ཚྭ་རུ་མ་ཐབས་མཁས་ཀྱིས།
1) དྲན་སྣང་བན་བུན་སྐྱོ་ཤས་ཚོར་བ་རུ་བཞུར་བའི།།
ཨ་འཐས་སེམས་ཀྱི་མེ་ཏོག་འཇའ་རིས་ལྟར་ཡལ་དུས།།
ལས་བསྐོས་བཀའ་ལུང་འདི་ལ་སྡང་མིག་གིས་ཅེར་བཞིན།།
རྒྱུས་མེད་ཡུལ་ནས་མིག་ཆུའི་ཐིགས་པ་ཞིག་ལྷུང་བྱུང་།།
2) ཉེ་བའི་གཉེན་གྱི་ཕྱི་ཐག་རེ་བཞག་གིས་གླེང་ཞིང་།།
རྒྱང་རིང་མཛའ་མོའི་བརྩེ་བ་སྙིང་གཏམ་དུ་བཞུར་དུས།།
མི་རྟག་མི་ཚེའི་འདུན་མ་འདོད་ཐོག་ན་མེད་པའི།།
གཉེན་གྲོགས་མཉམ་འཛོམས་བྲལ་བའི་ངང་ཚུལ་འདི་སྐྱོ་བྱུང་།།
3) ཕ་གཅིག་བླ་མའི་ཞལ་གདམས་སྙིང་དབུས་སུ་བཅངས་ནས།།
འདུ་འབྲལ་སྙིང་པོ་མེད་པའི་ཆོས་ཉིད་ཀྱི་ཡོ་ལང་།།
སྙིང་པོའི་ཆོས་ལ་སྐུལ་པའི་གདམས་ངག་ཏུ་ཁྱེར་དུས།།
སྨྲ་བསམ་བརྗོད་མེད་ངང་གིས་སྐྱོ་སྣང་ཞིག་འཁོར་བྱུང་།།
4) སེམས་ཀྱི་དྲན་པ་འགོག་མེད་ཞེན་ཡུལ་དུ་ཤོར་ནས།།
དབང་མེད་ལས་ཀྱིས་མནར་བའི་མྱོང་སྣང་གི་ཚེར་མ།།
མངོན་གྱུར་བདེན་དཔང་ཚོར་བའི་གཏིང་རུམ་ན་སྦྲུམ་དུས།།
མཐར་ཐུག་དཔྱོད་པའི་ངེས་ཤེས་སྐྱོ་སྣང་གིས་འབར་བྱུང་།།
5) ཡོད་ཡོད་འདྲ་བའི་དྲན་སྣང་རྨི་ལམ་གྱི་ཟིན་བྲིས།།
འགྲུབ་མེད་འཁོར་བའི་ཟོ་ཆུན་འཁོར་ལོ་རུ་འཁོར་དུས།།
རེ་བཞག་རེ་བས་སླུ་བའི་རྣམ་སྨིན་གྱི་བདག་མོའི།།
སྒྱུ་མའི་སྒྱུ་འཕྲུལ་སྟོང་གིས་སེམས་པ་འདི་བསླུས་བྱུང་།།
6) རྨོངས་པ་མགལ་མེའི་འཁོར་ལོ་ལོ་ཟླ་རུ་འཁོར་ཞིང་།།
ཤ་ཚུགས་ཕྱི་མའི་རྣམ་ཤེས་རྨུ་ཐག་ཏུ་འཐེན་དུས།།
དྲན་འཆར་ཟ་ཟིའི་སྨྲེང་བ་མུན་ནག་གི་རྒྱ་མཚོ།།
ཐོལ་བྱུང་སེམས་ཀྱི་ཚོར་བ་མེ་སྟག་ཏུ་མཆེད་བྱུང་།།
7) རྩ་གསུམ་ལྷ་ཡི་དྲུང་དུ་རེ་གསོལ་གྱིས་འབོད་བཞིན།།
རྒྱུས་མེད་ཡུལ་དུ་གྲོགས་མེད་འཚོ་རྩིས་ལ་འབད་དུས།།
ཡོད་ཚད་ཁྱོགས་ལ་དཔྱངས་པའི་རྨི་ལམ་དང་འདྲ་བར།།
མི་རྟག་མི་ཚེའི་ཟློས་གར་ལྟད་མོ་ལ་སྐྱོ་བྱུང་།།
8) ཕ་མ་གཉེན་བཤེས་བྲལ་བ་རྒྱང་རིང་གི་ཡུལ་ན།།
རང་གི་གྲིབ་གཟུགས་མོག་པོར་སེམས་གཏམ་འདི་བཤད་དུས།།
དྲན་སྣང་སྐྱོ་བའི་གླིང་བུ་དལ་མོ་རུ་འབུད་བཞིན།།
སེམས་ཀྱི་མིག་ཆུ་རྒྱ་མཚོའི་ཕ་རོལ་ནས་ལྷུང་བྱུང་།། །།
༢༩ ༢ ༢༠༡༢ ཨོ་སི་ཁྲུའུ་ལེ་ཡ་རུ་བྲིས་པའོ། །
སྐྱོ་བའི་མིག་ཆུ་རྒྱ་མཚོའི་ངོགས་ནས་གཏོར།།
བརྩེ་བའི་སེམས་པ་ཨ་མདོའི་གྲོང་གསེབ་བསྐུར།།
ཆོས་ཉིད་རྒྱལ་མོའི་བཀའ་ལུང་བཙན་པོའི་འོག།
བརྗོད་མེད་སེམས་ཀྱི་སྡུག་བསྔལ་སུ་ཡིས་དཔོགས།།
མིག་ཟུང་ཞར་བའི་ལས་འབྲས་རྒན་པོ་འདི།།
ཁྱོད་ཀྱི་གཉའ་བར་ཧ་ཅང་བཙན་བཙན་འདྲ།།
འདུ་འབྲལ་སྐྱོ་ཤས་ཚོར་སྣང་བན་བུན་འདི།།
ཁྱོད་ཀྱི་སྙིང་ལ་ཅི་བས་འཐིབས་པ་འདྲ།།
ཨ་ཞབས་འདྲེན་པ་ཚོ།
བོད་ནང་རང་ལུས་མེར་བསྲེགས་གཏོང་གི་ཡོད་དུས། འདི་ནས་སྙན་ངག་ཐན་ཐུན་རེ་བྲིས་ནས་འདུག་གི་ཡིན་ནམ། ཚ་ཐབས་དང་ཐེ་ཤེར་ཟེར་བ་གཉིས་ཀ་བསམ་བློ་མེད་སའི་མི་བུའི་མིང་བྱང་རེ་འཁུར་ཅང་མེད་མཁན་ཡིན་པ་གསལ་འདུག
གདོང་ཡུ་ལགས་ལགས་ནས་བཀྱོན་ཕབ་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ། མ་འགྲིག་ས་དང་མི་འཕྲོད་ས་ཡོད་ན་ད་དུང་མུ་མཐུད་གཤེ་ཞིང་སྤྱོ་བར་ཞུ།