ཚེ་རིང་གི་བུ།
སྔོན་ཆད། ང་རང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཕྱོགས་ལ་སྤྲོ་སྣང་ཆེན་པོ་ཡོད་པ་མ་གཏོགས། བོད་ཀྱི་སྲིད་དོན་གྱི་སྐོར་ལ་དེ་འདྲའི་ཨ་གསར་འདྲ་པོ་མེད་པ་དེ་ནི། རྡ་རམ་ས་ལར་ཡོད་པའི་བཙན་བྱོལ་བོད་གཞུང་དང་བོད་ཀྱི་སྐུ་དྲག་ཚོའི་འགྲོ་ལས་འདུག་སྟངས་སོགས་ཧ་ཅང་རྒྱུན་ལྡན་ཡིན་པ་དང་། སྐུ་དྲག་ཚོས་བཀའ་སློབ་རིན་པོ་ཆེ་བཙན་བྱོལ་བོད་མིའི་སྤྱི་རྒྱན་དུ་ཇི་ལྟར་བསྩལ་ནའང་། ང་ལ་ཚོར་སྣང་དང་རྔམ་དྲག་ཇི་ཡང་བྱུང་མ་མྱོང་བའི་སྟབས་ཀྱིས་ཡིན་པ་འདྲ། འོན་ཀྱང་། ལོ་ངོ་ཁ་ཤས་ཀྱི་སྔོན་དུ། གྲོགས་པོ་ཚོས་བོད་རྒྱ་གཉིས་ཀྱི་དབར་ལ་གྲོས་མོལ་ཞིག་སླར་ཡང་བྱུང་བ་རེད། གཅིག་ཐང་ན། བོད་ལ་བདེ་སྐྱིད་ཀྱི་ཉི་མ་འཆར་བ་ལ་དུས་ཚོད་རིང་པོ་འགོར་གྱི་མ་རེད་ཅེས་བཤད་པ་དེར། ངས་ཨུ་ཚུགས་ཀྱིས་བོད་རྒྱ་གཉིས་ཀྱི་དབར་ལ་གྲོས་མོལ་ཞིག་ཡོད་པ་ཙམ་གྱིས་བོད་ལ་འགྱུར་བ་འགྲོ་གི་མ་རེད་ཅེས་ལན་བཏབ། དགོང་མོ་དེར། ང་ཚོས་རྩོད་གླེང་རིང་པོ་ཞིག་བྱས། དེ་ནས་བཟུང་། ང་རང་བོད་དོན་གྱི་སྐོར་ལ་དོ་སྣང་མེད་པ་ནས་ཡོད་མཁན་ཞིག་ཏུ་གྱུར་བར་མ་ཟད། རྒྱ་རི་བློ་གྲོས་རྒྱལ་མཚན་ཟེར་བའི་མིང་འདི་ཡང་ངའི་ངག་ལ་བདེ་བོ་ཞིག་ཏུ་་གྱུར། ཡིན་ནའང་། རྒྱ་རི་ཚང་གི་བཞུགས་ཡུལ་བྱང་ཨ་རིར་ཡོད་སྟབས། མྱུར་ནས་མྱུར་དུ་ཁོང་གི་གསེར་ཞལ་ལ་མཇལ་ཐུབ་པའི་སྐལ་བ་མ་ལྡན།
ཉིས་སྟོང་གཅིག་གི་ལོར། ཁོང་གིས་རྒྱལ་བ་རིན་པོ་ཆེའི་དམིགས་བསལ་སྐུ་ཚབ་ཀྱི་མིང་ཐོག་ནས་རྒྱ་ནག་ལ་ཕེབས་ཏེ། ཕྱིར་རྒྱ་གར་དུ་ཕེབས་ནས་གསར་འགོད་པ་ཚོའི་དྲི་བར་དང་ལེན་གནང་གི་ཡོད་པར་མ་ཟད། སྐབས་དེར་ཡོང་བའི་བོད་མི་ཚོས་ཀྱང་ཁོང་ལ་དོ་སྣང་མི་ཆུང་བ་རེ་བྱེད་ཀྱིན་ཡོད་པ་དང་། གསར་འགོད་པ་ཚོས་གཟབ་གནན་གྱིས་རང་རང་གི་དྲི་བ་འདྲི་གིན་འདུག ཁོང་གིས་སྒམ་ཉམས་རང་བཞིན་ལྡན་པའི་ངང་ནས་ལན་མང་པོ་ཞིག་བཏབས་སོང་སྟེ། གསུང་བཤད་དག་མདོར་དྲིལ་ན། རྒྱ་ནག་གཞུང་གིས་ང་ཚོར་ཕེབས་བསུ་གནང་སྟངས་དང་། སྣེ་ལེན་གནང་སྟངས་ནི་གཟབ་རྒྱས་རེད། རྒྱ་ནག་གི་རྣམ་འགྱུར་ཧ་ཅང་ཡག་པོ་འདུག