུབ་ཐབས་མེད། གལ་སྲིད་ཕྱོགས་གཉིས་ནས་རྩོད་གཞི་ཅན་གྱི་གནད་དོན་འགྲིག་འཇགས་ཡོང་བར་ཤུགས་སྣོན་རྒྱག་འདོད་ཀྱི་རྣམ་འགྱུར་སྟོན་པ་ཡིན་ན། དོན་ཕན་ལྡན་པའི་འབྲེལ་མོལ་གྱི་གྲུབ་འབྲས་ཤིག་ཡོང་ཐུབ་ངེས་པ་ཡིན། རྒྱ་གཞུང་གིས་གཞི་རིམ་ཆ་རྐྱེན་རྣམས་བཀོད་ཁྱབ་གཏོང་བ་དེས་འབྲེལ་མོལ་དང་། གྲོས་བསྡུར་ཡང་ན་གཉིས་མོལ་བརྗོད་ཐུབ་ཀྱི་མ་རེད།
པེ་ཅིང་གིས་ཅིའི་ཕྱིར་འབྲེལ་མོལ་གྱི་སྒོ་མོ་ནམ་ཡང་ཕྱེ་ཡོད་པའི་ཁྱབ་བསྒྲགས་བྱེད་རྒྱུའི་ཐོག་ནན་སྐུལ་བྱེད་ཀྱི་ཡོད་དམ། བོད་རིགས་སྐུ་ཚབ་རྣམས་དེ་འདྲའི་འབྲེལ་མོལ་ནང་དུ་བཞུགས་པའི་སྐབས་སུ་རྒྱ་ཕྱོགས་ནས་རྟག་ཏུ་གཞི་རྩའི་ཆ་རྐྱེན་རྣམས་ལ་བཏོན་གྱི་ཡོད། འདི་ནི་ང་ཚོས་གསལ་པོ་བྱས་ནས་ཤེས་རྟོགས་ཐུབ་དགོས་པ་ཡིན། དྲིལ་བསྒྲགས་ཀྱི་འཐབ་བྱུས་འདི་ནི་མི་མངོན་པའི་ཀུན་སློང་གཉིས་ཀྱིས་བཀོད་ཁྱབ་བྱས་ཡོད། དང་པོ། དྲིལ་བསྒྲགས་འདི་བརྒྱུད་ནས་རྒྱ་ནག་གིས་ཁྱབ་བརྡལ་དུ་འགྲོ་བཞིན་པའི་རྒྱ་ནག་གིས་ཏཱ་ལའི་བླ་མའི་རྒྱུ་མཚན་ལྡན་པའི་ཞི་བའི་གྲོས་འཆར་ “ཕྱི་ལོ་༡༩༨༧ ཟླ་བ་༩ ཚེས་༢༡ ཞི་བའི་དོན་ཚན་ལྔ་དང་ཕྱི་ལོ་༡༩༨༨ ཟླ་བ་༦ ཚེས་༡༥ སི་ཊེ་སེ་སྦག་གི་བསྒྲགས་གཏམ་” ཁས་ལེན་བྱེད་རྒྱུའི་ཐོག་ལ་རྒྱལ་སྤྱིའི་གནོན་ཤུགས་ཇེ་ཆེར་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེ་ལྟར་བྱེད་བཞིན་པའི་སྐབས་འདིར་ཁོང་ཚོས་སྤོ་ལོ་དེ་བོད་མིའི་ཐང་ཆེན་སྟེང་དུ་འཇུག་རྒྱུའི་རེ་བ་བྱེད་ཀྱི་ཡོད། འདི་ནི་རྒྱ་ནག་གིས་བཟོས་པའི་ཡིད་ཆེས་ཤིག་རེད། གཉིས་པ། ཁོང་ཚོའི་རེ་བ་ལ་ད་ལྟའི་ཏཱ་ལའི་བླ་མ་འཆི་བའི་རྗེས་སུ་བོད་ཀྱི་འཐབ་རྩོད་དེ་མེད་པར་འགྲོ་རྒྱུའི་རེ་བ་བྱས་ཤིང། ཁོང་འཆི་བའི་དབར་དུ་དུས་ཚོད་སྐྱེལ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀུན་སློང་གཉིས་པ་དེས་རྒྱ་ནག་གིས་བོད་མི་རྣམས་ཀྱིས་མོས་མཐུན་མེད་པའི་རྒྱ་ནག་གི་སྲིད་དབང་སྒེར་འཛིན་ཕུད། བོད་ཀྱི་གནད་དོན་དེ་འགྲིག་འཇགས་ཀྱི་ལམ་ཞིག་ཏུ་སླེབས་རྒྱུའི་འདོད་པ་དང་ལྷག་བསམ་མེད་པ་བརྡ་སྟོན་བྱེད་ཀྱི་འདུག འདིའི་དོན་ནི་རྒྱ་བོད་འབྲེལ་མོལ་གྱི་ནང་དུ་འགག་རྡོ་ཞིག་ཡོད་ཅིང། འོན་ཀྱང་དྲིལ་བསྒྲགས་ཀྱི་ཆེད་དུ་རྒྱ་ནག་གིས་ཏཱ་ལའི་བླ་མ་དང་མཉམ་དུ་འབྲེལ་མོལ་བྱེད་རྒྱུའི་འབོད་པ་ལྟར་རྒྱལ་སྤྱིའི་གནོན་ཤུགས་ཀྱང་ཁྱབ་སྤེལ་འགྲོ་ཡི་ཡོད།
ཏཱ་ལའི་བླ་མ་འཆི་རྒྱུའི་དུས་ལྟ་བུ་ནི་བོད་པ་རྣམས་ལ་རྒྱབ་འགལ་དང་རྒྱ་ནག་གིས་དུས་ཚོད་ཇེ་མང་དུ་སྐྱེལ་བཞིན། དེའི་རྗེས་སུ་རྒྱ་མིའི་འདོད་པ་དང་འཆར་གཞི་རྣམས་བོད་ནང་དུ་ལག་ལེན་བསྟར་རྒྱུ་དེ་ནི་རྒྱ་ནག་གི་འབྲེལ་མོལ་གྱི་འཐབ་བྱུས་ནི་གཞི་རྩ་འདིའི་ཐོག་ཡིན་པ་ཚོད་དཔག་རེད། ཕུགས་རྒྱང་གི་རྒྱ་གཞུང་གི་འཐབ་བྱུས་ནི་བོད་དང་བོད་མི་ཅེས་པའི་བསམ་བློ་དེ་ལན་གཅིག་དང་ནམ་ཡང་མེད་པར་བཟོ་རྒྱུ་དེ་རེད། འདི་ནི་ཁོང་ཚོས་རིམ་པ་བཞིན་དུ་ག་ལེར་མེད་པར་བཟོ་ཐུབ་ནས་རྒྱ་ནག་ལ་ད་ལྟའི་རྒྱལ་སྤྱིའི་གནོན་ཤུགས་ལ་འགག་པ་བྱེད་རྒྱུའི་མཐུན་རྐྱེན་སྦྱར་ངེས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད།
ཚོད་དཔག་དེས་བོད་ཀྱི་རིག་གཞུང་དང་བཟང་པོའི་ཤེས་བྱའི་འོད་སྣང་གི་ནང་དུ་སྔོན་མའི་ཨུ་རུ་སུའི་སྤྱི་མཐུན་ནང་དུ་གནད་དོན་གཅིག་མཚུངས་ལྟར་འགྲིག་པ་ཞིག་བསྒྲུབ་ཐུབ་མ་ངེས་པ་ཡིན། སྤྲུལ་སྐུའི་ལམ་ལུགས་ཀྱི་བསམ་བློ་ནི་བཙན་བྱོལ་ནང་དུ་ཆེས་གསོན་པོར་གནས་ཡོད་པ་ནི། ཉེ་ལམ་རྒྱལ་བ་ཀརྨའི་ཡང་སྲིད་འཚོལ་སྒྲུབ་དང་ལྷོ་ཨེ་ཤེ་ཡའི་ནང་དུ་གཞན་མང་པོ་བྱུང་བ་རྣམས་ཀྱིས་སྟོན་ཐུབ་ཀྱིས་ཡོད། བོད་པའི་འཐབ་