ཀླུ་སྨྱོན་ཧེ་རུ་ཀ
གླུ་འདི་དང་པོ་གང་ནས་འོངས།
གླུ་འདི་དང་པོ་གནམ་ནས་འོངས།
གནམ་གྱི་དགུ་ཚིགས་ངོས་ནས་འོངས།
སྤྲིན་གྱི་ཕྲ་ཚོམ་བརྒྱུད་ནས་འོངས།
འཇའ་ཚོན་སྐས་ཐེམ་ཉུལ་ནས་འོངས།
ཆར་བའི་རྒྱུན་དང་འདྲེས་ནས་འོངས།
གློག་དམར་འོད་དང་བསྡེབས་ནས་འོངས།
འབྲུག་སྒྲའི་ཟིལ་ནས་འགྲོགས་ནས་འོངས།
བར་སྣང་སྟོང་བར་འཁྱུད་ནས་འོངས།
ཉི་ཟླའི་སྣང་བར་འཇུས་ནས་འོངས།
རླུང་གི་དཀྱིལ་འཁོར་བརྒལ་ནས་འོངས།
རི་རབ་རྩེ་རུ་ལྷུང་བཞིན་འོངས།
ལྗོན་པའི་ཡལ་གར་འཐམ་བཞིན་འོངས།
མེ་ཏོག་འདབ་མ་སྒུལ་བཞིན་འོངས།
སྦྲང་མའི་གཤོག་པ་བཀྲུ་བཞིན་འོངས།
ཕྱེ་ལེབ་གར་སྟབས་སློབ་བཞིན་འོངས།
རྦབ་ཆུའི་ཟེགས་མ་འཐུང་བཞིན་འོངས།
ཞིང་གྲོང་དུ་ཞགས་སྣོམ་བཞིན་འོངས།
ཞིང་པའི་རྔུལ་ནག་སྐེམ་བཞིན་འོངས།
བྱ་ཕོའི་སྒོ་ང་རུམ་བཞིན་འོངས།
འབྲོག་སླས་ལྕི་བ་འཐུ་བཞིན་འོངས།
འབྲོག་མོའི་ཟུར་མིག་བཤོལ་བཞིན་འོངས།
འབྲོག་ཕྲུག་སྣབས་ཏོ་འབྱིད་བཞིན་འོངས།
དགོན་ཆེན་རྒྱ་ཕིབས་བགྲང་བཞིན་འོངས།
དུང་དཀར་རྒྱང་འབུད་ཉན་བཞིན་འོངས།
ལྷ་ཁང་རེ་རེར་མཇལ་བཞིན་འོངས།
གྲྭ་ཆུང་གཉིད་ལས་སློང་བཞིན་འོངས།
དབྱངས་གསལ་སོ་བཞི་སློབ་བཞིན་འོངས།
སློབ་གྲྭའི་ཅོང་བརྡ་སྒྲོག་བཞིན་འོངས།
སློབ་དེབ་གསར་བ་རྗེ་བཞིན་འོངས།
སློབ་སྨྱུག་རྩེ་མོ་གཞོག་བཞིན་འོངས།
དགེ་རྒན་སེམས་ཤུགས་སྤར་བཞིན་འོངས།
སྒོ་ཟོག་གཡུང་ལ་འཕབ་བཞིན་འོངས།
འོ་ཞོའི་བྲོ་བ་མྱོང་བཞིན་འོངས།
སྦྲང་དཀར་རྩམ་པ་རྫི་བཞིན་འོངས།
ནས་ཆང་བཙན་པོ་འཐུང་བཞིན་འོངས།
མིག་ཆུའི་སྙན་ངག་འབྲི་བཞིན་འོངས།
མཛེས་མའི་མྱོས་བུམ་སྐྱོམ་བཞིན་འོངས།
ཁྲག་གི་གཏམ་རྒྱུད་གྱེར་བཞིན་འོངས།
གངས་རིའི་སྐྱོ་གར་འཁྲབ་བཞིན་འོངས།
མུན་པ་མེ་ལ་སྲེག་བཞིན་འོངས།
འོད་སྣང་གཅལ་དུ་འགྲེམ་བཞིན་འོངས།
གཡུ་སྦྲའི་ཆོན་ཐག་སྒུལ་བཞིན་འོངས།
རི་སྒང་དར་ལྕོག་འཛུག་བཞིན་འོངས།
མ་ཎི་ཆུ་འཁོར་སྐོར་བཞིན་འོངས།
རྡོ་བརྐོས་བཀའ་བསྟན་རྩིག་བཞིན་འོངས།
ཕ་མཁར་སྨུག་པོ་འཚོལ་བཞིན་འོངས།
ཕ་ཡུལ་གངས་ལྗོངས་བསམ་བཞིན་འོངས།
ཕ་སྐད་སྙན་མོ་འཆད་བཞིན་འོངས།
ཕ་མེས་རྣམ་ཤེས་སྦྲུམ་བཞིན་འོངས།
ད་ནི་གླུ་འདི་གང་དུ་འགྲོ
གླུ་འདི་རྒྱ་མཚོའི་མཐིལ་དུ་འགྲོ།
བྱུ་རུའི་སྡོང་བོ་འཚོལ་དུ་འགྲོ།
འོད་ཀྱི་རྦ་རླབས་འགྱེད་དུ་འགྲོ།
ལྷིང་འཇགས་དུར་ས་འཚོལ་དུ་འགྲོ།
ལོ་སྟོང་གཉིད་དུ་ཡུར་བར་འགྲོ
ལོ་རྒྱུས་རྡོ་རུ་སྒྱུར་བར་འགྲོ
བདེ་བར་གྱིས་ཤིག་མགོ་ནག་བོད།
སྐྱིད་པར་བཞུགས་ཤིག་གངས་ཅན་པ།