རྗེས་ཕྱོགས་ཀྱང་ང་ཚོའི་ཕྱོགས་ནས་གྲོས་མོལ་མུ་མཐུད་དུ་གནང་དགོས་ཀྱི་ཡོད་པ་རེད་ཅེས་པ་འདི་རེད། གསུང་བཤད་འདི་དག་ལ་ཧ་ལས་མ་སོང་སྟེ། དེ་ནས་བཟུང་། ཁོང་ལ་དོ་སྣང་ཆེན་པོ་བྱུང་། ངས་རྒྱུ་ཕྲག་དོག་གི་དབང་གིས་ཤོད་ཀྱིན་མེད་དེ། སྐབས་ཐོག་དེར་བཙན་བྱོལ་མི་མང་ཚོས་ཀྱང་ཁོང་ལ་དོ་སྣང་ཙམ་གྱིས་ག་ལ་ཚད་དེ། ཆེ་སར་བཞག་སྟེ་བརྩི་བཀུར་བྱེད་ཀྱིན་འདུག མ་གཞི་ནས་ཁོང་ཉིད་སྐུ་དྲག་ཅིག་དང་། རྒྱལ་བ་རིན་པོ་ཆེའི་དམིགས་བསལ་སྐུ་ཚབ་ཡིན་པའི་སྟབས་ཀྱིས་ཡིན་པ་འདྲ། དེའི་ལེགས་ཚོགས་ལ་བརྟེན་ནས་ཁོང་གི་གཟི་བརྗེད་བཙན་བྱོལ་སྤྱི་ཚོགས་ཙམ་མ་ཟད། ཨ་རིའི་ནང་དུའང་ཇེ་ཆེ་ནས་ཇེ་ཆེ་རེད། ཁོང་གིས་ཀྱང་གོ་སྐབས་བཟང་པོ་འདི་དང་བསྟུན་ནས་རྒྱ་ནག་ལ་ཐེངས་ཁ་ཤས་ཤིག་ལ་ཕེབས་སོང་། འོན་ཀྱང་། འབྲས་རྟགས་ལྡོག་ཕྱོགས་ནས་ཐོན་ཡོང་གི་འདུག
འདི་ཁོང་གི་སྐྱོན་གཅིག་པུ་ག་ལ་ཡིན་ཏེ། རྒྱ་ནག་ནས་བཙན་བྱོལ་དུ་ཕྱིར་ཐོན་ཐེངས་རེར་གསུང་བཤད་བསྐྱར་ལྡིབ་གནང་གི་འདུག་སྟབས། ངའི་སེམས་ཀྱི་དོགས་པ་རྣམ་རྟོག་ཆེན་པོར་གྱུར།
སྐབས་དེར། བོད་ཀྱི་དུས་བབ་སྟེང་དུ། ཁོང་གི་སྐོར་གྱི་རྩོམ་ཡིག་གཅིག་མཐོང་། ཁ་གསེང་ནས་བཤད་ན། རྩོམ་ཡིག་དེའི་ནང་དུ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་དབང་ཆ་ཧམ་འཛིན་དང་། དེ་ནི་དམངས་གཙོ་དང་མི་མཐུན་པ། ད་དུང་ཨ་རིར་ཁོང་ལ་སྒེར་གྱི་ལས་ཁུངས་རྫིག་པོ་ཡོད་པ་སོགས་བྲིས་འདུག སྤྱིར་ན། རྩོམ་ཡིག་འདི་ལྟ་བུ་ནི་གནད་འགག་ཆེ་སྟབས། བཙན་བྱོལ་བོད་གཞུང་གིས་དོ་སྣང་བྱེད་དགོས་པ་རེད་དེ། སུ་གཅིག་གིས་འདིའི་སྐོར་ལ་ཁ་གླ་ཐུབ་མ་སོང་། བོད་གཞུང་གི་སྐུ་དྲག་ཚོའི་ཁ་ལ་གཤེད་འབབ་མ་ཐུབ་པའི་རྐྱེན་གྱིས། ཁོང་གིས་སྒམ་སྒམ་རྫིག་རྫིག་དང་། རྒྱལ་ཞེན་ཆེ་མདོག་གིས་བོད་ཀྱི་རྒྱལ་བསྲིང་ལས་ཁུངས་ཁག་ཏུ་བོད་རྒྱའི་གནད་དོན་དང་། གཞིས་ལུས་མི་མང་ལ་འབོད་སྐུལ་གྱི་ཚུལ་དུ་སྐད་འདྲ་བསྐུར་གྱི་འདུག གཞན་དུ་ན། གསར་འགོད་པས་ཁོང་ལ་༸རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་རྗེས་མར་མ་འདས་སྤྲུལ་སྐུ་འབྱོན་མི་སྲིད་པ་མ་རེད། མ་འདས་སྤྲུལ་སྐུ་ཟེར་བ་དེ་གང་ལ་གོ་གི་ཡོད་པ་རེད་ཅེས་དྲིས་སོང་། ཁོང་ཉིད་སྤྲུལ་སྐུ་ཞིག་ཡིན་པའི་སྐད་ཆ་རེད་དེ། ལན་འདེབས་ཐུབ་མ་སོང་། ལྷག་པར་དུ། བོད་རྒྱའི་སྐོར་གྱི་དྲི་བ་མང་པོ་ཞིག་དྲིས་སོང་། ཁོང་ནང་བཞིན་གྱི་ལན་སྒམ་པོ་ཞིག་ཁྱོན་ནས་མི་འདུག