རྩོད་ཀྱི་ནང་དུ་ད་ལྟའི་ཏཱ་ལའི་བླ་མ་འཆི་བའི་རྗེས་སུ་ལྷིང་འཇགས་ཞིག་གཅིག་བྱས་ན་ཡོང་ངེས་པ་ཡིན། འོན་ཀྱང་ཁོང་འཆི་བ་དེས་བོད་མི་རྣམས་འཇིག་ཐུབ་ཀྱི་མ་རེད། དངོས་ཡོད་གནས་ཚུལ་ནི་འདི་ལྟ་སྟེ་བོད་དང་བོད་མི་ཅེས་པའི་བསམ་བློ་ནི་བོད་ཀྱི་ནང་ཆོས་དང་སྐད་ཡིག བོད་མི་སྤྱི་ཚོགས་ཀྱི་ལམ་ལུགས་དང་བོད་ཀྱི་ལོ་རྒྱུས་དང་རྩོམ་རིག་རྣམས་ཀྱི་གཞི་རྩ་བྱས་པའི་ཆེས་གནའ་བོ་ཞིག་རེད། བསམ་བློ་དེ་རྣམས་དོན་དམ་དུ་གཅིག་བྱས་ན་མཐོ་སྒང་བོད་ཀྱི་ས་གཞི་ཆེན་པོའི་ནང་དུ་བཏུམ་ཡོད་ཀྱི་རེད། ཧན་མི་རིགས་ཀྱིས་བོད་མིའི་ལེགས་བྱང་དང་ངོ་བོ་ནི་ཕུགས་རྒྱང་རིང་པོའི་འཆར་གཞིའི་ཡོད་ནའང་མེད་པར་བཟོ་ཐུབ་རྒྱུ་ནི་ཕལ་ཆེར་མི་སྲིད་པ་རེད། དོན་དངོས་སུ་ཧན་མི་རིགས་ཀྱིས་ཇི་ཙམ་བོད་མི་རྣམས་ཧན་མི་རིགས་སུ་འགྱུར་ཐབས་བྱས་པ་དེའི་ལན་དུ་བོད་མི་རྣམས་ཀྱིས་ཁོང་ཚོའི་ངོ་བོ་རྣམས་སྙིང་སྟོབས་ཆེན་པོའི་ཐོག་ནས་སྲུང་གི་རེད། གལ་སྲིད་རྒྱ་ནག་གིས་ངས་གང་ཞིག་འགྲེལ་བརྗོད་བྱེད་བཞིན་པ་ལ་ཡིད་ཆེས་མི་བྱེད་ན། ཁོང་ཚོས་ཁོང་རང་ཚོའི་ལེགས་བྱང་གི་མི་རྒྱུད་དཔྱད་རིག་མཁས་པ་རྣམས་ཀྱི་མདུན་ནས་བོད་ནང་དུ་ཁོང་ཚོའི་ཕུགས་རྒྱང་གི་འཆར་གཞི་སྣ་མང་གི་ཐོག་ལ་ངེས་པར་དུ་སློབ་སྟོན་ཞུ་དགོས། ལོ་རྒྱུས་དང་ལེགས་བྱང་གི་ནོར་འཁྲུལ་དང་དྲང་སྙོམ་མིན་པ་དག་སྐྱེལ་བྱེད་ངེས་པ་འདི་ནི་སིཊེ་ལེན་རིང་ལུགས་༼Stalinist༽ཀྱི་རྨི་ལམ་ཞིག་རེད།
༣༽ཨ་རིའི་རྒྱ་ནག་འབྲེལ་བའི་སྲིད་བྱུས་ནང་དུ་འགྱུར་བ་དང། ཁོ་ཚོའི་རྒྱ་བོད་འབྲེལ་མོལ་ལ་ཟུར་བརྡ་རྣམས།
