ཨེ་མ་ཧོ།
ན་མོ་གུ་རུ་མ་ཧཱ་སངྒྷ་ཡེ།
ཀ་མ་ལ་ལྟར་ཐུགས་བསྐྱེད་རྨད་བྱུང་བའི།།
ཁ་སྦྱོར་བདུན་ལ་མངོན་པར་བྱང་ཆུབ་པ།།
ག་བུར་དབང་ལྟར་ཤེས་ཡོན་ལང་ཚོ་ཅན།།
ང་ཡི་ཆོས་མཆེད་རྒན་པར་འདས་མཆོད་འབུལ།།
ཅ་ཅོའི་ཆོས་བརྒྱད་གྲགས་པར་རྒྱང་དུ་དོར།།
ཆ་ལུགས་བཙུན་པ་ཤཱཀྱའི་དགེ་སྦྱོང་མཆོག།
ཇ་མདོག་ཆོས་གོས་གསོལ་བའི་གནས་བརྟན་ཉིད།།
ཉ་གང་སྤྲིན་པས་སྒྲིབ་བཞིན་གཟུགས་སྐུར་གཤེགས།།
ཏཱ་ཐ་ག་ཏའི་བསྟན་པ་ཚུལ་བཞིན་འཛིན།།
ཐ་དག་འཇིག་རྟེན་ཡང་དག་ཆོས་པ་སྐྱོང་།།
ད་དུང་མུ་མཐའ་ཁྱབ་པའི་སློབ་ཚོགས་སྤེལ།།
ན་མོ་གུས་པས་ཁྱེད་ལ་འདས་མཆོད་འབུལ།།
པ་ར་མི་ཏའི་ས་བཅུའི་ལམ་འབྲས་དག།
ཕ་བུའི་རྒྱུད་བཞིན་རྒྱ་ཆོས་ཡང་དག་པ།།
བ་ལས་བེའུ་གསོ་སྐྱོང་བྱེད་པ་བཞིན།།
མ་རྣམས་བྱམས་བརྩེ་ལྡན་པ་ཁྱེད་ལ་བསྟོད།།
ཙ་ར་མ་ཆོད་རྫུན་ཆེན་མ་བཤད་ཅིང་།།
ཚ་གྲང་དཀའ་སྤྱད་དམ་པའི་ཆོས་ལ་བརྩོན།།
ཛ་ཡའི་བསྟན་པ་ཚུལ་བཞིན་གསལ་མཛད་པ།།
ཝྰ་མཚན་རྒྱ་བླ་མྱ་ངན་འདས་པར་གུས།།
ཞ་ཉེ་དངུལ་མ་ནོར་བའི་ཚོང་པ་བཞིན།།
ཟ་དཀོར་ཁོ་ནས་མི་ནག་མི་གསོ་བར།།
འ་ཅག་ཤེས་ཡོན་སློབ་མ་སྐྱོང་བའི་མགོན།།
ཡ་མཚན་དམ་པ་རྒྱ་བླའི་ཕྲིན་ལས་བསྔགས།།
ར་བ་ཆོས་རའི་དགོན་པའི་བཤད་སྒྲུབ་གཙུགས།།
ལ་ལུང་དབེན་པའི་གནས་སུ་བཅད་རྒྱ་འབད།།
ཤ་ཟོས་དུག་དུ་འདོད་པའི་དཀར་ཟས་མཁན།།
ས་ཐོབ་སེམས་དཔའ་དམ་པ་ཁྱེད་མིན་སུ།།
ཧ་ཤང་མ་ཧཱ་ཡ་ནའི་བསྟན་པ་ལ།།
ཨ་ལགས་སྤྱང་དྲང་འཛོམས་པའི་དབང་ཐང་ཅན།།
ཚེ་ཆོས་གཞན་དོན་བཟང་པོའི་རྒྱ་བླ་ཉིད།།
དགོངས་པ་མཐའ་དག་ཡོངས་སུ་རྫོགས་གྱུར་ཅིག།
ཅེས་པ་འདི་ཡང་རབ་གནས་མེ་སྤྲེལ་ཟླ་ཚེས་དགེ་བ་འམ། ཕྱི་ལོ་༢༠༡༦ཟླ་༤་ཚེས་༨ཉིན་རྒྱ་ཡི་ཨ་ནེ་སུརྱ་དེ་བར་རྒྱུད་ནས་ཐའེ་ཝན་ཀྲུང་ཐའེ་བསམ་གཏན་དགོན་པའི་བསྟན་བདག་སློབ་དཔོན་ཆེན་མོ་ཝེས་བཅུའི་惟覺སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་ཕྲལ་ཤྲྰི་ཨེ་མ་ཧོས་དབྱིན་ཡུལ་རྫོགས་ཆེན་དུས་འཁོར་འོད་གསལ་ཆོས་གླིང་ནས་ཤར་མར་སྤེལ་བར་དགེའོ།།