ངའི་སེམས་ལ་མི་འདི་འདྲ་ཞིག་༸རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཅིག་དང་དེའི་ཁྲོད་ཀྱི་དམིགས་བསལ་སྐུ་ཚབ་ཅིག་ཏུ་ཇི་ལྟར་གྱུར་བ་ཡིན་ནམ་སྙམ། དྲང་མོར་བཤད་ན། སྐུ་ཚབ་ཅིག་གི་བོད་རྒྱའི་ལོ་རྒྱུས་མ་མཁྱེན་ན་དཔེ་བསགས་སོང་བ་རེད། སྐུ་ཚབ་ཚོས་རྒྱ་དཔོན་ཚོར་ལམ་དབུ་མ་གསལ་བཤད་བྱས་རྗེས། རྒྱ་དཔོན་ཞིག་གིས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་མ་རེད་དམ་ཅེས་ལབ་ན། སྐུ་ཚབ་ཚོས་བོད་འདི་རྒྱ་ཁོངས་མིན་པ་ལོ་རྒྱུས་ཀྱི་ངོས་ནས་དང་། དུས་རབས་ཀྱི་ངོས་དང་། ལོ་ཚིགས་ཀྱི་ངོས་ནས་སྒྲུབ་བྱེད་གཏོང་དགོས་པ་རེད། ངས་འདི་ལྟར་བཤད་དོན་ནི། རྒྱ་རི་ཚང་གི་གསུང་བཤད་ཁག་ལ་ཉན་ཐེངས་རེར། ཁོང་གིས་རྒྱ་ནག་གི་ལོ་རྒྱུས་ཕར་ཞོག བོད་ཀྱི་ལོ་རྒྱུས་ཀྱང་ཡག་པོ་ཞིག་ཤེས་ཀྱི་མེད་པ་གསལ་བོ་རེད།
ད་དུང་། མི་ཁ་ཤས་ཀྱིས་བཤད་ན། ལོ་སྔོན་མའི་རྒྱལ་སྤྱིའི་བོད་ཀྱི་སྐད་འབོད་ལས་ཁུངས་ཀྱི་འགྲོ་གྲོན་ཨ་སྒོར་ས་ཡ་ལྔ་ལྷག་དང་། ཁོང་གི་ལས་ཁུངས་ཀྱི་མ་རྩ་ནི་ཨ་སྒོར་ས་ཡ་གསུམ། ད་དུང་དེ་འབྲེལ་གྱི་ལས་ཁུངས་ཁག་ཡོད་པ། འདི་དག་བཙན་བྱོལ་བོད་གཞུང་དང་འབྲེལ་བ་མེད་པ་སོགས་ན་བརྟགས་ན། རྒྱ་རི་ཚང་ནི་སྐབས་འཚོལ་རིང་ལུགས་པ་ཞིག་ཡིན་པ་གསལ་བོ་རེད། འོན་ཀྱང་། བཀའ་བློན་རྣམ་པ་ཚོ་དང་སྤྱི་འཐུས་རྣམ་པ་ཚོས་ཀྱང་རྒྱ་རིས་གང་གསུང་ལ་བདེན་ཁ་སྤྲོད་ཀྱིན་འདུག ལྷག་དོན་རྒྱ་རི་ཚང་ལྟ་བུས་བོད་མི་མང་གི་མགོ་སྐོར་གྱི་འདུག རྒྱ་རི་ཚང་གི་གྲིབ་ནག་རིང་པོས་བོད་གཞིས་བྱེས་མི་མང་གི་མིག་འགེབ་ཀྱི་འདུག
མདོར་ན། ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཟེར་བ་ལྟར། ཕྱི་ཟླ་བཅུ་གཅིག་པའི་ཚོགས་ཆེན་སྟེང་དུ། ཞུགས་མི་ཚོས་མང་མོས་འོས་བསྡུའི་ལམ་ནས་འདི་འདྲའི་རིགས་ལ་དོགས་སློང་གིས་རྒྱ་རི་ཚང་ལྟ་བུ་དག་གནས་དབྱུངས་དང་། སྒོས་སུ་ལམ་དབུ་མ་བསྒྱུར་བཅོས་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་རེད། འདི་འདྲའི་རིགས་ལ་ཐག་གཅོད་ཅིག་མ་ཡོང་ཚེ། ང་རང་གང་ཟག་སྒེར་ངོས་ལ་མཚོན་ན། བོད་དོན་ཆེད་སྐད་འབོད་ཅིག་བྱེད་ན་དཀོན་མཆོག་གསུམ། དཔྱ་ཁྲལ་དངས་བླངས་ཕུལ་ན་དཀོན་གསུམ་གསུམ། མནའ་གཉིས་བསྐྱལ་བ་དེ་ཡིན། གང་ལྟར་གནས་སྟངས་འདི་དག་ལ་བསམ་བློ་རེ་བཏང་ཡོང་དུས། གཞིས་ལུས་མི་མང་དང་རང་སྲོག་བློས་བཏང་བའི་དཔའ་བོ་དཔའ་བོ་ཚོ་སྙིང་རྗེ་བསམ་ནས་བསྡད་ཡོད།