མཐའ་དོན་ང་ཚོས་ངེས་པར་དུ་རྒྱ་བོད་འབྲེལ་མོལ་གྱི་གོང་འཕེལ་ཐོག་ལ་ཐད་ཀར་བརྡ་སྟོན་ཡོད་པའི་ཉེ་ལམ་རྒྱ་ནག་ཐོག་ལ་ཨ་རིའི་སྲིད་བྱུས་འགྱུར་བ་ཕྱིན་པ་རྣམས་ཤེས་དགོས་པ་ཡིན། རྒྱུ་མཚན་འདིའི་ཕྱིར་རྒྱ་བོད་འབྲེལ་མོལ་གྱི་ཐོག་ལ་ཕྱི་ལོ་ ༡༩༩༡ ལོའི་ངའི་རྩོམ་ཡིག་གི་རྒྱབ་ལྗོངས་སུ་གྲུབ་པའི་སྔར་གྱི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་རྣམས་ངེས་པར་དུ་ཁ་སྐོང་བྱེད་དགོས་པ་ཡིན། རྩོམ་ཡིག་དེའི་ནང་དུ་བདག་གིས་ཕྱི་ལོ་ ༡༩༩༡ ཡར་སྔོན་ལ་རྒྱ་བོད་འབྲེལ་མོལ་དང་འབྲེལ་བའི་ཐོག་ལ་ནུབ་ཕྱོགས་པའི་རྒྱ་ནག་ཐོག་ལ་གནོན་ཤུགས་དེ་ནི་ “ཁ་གཏད་རྣམ་དག་” ལྟ་བུར་འགྲེལ་བརྗོད་བྱས་ཡོད། ད་ལྟ་ཕྱི་ལོ་ ༡༩༩༡ ནས་བཟུང་འཛམ་གླིང་གི་འགྱུར་བ་དང་བསྟུན་ནས་ང་ཚོས་ “རྣམ་དག་” ཅེས་པའི་ཁྱད་ཚིག་དེ་ “ཁ་གཏད་” ནས་ཕྱིར་སྐྱུར་སྲིད་པ་ཡིན། ད་ལྟའི་ནུབ་ཕྱོགས་པའི་གནོན་ཤུགས་ཀྱི་དོན་ནི་སྔོན་མ་ལས་ཛ་དྲག་པའི་ལས་དོན་ཞིག་རེད། འདི་འདྲ་ཡིན་དགོས་པ་གང་ཡིན་ནམ།དྲི་བ་འདི་ལ་ལན་འདེབས་བྱས་པ་ལ་ང་ཚོས་ངེས་པར་དུ་ཤེས་རྟོགས་དགོས་པ་ནི་ཕྱི་ལོ་༡༩༦༠ མཇུག་དང་༡༩༧༠ འགོར་རྒྱ་ནག་དམར་ཤོག་ཐོག་ལ་ནི་སོན་ཀི་སིང་གྷར་སྲིད་བྱུས་ཀྱིས་བཟོ་ལྟ་ཞིག་སླེབས་པ་དེའི་རྒྱབ་ལྗོངས་ཀྱི་ཀུན་སློང་དང་གནས་སྟངས་རྣམས་ཡིན། སྲིད་འཛིན་ནི་སོན་དང་མཁས་དབང་ཀི་སིང་གྷར་ལྟ་བུ་ལ་མཚོན་ན་། རྒྱ་ནག་ནི་ཨེ་ཤེ་ཡའི་སྟོབས་ཆེན་རྒྱལ་ཁབ་ལྟ་བུ་བྱེད་རྒྱུའི་ཡིད་ཆེས་བྱས་ཤིང་དེས་སོ་ཝེཊ་གྱི་དབང་ཤུགས་གལ་སྲིད་འཛམ་གླིང་ལ་མིན་ནའང་ཨེ་ཤེ་ཡའི་ནང་དུ་ནུས་ཤུགས་མཉམ་པ་བཟོ་ཐུབ་ངེས། དུས་དེར་ཨ་རིའི་རྒྱལ་སྤྱིའི་སྲིད་བྱུས་ནང་དུ་རྒྱ་ནག་གི་ལས་འགན་ནི་རྒྱ་ནག་རང་ཡིན་པ་དང། གཞི་རྩའི་ཆ་ནས་ཀྱང་ཚང་མ་དེ་རང་རེད། རྒྱལ་སྤྱིའི་ལམ་ལུགས་ཀྱི་ཕྱོགས་གཉིས་ཀྱི་སྒྲིག་འཛུགས་ནང་དུ་ཡོད་པ་བཞིན་སྔོན་མ་ནས་ཕྱི་ལོ་༡༩༩༡ དབར་ལ་ཁྱབ་བརྡལ་ཕྱིན་ཡོད་ཅིང། རྒྱ་ནག་ནི་ལོ་ངོ་བཅོ་ལྔ་ལྷག་ཙམ་གྱི་རིང་ལ་སྟོབས་ཆེན་རྒྱལ་ཁབ་གཉིས་ཀས་ངོ་བསྟོད་བྱས་ཡོད། ཕྱོགས་གཅིག་གི་འཛམ་གླིང་དེ་ཇེ་ཆེར་འགྲོ་བཞིན་པ་དང་མཉམ་དུ་ད་ནི་རྒྱ་ནག་ལ་འོས་འཚམ་ཀྱི་དུས་ཚོད་ཅིག་ཡིན་པ་ངས་སྙན་སེང་ཞུ་རྒྱུ་ཡིན།