ཏག་ཏག་རེད། ད་དུང་རྒྱ་རི་ཚང་ལ་གྲིབ་ནག་དེ་འདྲ་ཅིག་གི་ག་ལ་ཚད། ད་སྐབས་སྤྱི་ཚོགས་ནང་སྐད་ཆ་གསར་བ་ཞིག་བཤད་ཀྱིན་ཡོད་པ་མ་རེད་དམ། རྒྱ་རི་ཚང་སྐུ་སྒེར་གྱི་ངོས་ནས་རྒྱ་ནག་ལ་འབྲེལ་བ་ཟབ་མོ་ཡོད་སྟབས་རྒྱ་ནག་གིས་བོད་དོན་ནི་ཏ་ལའི་སྐུ་སྒེར་གྱི་དོན་དག་ཅིག་ལས་བོད་མི་མང་གི་དོན་དག་ཅིག་མིན་ཞེས་མགྲིན་པ་མཐོན་པོས་བསྒྲགས་པ་འང་དོན་མེད་པ་ཞིག་ག་ལ་ཡིན། རྒྱ་རི་ཚང་དང་རྒྱལ་མཚན་གཉིས་ཀྱི་བུ་ཕྲུག་རྣམས་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཁྱེད་ཀྱི་འཇུག་ཏུ་གསུངས་བ་དེ་བདེན།་་་ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ།་་དེ་དངོས་ནས་རེད།་་ང་ཚོ་བོད་མི་ཚོར་སྐྱོན་ཆེ་ཤོས་ཤིག་ཡོད་པ་དེ་རང་རེད།་་དེའི་དཔེ་མཚོན་ལེགས་ཤོས་ནི་ཁྱེད་ཀྱི་རྩོམ་འདི་རེད།
ངས་རྒྱ་རི་ལགས་ཀྱི་ཕྱོགས་བྱེད་ཀྱི་མེད་དེ་དོན་དངོས་ཐོག་ཁོང་གི་ག་རེ་གནང་གི་ཡོད་མིན་གཟིགས་ནས་གསུངས་ན་ལེགས།་ཁོང་ནས་༧སྐུ་ཚབ་གནང་ནས་ལེགས་ཉེས་གཉིས་ཀ་བྱུང་ཡོད།་དེ་སྐོར་འགྲེལ་བརྗོད་གནང་ན་ཕན་ཐོག་ཡོད་།་་དེ་མིན་སྲང་ལམ་བར་གྱི་གཏམ་འདྲ་པོ་གསུངས་ན་མི་ལེགས།་་དེ་ནི་དྲ་རྒྱའི་སྦྱིན་བདག་ནས་གསུངས་བ་བཞོན་སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ།
རྒྱ་རི་ལགས་ཀྱི་གསུངས་པ་ལ་ཆབ་སྲིད་གནས་དོན་ཡོད་མི་སྲིད་དམ།་ཡང་ཁོང་ནས་བོད་ཀྱི་ལོ་རྒྱུས་མཁྱེན་གྱི་མེད་པ་དེ་རེད་དམ།་ཁོང་གི་བཅར་དྲིར་ལན་གནང་བར་གོ་དོན་ཐོལ་མ་མེད་དམ།་་དེ་ཚོ་ནི་གུས་པའི་དྲི་བ་ཡིན།
སྐྱོན་ཡོད་ན་སྐྱོན་བརྗོད་བྱེད་དགོས་རེད། ཚེ་རིང་བུས་བཤད་པ་འདི་རྨོངས་བཤད་རེད། ༡ རྒྱ་རི་རྒྱ་ནག་ལ་ཉིས་སྟོང་གཅིག་གི་ལོར་ཕེབས་པ་ནོར། ༢ ཁྱེད་ནས་སྐུ་དྲག་ཟེར་བ་གང་འདྲ་ཞིག་ལ་ངེས་འཛིན་བྱེད་ཀིན་ཡོད་དམ། ཕ་ཤུལ་བུས་འཛིན་གྱི་སྔོན་མའི་བོད་པའི་ལུགས་སྲོལ་དེ་ལ་གོ་བ་ཡིན་ན་རྒྱ་རིའི་ཕ་སྐུ་དྲག་སུ་རེད། གསལ་བོ་གསུངས་རོགས། ཕྱི་རྒྱལ་གྱི་སྐུ་ཚབ་ཚོ་ནི་འབྲེལ་བ་བྱེད་མཁས་པ་ཡིན་དགོས་པ་ལས་ལོ་རྒྱུས་པ་ཞིག་ཨེ་དགོས། ལོ་རྒྱུས་དང་ཆབ་སྲིད་གཉིས་ནི་ཆེད་ལས་ཁ་ཁ་རེད། ༣ རྒྱལ་སྤྱིའི་བོད་ཀྱི་སྐད་འབོད་ལས་ཁུངས་ཟེར་བ་འདི་གང་ན་ཡོད་པ་རེད། ས་གནས་དང་ཁ་བྱང་གསལ་བོ་འགོད་རོགས། ༤ མ་རྩ་ཨ་སྒོར་ས་ཡ་གསུམ་ཅན་གྱི་རྒྱ་རིའི་ལས་ཁུངས་ཀྱི་ས་གནས་ཡང་གསལ་བོར་གསུངས་རོགས་གནང། འདི་དག་ལ་ལན་འདེབས་མ་ཐུབ་ན་ཁྱོད་རྒྱ་མིའི་་སོ་བ་ནི་ཡིན། རྒྱ་རིའི་སྐྱོན་བརྗོད་ནང་དབུ་མའི་ལམ་ཅི་ཕྱིར་བཤད་ཀིན་ཡོད། བོད་དོན་ཆེད་སྐད་འབོད་ཅིག་བྱེད་ན་དཀོན་མཆོག་གསུམ། དཔྱ་ཁྲལ་དངས་བླངས་ཕུལ་ན་དཀོན་གསུམ་གསུམ། མནའ་གཉིས་བསྐྱལ་བ་དེ་ཡིན། ཟེར་བ་འདི་ཇབ་ཆུང་གི་སྐད་ཆ་རང་རེད། རྒྱལ་ཁབ་ཚང་མའི་ནང་ལྟ་བ་མི་མཐུན་པ་ཡོད་ནའང་དཔྱ་ཁྲལ་མི་འབུལ་ཟེར་བ་གོ་མ་མྱོང།ཁ་སང་སྟག་སྨྱོན་ཟེར་བ་ཞིག་གིས་ཡང་འདི་འདྲ་ཞིག་བཤད་འདུག མ་གཞི་སྐད་འབོད་དང་དཔྱ་ཁྲལ་ནི་ཁྱེད་ཀྱིས་བོད་དང་བོད་མི་མང་གི་ཐོག་ཁེ་ཕན་མང་པོ་ཞིག་བླངས་ཡོད་པ་དེའི་གླ་ལྟ་བུ་ཡིན་པ་ཡང་ཤེས་མི་འདུག་ག ཁྱོད་ནས་དཔྱ་ཁྲལ་ཕུལ་ཡོད་མེད་མི་ཤེས། གལ་ཏེ་ཕུལ་ཡོད་ན་འདིར་འདྲ་ཞུས་འགོད་རོགས། འགོད་མ་ཐུབ་ན་ཧམ་བཤད་ཡིན་པའི་རྟགས་ཡིན།
ངས་མཆན་གཞན་ཞིག་ཏུ་དོན་དག་མགོ་མ་ཚོས་པར་སྐྱོན་བརྗོད་བྱེད་པ་ཟེར་བ་དེའི་དཔེ་མཚོན་ཞིག་བཤད་ན་ཚེ་རིང་གི་བུ་ཟེར་བ་དང། དུས་ཀྱི་ཕོ་ཉ་ཟེར་བ་འདི་གཉིས་དེའི་དཔེ་མཚོན་ཡག་ཤོས་གཉིས་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནི་ཨ་རི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་པས་དེ་བོད་གཞུང་དང་སྤྱི་འཐུས་ལ་འབྲེལ་བ་ག་རེ་ཡོད་པ་རེད།
རྒྱ་རིས་དབང་ཆ་ཧམ་འཛིན་དང་སྒེར་གྱི་ལས་ཁུངས་ཟེར་བ་འདི་ཚོ་ཅི་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཁོ་རང་སྒེར་གྱི་རེད་ཟེར་གྱི་ཡོད་པ་མ་རེད་དམ། ལས་ཁུངས་འདིའི་མགོ་ཁྲིད་མཐོ་ཤོས་དེ་གློག་བརྙན་འཁྲབ་མཁན་གྲགས་ཆེན་རི་ཆར་ཌི་གྷེར་དང་རྒྱ་རི་གཞོན་པ་རེད། ལས་འགུལ་ཁང་འདིར་རྒྱུན་ལས་ཚོགས་མི་མང་པོ་ཞིག་ཡོད་པ་མ་ཟད་དེ་ལ་སློབ་སྟོན་བྱེད་མཁན་གྱི་ཚོགས་མི་སྐོར་ཞིག་ཀྱང་ལོགས་སུ་འདུག ལས་ཀ་སྒྲུབ་ཕྱོགས་ལ་ལྟ་རྟོག་བྱེད་མཁན་གྱི་ཚོགས་མི་ཡང་འདུག འགན་དངོས་སུ་འཁྱེར་མཁན་གྱི་ཚོགས་གཙོ་ཇོན་ཨ་ཁར་ལས་དང་ཚོགས་གཞོན་བུ་ཆུང་ཚེ་རིང་རེད། དེས་ན་ཁོ་རང་སྒེར་གྱི་ལས་ཁུངས་ཟེར་བ་དེ་ཧམ་བཤད་རེད། སྲང་ལམ་གྱི་གཏམ་བསྒྲུགས་པ་དང་། རྩོམ་གཞན་ཞིག་ཏུ་འདི་འདྲ་བྲིས་འདུག་ཅེས་གཡམ་རྒྱུགས་བྱེད་པ་ནི་མ་བརྟག་ཧོལ་རྒྱུགས་བྱེད་མཁན་གྱི་ཁྱི་གུའི་བརྟུལ་ཞུགས་ལས་མ་འདས།
རྒྱལ་བ་རིན་པོ་ཆེའི་དམིགས་བསལ་སྐུ་ཚབ་ཏུ་ཅི་ལྟར་གྱུར་མ་གྱུར་དེ་རྒྱལ་བ་རིན་པོ་ཆེས་ཐད་བསྐོ་གནང་བ་ལས་ཁོ་རང་ནས་ལྐོག་རྔན་སྤྲད་དེ་གོ་གནས་དེ་ཐོབ་པ་ཞིག་མ་རེད། ལམ་དབུ་མར་འབྲས་བུ་བྱུང་མ་བྱུང་དེ་དོན་དག་ལོགས་ཀ་རེད། སྔོན་མ་སྔོན་མའི་སྐུ་ཚབ་སུ་གང་གི་སྐབས་ལ་ཡང་འབྲས་བུ་མ་བྱུང་བ་རེད། དེ་རྒྱ་གཞུང་ལ་འབྲེལ་བ་ཡོད་པ་ཞིག་ཡིན་པ་རེད། སུ་གང་ལའང་ཁག་དཀྲི་ས་ཡོད་མ་རེད།
ངས་དོན་དག་ཐུང་ཐུང་འདི་འབྲི་བར་ཡང་། ཁོ་ཚོའི་དྲ་རྒྱ http://www.savetibet.org ཕྱིན་ནས་བལྟས་པ་མ་ཟད་དེར་ལས་ཀ་བྱེད་མཁན་དེ་འདྲར་ཡང་གནས་ཚུལ་ཐད་ཀར་འདྲི་རྩད་བྱས་པ་ཡིན། ཁོ་ཚོའི་དངུལ་དེ་ཡང་། རྒྱུན་ལས་ཚོགས་མི་སྒེར་སོ་སོའི་ལག་པ་ནས་དངུལ་གང་མཚམས་ཡོང་གི་ཡོད་པ་དང་། གཞན་ཚོགས་པ་དེའི་ནང་ཞུགས་མཁན་ཚོའི་ཚོགས་དངུལ་ལ་བརྟེན་ནས་ཡོང་གི་ཡོད་འདུག ཚོགས་པ་དེ་ནི་ད་བར་བོད་དོན་ལས་འགུལ་གྱི་ཚོགས་པ་རྣམས་ལས་ཚོགས་མི་མང་ཤོས་ཤིག་ཡིན་འདུག ཚོགས་མི་ཡང་ཕྱི་རྒྱལ་རྐྱང་རྐྱང་ལས་བོད་མི་མང་པོ་མེད་ཚུལ་ཟེར།
ཁང་རིན་ལ་དངུལ་འདི་འདྲ་ཞིག་ཕྱིན་འདུག་ཟེར་བ་དེ་འདྲ་ང་ཚོའི་ཇུས་གཏོགས་མ་རེད། ཁོ་ཚོར་རྒྱུན་ལས་ཚོགས་མི། སློབ་སྟོན་ཚོགས་མི། ལྟ་རྟོག་ཚོགས་མི། ལས་ཀ་སྒྲུབ་མཁན་གྱི་ཚོགས་མི་སོགས་དབྱེ་བ་མི་འདྲ་བ་མང་པོ་ཞིག་ཡོད་པ་དེ་ཚོ་ཚང་མས་བས་མ་བློ་བཏང་ནས་འགྲོ་སོང་གཏོང་གི་ཡོད་རྒྱུ་རེད། མ་གཞི་ཕྱི་རྒྱལ་ནས་ཁྱིམ་ཚང་ཞིག་ལ་མཚོན་ན་ཡང་འགྲོ་སོང་ཆེ་ཤོས་དེ་ཁང་གླ་མ་ཡིན་ནམ།
ཁོ་ཚོས་རྒྱལ་སྤྱིའི་ཐོག་གི་གནད་ཡོད་ལས་ཁུངས་ཁག་ལ་བོད་དོན་ཞུ་སྐུལ་གྱིས་མཚོན་ལས་འགུལ་རྒྱ་ཆེན་པོ་མང་པོ་ཞིག་གནང་གི་ཡོད་པ་དེའི་གནས་ཚུལ་དྲ་རྒྱའི་ཐོག་ཅིག་ཕྱིན་ནས་བལྟས་ན་ཧ་གོ་རྒྱུ་ཡིན་པ་རེད། ངས་གསལ་བཤད་བྱས་ནས་ངལ་བ་བསྟེན་དགོས་དོན་མི་འདུག དེ་ལས་ངས་ཤེས་པའི་དོན་དག་གཅིག་བརྗོད་ན། བོད་ལ་ལྟ་བ་ཟེར་བའི་རྒྱ་ཡིག་གི་ཚགས་པར་དེ་གཅིག་པོ་སྟོང་ཕྲག་ཁ་ཤས་དཔར་ཏེ་ཕྱི་ནང་གཉིས་སུ་འགྲེམས་ཀྱི་ཡོད་པ་དེ་ངས་ཤེས།