ཕྱི་ལོ་༡༩༩༡ ལོར་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཐོར་ཞིག་མཉམ་དུ་ཕྱི་ལོ་ ༡༩༧༡ ལོར་རྒྱ་ནག་ལ་ཨ་རིས་ལས་འགན་སྤྲོད་པ་དེ་དོན་དམ་དུ་དགོས་མེད་ཆགས་པ་རེད། སྤྱིར་བཏང་གི་ཆ་ནས་རྒྱ་ནག་ནི་ཨེ་ཤེ་ཡ་དང་འཛམ་གླིངནང་དུ་དབང་ཤུགས་མཉམ་པ་བཟོ་མཁན་རེ་བ་བྱེད་མཁན་གྱི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ‘གཞན་’ རྣམས་དོན་དངོས་སུ་མེད་པར་གྱུར་པ་རེད། མཚོ་ཁུག་དམག་གི་རྗེས་སུ་རྒྱ་ནག་གི་ཐོག་ལ་ཨ་རིའི་སྲིད་བྱུས་འགྱུར་བ་དེ་གསལ་པོ་ཆགས་པ་ནི་མངོན་གསལ་རེད། དཔེར་ན། ཏཱ་ལའི་བླ་མ་དང་མཉམ་དུ་སྲིད་འཛིན་བྷུཤ་གི་མཇལ་འཛོམས་ནང་། ད་ནི་རྒྱ་ནག་གི་ཐོག་ལ་ནུབ་ཕྱོགས་གཞུང་གི་སྲིད་བྱུས་ནི་རྒྱ་ནག་གི་དབང་ཤུགས་དེ་ཨེ་ཤེ་ཡའི་ནང་དུ་རྒྱས་བཞིན་ཡོད་པ་དེ་ཇི་ལྟར་བྱས་ནས་དོ་དམ་བྱེད་རྒྱུ་དང་རྒྱལ་སྤྱིའི་སྒྲིག་སྲོལ་ནང་དུ་རྒྱ་ནག་གི་ཆབ་སྲིད་ཀྱི་དམིགས་ཡུལ་གང་ཡིན་པ་བརྟག་དཔྱད་བྱེད་རྒྱུ་ཡིན་པ་གསལ་པོ་རེད། ཨ་རི་དང་ཕྷ་རན་སི་གཉིས་ཀྱི་ཐེ་ཝན་ལ་དམག་གི་གནམ་གྲུ་(F-16s and Mirage 2000) བཙོང་རྒྱུའི་ཐག་གཅོད་དེ་ནི་མ་འོངས་པའི་ལོ་ཟླའི་ནང་དུ་ཨ་རི་དང་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཚོས་ལག་བསྟར་བྱེད་དགོས་པའི་རྒྱ་ནག་གི་སྲིད་བྱུས་གསར་པ་འདིའི་བརྡ་མཚོན་བཟང་པོ་ཞིག་རེད།