ངས་འདིར་རྒྱ་རི་ལ་སྐྱོན་ཡོད་པ་མ་རེད་ཟེར་གི་མེད། སྐྱོན་ཏན་ཏན་ཡོད་རྒྱུ་རེད། སྐྱོན་དེ་ཚོ་ཤེས་པའི་ཐོག་ནས་རྒྱུ་མཚན་རེ་རེ་བགྲངས་ཏེ་སྐྱོན་འདོན་བྱས་ན་རྒྱབ་སྐྱོར་ཡོད། རྒྱུ་མཚན་མེད་པའི་སྐད་ཆ་བཤད་ན་དེ་དཀྲུག་ཤིང་རེད། རྒྱ་གཞུང་གིས་དངུལ་སྤྲད་དེ་སོ་བ་ཞིག་བཏང་ན་ཡང་སྤྱི་ཚོགས་ནང་དཀྲུག་ཤིང་རྒྱག་པ་དང་འགངས་ལ་ཐུག་དུས་མི་མང་གི་སེམས་ཤུགས་གཅོག་པ་ལས་ལྷག་ཅིག་བྱེད་རྒྱུ་ཨེ་ཡོད་སྙམ།
ང་ཚོས་མུ་མཐུད་འདི་འདྲ་ཁུངས་སྐྱེལ་དང་འགན་འཁུར་མེད་པའི་སྐད་ཆ་རྐྱང་རྐྱང་བྲིས་ཡོང་ན། བར་སྐབས་ཤིག་ལ་རྩོམ་བྲིས་མཁན་ཡིན་ཟེར་ན་སྤྱི་ཚོགས་ནང་ཐུ་ལུ་འདེབས་ས་ཞིག་ཏུ་མི་ཆགས་པའི་ངེས་པ་མི་འདུག་སྙམ། རྩོམ་པ་པོ་ཟེར་ན་སྤྱི་ཚོགས་ནང་གྲམ་རིམ་དམའ་ཤོས་ཤིག་ཏུ་མི་ལྷུང་བའི་ངེས་པ་མི་འདུག
ཕྱག་གཉིས་པས་བཤད་པའི་སྐད་ཆ་འདིས་ང་ལ་ཡང་བསྐྱར་འདང་ཞིག་རྒྱག་དགོས་པ་བཟོས་བྱུང་། རྒྱ་རི་ལ་སྐྱོན་བརྗོད་བྱེད་མཁན་གྱི་ལྟེ་བ་ཞིག་ང་ཡིན། ངས་ཐོག་མ་ཉིད་ནས་རྒྱ་རི་ལ་བྱས་རྗེས་ཡོད་པ་མ་རེད་ཅེས་བཤད་ཀྱིན་མེད་བརྗོད་ཡོད། འདི་གསལ་པོར་མཁྱེན་པ་གནང་རོགས། དེ་ནས་ངས་གཙོ་བོར་ང་ཚོའི་གཞུང་གི་གོམས་གཤིས་ཤིག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད། སྐྱོན་བརྗོད་འདི་གནད་དོན་གྱི་ངོ་བོ་ཞིག་ལས་གོམས་གཤིས་ཀྱི་གནད་དོན་ཞིག་ཏུ་གཞོལ་བར་གྱུར་ཡོད། ངས་ཀྱང་རྒྱལ་སྤྱིའི་བོད་དོན་སྐད་འབོད་ཟེར་བའི་སྐོར་ཤེས་ཀྱི་ཡོད་ལ། ཁོང་ཚོའི་དྲ་ཤོག་ལ་ཡང་བལྟས་པ་ཡིན། ཨ་རིའི་གཞུང་ལ་དེབ་བསྐྱལ་བྱས་པའི་ཚོགས་པ་ཟེར་བའི་དར་ཆ་འདི་འཕྱར་ནས་བོད་གཞུང་ལ་ཁ་བཙུམས་ཟེར་གི་ཡོད། གནད་དོན་འདི་བོད་ཀྱི་ཐེབས་རྩ་ལ་ཡང་གཅིག་པ་ཡིན། རྒྱ་གར་གཞུང་ལ་དེབ་བསྐྱལ་བྱས་པའི་ཚོགས་པ་ཡིན་ཟེར་ནས་བོད་གཞུང་ལ་ཁ་བཙུམས་ཟེར་གི་ཡོད། འདི་ཡང་རིགས་གཅིག་གི་ནང་ཡོད། དེ་ལས་འདི་གོམས་གཤིས་ཀྱི་གནད་དོན་ཡིན་ཟེར་གི་ཡོད། ད་དེ་ནས་ལྟ་བའི་གནད་དོན་གཅིག་ཡོད། སྒོར་མོ་ཡོང་ཁུངས་བོད་རིགས་ཡིན་མིན་དེ་ངས་བཤད་ཀྱི་མེད། སྒོར་མོ་དེ་ “བོད་དང་བོད་མིའི་མཚན་ཐོག་ལ་”ཡོང་བ་རེད་ཅེས་བཤད་ཀྱིན་ཡོད། བོད་དང་བོད་མིའི་མཚན་ཐོག་ལ་ཡོང་དུས་དེ་ལ་དཔག་པའི་བོད་དང་བོད་མིའི་སྤྱི་དངུལ་ཞིག་ཀྱང་ཆགས་ཀྱི་ཡོད། ལས་བྱེད་ནང་བོད་རིགས་ཡོད་པ་ངས་ཀྱང་ཤེས། དེ་ནས་འགན་འཛིན་སུ་ཡིན་གྱི་སྐད་ཆ་དེ་རེད། ཚོགས་པ་འདི་དང་པོ་སུས་བཙུགས་ཀྱི་སྐོར་ལ་ཡང་བསམ་བློ་ཐོངས། འགན་འཛིན་ལྟེ་བ་དེ་རྒྱ་རི་ཡིན་པ་གསལ་པོ་ཡིན།