བོད་ཀྱི་གཟུགས་བརྙན་དེ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་གསར་པ་འདིའི་ནང་དུ་གང་འདྲ་ཡོད་དམ། ནུབ་ཕྱོགས་སུ་བོད་དོན་འཐབ་རྩོད་ཐོག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་མངས་ཉུང་དྲགས་པ་མེད་ཅིང་། ད་དུང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་མངས་རྣམས་ཀྱིས་སོ་སོའི་གཞུང་ལ་བོད་ཀྱི་གནད་དོན་གླེང་དགོས་པའི་གནོན་ཤུགས་ཇེ་ཆེར་འགྲོ་རྒྱུའི་དོགས་པ་ཡོད་པ་རེད། འདི་ལྟ་བུ་ནི་ལོ་མང་རིང་བོད་ནང་དུ་ནུབ་ཕྱོགས་པའི་ཁེ་ཕན་གྲགས་ཅན་དེ་རེད། འོན་ཀྱང་ད་ནི་ངས་ནུབ་ཕྱོགས་པའི་དབང་ཤུགས་ཆེད་དུ་རྒྱལ་སྤྱིའི་གནས་སྟངས་གསར་པའི་ནང་དུ་བོད་ཀྱི་དཀའ་ངལ་འབྲེལ་བའི་ཐོག་ལ་དྲག་ཤུལ་ལྡན་པའི་རིགས་པའི་རྨང་གཞི་ཞིག་སྣང་། དཔེར་ན། ཨ་རི་དང་རྒྱ་གར་ལ་བོད་ཀྱི་གནད་དོན་དེ་ནི་རྒྱུན་དུ་ཁོང་ཚོ་དང་རྒྱ་ནག་གི་འབྲེལ་བ་དེ་སྟངས་འཛིན་དང་དོ་དམ་བྱེད་རྒྱུའི་ལག་ཆ་བེད་སྤྱོད་ཅན་ཞིག་ཡིན་པ་ཤེས་ཟིན་ཡོད། དེར་བརྟེན་ངས་ཏཱ་ལའི་བླ་མའི་ཆབ་སྲིད་ཀྱི་དགོས་འདུན་འགའ་ལ་རྒྱ་ནག་གི་མཁྲེགས་འཛིན་སྒོ་ནས་ཁས་ལེན་མ་བྱས་པ་དེ་ནི་ཉེན་ཁ་ཆེ་བ་ཞིག་མཐོང་གི་འདུག གཅིག་བྱས་ན་རྒྱ་ནག་གི་མཐར་ཐུག་ཁེ་ཕན་ནི་གནད་དོན་གཅིག་སྟེ་བོད་མི་གཅིག་པུས་མ་ཡིན་པར་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཚོས་ཀྱང་གསོན་པོར་གནས་སུ་བཅུག་པའི་བསུན་གཙེར་ཅན་གྱི་བོད་ཀྱི་གནད་དོན་འགྲིག་འཇགས་ཀྱི་ལམ་ཞིག་འབྲེལ་མོལ་བྱེད་རྒྱུའི་ནང་དུ་ཡོད་ངེས་པ་གསལ་པོ་རེད།
འདས་པའི་ལོ་ངོའི་ནང་དུ་འཛམ་གླིང་ཆབ་སྲིད་ཀྱི་སྣང་བརྙན་ནང་དུ་སྔར་གྱི་འགྱུར་བ་རྣམས་ལ་མ་ལྟོས་པར། རྒྱ་ནག་གི་བོད་པའི་གནད་དོན་ཐོག་ལ་འཛིན་པའི་གུ་དོག་པའི་བསམ་བློ་དེ་འགྱུར་བ་ཕྱིན་ཡོད་པ་མངོན་གྱི་མི་འདུག ཁོང་ཚོའི་ཉེ་འཆར་གྱི་དོན་ཚན་བཅུ་ཅན་གྱི་གྲོས་འཆར་(ཕྱི་ལོ་༡༩༩༢ ཟླ་བ་༨)གྱིས་བོད་མི་རྣམས་ལ་དམིགས་བསལ་ཁེ་དབང་གསར་པ་གང་ཡང་སྤྲད་མི་འདུག འདི་ནི་ཏིང་ཞའོ་ཕིང་གི་བསྒྲགས་གཏམ་་(ཕྱི་ལོ་༡༩༧༨ ཟླ་བ་༡༢ ཚེས་ ༣)དང་ཧུ་ཡའོ་ཕང་གི་དོན་ཚན་ལྔ་ཅན་གྱི་གྲོས་འཆར་(ཕྱི་ལོ་༡༩༨༡ ཟླ་བ་༧ ཚེས་༢༨)བསྐྱར་བཤད་དང་རྒྱས་བཤད་བྱས་པ་ཞིག་རེད། ཁྱད་པར་དུ་དོན་ཚན་བཅུ་ཅན་གྱི་གྲོས་འཆར་དེས་ཕྱི་ལོ་༡༩༧༨ ལོའི་ཏིང་ཞའོ་ཕིང་གི་བསྒྲགས་གཏམ་དེ་ངེས་པར་དུ་མ་འོངས་པའི་རྒྱ་བོད་འབྲེལ་མོལ་གྱི་ནང་དུ་མོས་མཐུན་བྱེད་དགོས་པ་བསྒྲགས་ཀྱི་ཡོད་ཅིང། བཙན་བྱོལ་“བོད་མིར་འཚམས་འདྲི་” ལྟ་བུ་ནི་དོན་ཚན་བཅུ་ནས་དོན་ཚན་གཅིག་རེད། ཁོང་ཚོས་རྒྱ་ནག་མཉམ་དུ་མུ་མཐུད་འབྲེལ་བ་བྱེད་རྒྱུའི་འདོད་པ་ཡོད་ཀྱང། དྷ་སའི་ཆབ་སྲིད་པ་མང་པོ་ཞིག་གིས་རྒྱ་ནག་གི་ཉེ་འཆར་བཙན་ཤེད་ཀྱི་ཞི་བདེ་སྐྲུན་རྒྱུའི་དོན་ཚན་བཅུ་ཅན་གྱི་གྲོས་འཆར་ལ་འདོད་པ་མེད་པར་གྱུར་ཡོད།
ཐུགས་སྣང་། རྩོམ་འདི་དབྱིན་ཡིག་ནས་བསྒྱུར་བ་ཞིག་ཡིན་པས་གལ་སྲིད་དོན་དང་ཐ་སྙད་སོགས་ལ་ནོར་འཁྲུལ་ཡོད་ཚེ་དགོངས་སེལ་ཞུ་རྒྱུ་ཡིན།
ཡག་པོ་བྲིས་འདུག་ཐུགས་རྗེ་ཆེའོ། དམན་ལ་གཅིག་ཏུ་རྩེ་བའི་མཛད་པ་ཅན་ཚད་ཆོས་ཟུང་འབྲེལ་༧རྒྱལ་བ་ཡིན་བཞིན་ནོར་བུས་གང་གི་ཆབ་སྲིད་ཀྱི་སྐུ་དབང་མི་དམངས་ཀྱིས་འོས་ཤོག་ཐོབ་པའི་བོད་པ་ལ་གནང་བ་ནི་རྒྱ་དམར་གྱི་སྟོང་བསམ་རེ་བ་དེ་མེད་པ་བཟོས་པ་ཞིག་རེད། རྒྱ་དམར་གྱིས་བསམ་ན་གོང་ས་མཆོག་མེད་པ་ཆག་ཉིན་མོ་བོད་པའི་འཐབ་རྩོད་དེ་རང་ཞིར་ཆག་ནས་ཅི་དགར་བོད་དེ་བཙན་བཟུང་བྱེད་མོས་གཞིན་བོད་དེ་རྒྱ་ཡུལ་ལ་སྒྱུར་དགོས་བསམ་པ་དེ་རེད། ཡིན་ན་ཡང་རྒྱ་དམར་སྟོང་བསམ་དེ་ལས་ལྡོག་ཏེ་བོད་གཞུང་ཇི་བརྟེན་དང་མི་དམངས་རང་ནས་གདམ་པའི་སྲིདསྐྱོང་་དང་དེ་ལ་ཆེ་མཐོང་སོགས་འཛམ་གླིང་ཧྲིལ་པོས་ཧ་གོ་དོན་གསལ་ཡིན། རྒྱལ་བ་རིན་པོ་ཆེས་བཀའ་སློབ་ལ། གྲ་སྒྲིག་སྡུག་ས་ནས་དང་རེ་བ་ཡག་ས་རྒྱབ་དགོས་ཞེས་པ་དེ་དངོས་གནས་ཧ་ལས་པའི་བཀའ་སློབ་ཞིག་དང་བཀའ་སློབ་དེ་ཆེ་ས་བོད་གཞུང་ནས་ཆུང་ས་་ང་རང་སྒེར་ཚུན་ལ་ཡིན། རྒྱ་དམར་རང་ནས་གསོས་པའི་བོད་ཕྲུག་ཚོ་ཡང་རྒྱ་རོའི་མི་རིགས་སྲིད་ཇུས་སོགས་ལ་ཞེན་པ་ལོག་པ་དང་ཕྱི་རྒྱལ་བྲོས་བྱོལ་ཕྱིན་ནས་ཕར་རྒྱ་རོའི་ཆབ་སྲིད་ཀྱི་གོ་རྟོགས་ཡོད་པའི་ཐོག་ནས་ཁ་གཏད་བྱེད་པ་སོགས་ཡིན། དཔེར་ན་ང་ཕོད་འཇིགས་མེད་ལྟ་བུ་ཡིན། ཡང་བོད་ནང་ལ་སྡད་ནས་དྲ་རྒྱ་སོགས་དེང་དུས་འཕྲུལ་ཆ་བེད་སྤྱོད་བྱེད་ནས་བོད་དོན་འཐབ་རྩོད་་བྱེད་པ་ལྟ་བུ་ཡིན། དཔེར་འོད་ཟེར་ལགས་ལྟ་བུ་ཡིན། ཡང་རང་སྲོག་བོད་པའི་ཆེད་དུ་ཕུལ་ནས་རྒྱ་དམར་ལ་ངོ་རྒོལ་བྱེད་པ་སོགས་བོད་པའི་འཐབ་རྩོད་སྔར་ལས་ཤུགས་ཆེ་རུ་འགྲོ་བ་ལས་ནམ་ཡང་མི་ཉམ་པ་ནི་མ་འོངས་པར་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་འདི་བོད་མི་རིགས་ཇི་སྲིད་དུ་ཡོད་པ་དེ་སྲིད་དུ་གནས་རྒྱུར་ཡིན་པའི་རྟག་ཡང་དག་ཡིན་པས་རྒྱ་རོས་སྟོང་བསམ་ནི་སྟོང་བསམ་ལས་ནམ་ཡང་འདའ་མི་རུང་བ་ཞིག་གོ། དེ་ཚོ་ཚང་མ་རྒྱལ་བ་ཡིན་བཞིན་ནོར་བུ། རྒྱལ་བ་བསྟན་འཛིན་རྒྱ་མཚོ། གོང་ས་ཏ་ལའི་བླ་མ། གོང་ས་ལྷ་མོ་དོན་འགྲུབ། གང་ཅན་མགོན་པོས་བཀའ་དྲིན་ཡིན་པས་ང་ཚོ་བོད་མི་ཚང་མས་གང་དྲིན་སྙིང་བཅང་དང་བོད་མི་ཡོད་དོ་ཅོག་ནས་མཐུན་སྒྲེལ་སྡོག་ཙ་ཆིག་བསྒྲིལ་འདི་ནམ་ཡང་ཉམ་པ་མེད་པར་ཉིན་ཞིག་རྒྱ་རོ་བོད་ནས་ཕྱིར་འཕུད་གཏང་ནས་རྒྱ་རྒྱ་ཡུལ་ལ་སྐྱིད་བོད་བོད་ཡུལ་ལ་སྐྱིད་པ་ཞིག་ཡོང་རྒྱུར་གོར་མཆག་གོ།་།།
ལེགས་སོ་་་་ཀརྨ་ལགས། མུ་མཐུད་དེ་འདི་འདྲའི་རིན་ཐང་ཆེ་བའི་རྩོམ་ཡིག་གང་མང་བོད་ཡིག་ཏུ་བསྒྱུར་གནང་ཡོད་པ་ཞུ། ང་ཚོའི་སྤྱི་ཚོགས་འདིར་ཡིག་བསྒྱུར་བ་ཉུང་བས་ཉིད་ཀྱིས་ཁ་སྐོང་ཡོང་བ་ཞུ་ལགས།