དེ་ལྟར་བཤད་ཟིན་པའི་རྗེས་ལ་ངས་ཡང་བསྐྱར་གཅིག་བཤད་ན་འདོད། འདི་ནི་ངས་རྒྱལ་སྤྱིའི་བོད་དོན་སྐད་འབོད་ཚོགས་པས་བྱ་བ་ལེགས་པོ་སྒྲུབ་གི་མི་འདུག་ཅེས་བརྗོད་ཀྱིན་མེད། ཁོང་ཚོས་བོད་ཀྱི་ཤེས་ཡོན་པ་ཚོར་ལས་འཆར་གྱི་སྒོར་མོ་སྤྲད་པ་དེ་གཅིག་པུས་ཀྱང་བོད་ཕྱི་ནང་གཉིས་ལ་ཕན་ཐོགས་བྱུང་ཡོད།
ངས་དྲན་ཚོད་ལ། བོད་གཞུང་སྨན་རྩིས་དང་། བོད་ཀྱི་དཔེ་མཛོད་ཁང་གཉིས་ཀྱང་རྒྱ་གར་གཞུང་ལ་དེབ་བསྐྱལ་བྱས་ཡོད་པ་རེད་བསམས། ཡིན་ན་ཡང་བོད་གཞུང་རྩིས་ཞིབ་ལས་ཁུངས་ཀྱིས་ལོ་རེ་རྩིས་ཞིབ་བྱེད་ཀྱི་ཡོད། ཨ་རིའི་གཞུང་ལ་དེབ་བསྐྱལ་བྱས་པ་ཡིན་ཞེས་བོད་གཞུང་གིས་རྩིས་ཞིབ་བྱས་མི་ཆོག་པ་གང་ཡིན་ནམ།
བརྒྱ་བཤད་ཚིག་གི་རྩ་བ་དང་སྟོང་བཤིགས་འོ་མའི་མར་ལོ་སྟེ། རྒྱ་རི་བཀའ་ཁྲིར་བདམས་ན་དགེ་སྐྱོན་ཅི་ཡོད་གསུངས་དང་།
བོད་ཕྱི་ནང་གཉིས་ལ་ཕན་ཐོགས་བྱས་ཡོད་པ་ཤེས་བཞིན་ད་དུང་འདྲ་མིན་བཤད་པ་འདི་ཀུན་སློང་འགྲིག་ཡོད་པར་སུས་འགྲེལ་བརྗོད་བྱེད་ཐུབ་ཀི་རེད། མི་ཤེས་ཤེས་ཁུལ་བྱས་ན་ཐན། ཤེས་བྱ་ཁོག་ལ་བཅུག་ན་ཐན་ཟེར་བ་འདི་ཁྱོད་རང་གི་གྲངས་ལ་བཤད་པ་ཅི་ལ་མིན། ད་དུང་གནད་མི་ཐེག་པ་གང་འདུག་ཟེར་ན་ཁྱོད་ཅག་གིས་རང་རེའི་གནས་སྟངས་ལས་བརྒལ་པའི་སྐད་ཆ་ཏག་ཏག་ལས་དོན་ངོ་མ་ཤོད་པའི་ཁ་འབྱར་ནས་ཡོད་པ་འདི་དང་། ག་དུས་ཡིན་ནའང་གཞིས་བྱེས་མི་མང་གི་སེམས་ཤུགས་སྤར་བ་ལས་ལྡོག་སྟེ་སེམས་པ་སོད་གང་ཐུབ་བལྟ་བ་འདི་རེད། །
མགོ་མ་རྟ་ཁྲིད་དང་གཞུག་མ་ལུག་ཁྲིད་ཟེར་བ་ལྟར། ཚེ་རིང་གི་བུ་ཟེར་བ་འདི་ལ་ཀླུ་སྨྱོན་གྱི་གྲུབ་རྟགས་ཀྱི་གྲིབ་ཕོག་པ་རེད། འདི་ཁ་སྔོན་ཞིག་ནས་ཚ་འཕྲུལ་དུ་སོང་སྟེ་ལོ་རྒྱུས་ཀྱི་རྫབ་དོང་དུ་མཆོངས་ནས་རྩིས་པ་ལུང་ཤར་གྱི་མིག་རིལ་གཉིས་བྲུས་ཤུལ་ན་ངུ་སྐོར་བྱས་ནས་བསྡད་འདུག ངས་དེ་ནས་མ་འདུག་མདུན་ལ་འགྲོ་ཞེས་ངུ་ཁ་ཨེ་ཆོད་ཅིག་བལྟས་པ་ཡིན། ད་འདིས་རྒྱ་རིའི་སྐོར་བཤད་སྲོལ་ལ་བལྟས་ན་ཚ་བ་ཅུང་མར་བབས་ཡོད་པ་འདྲ། འདི་མཐའ་ནས་མ་འཇོག་དཀྱིལ་ལ་ལོངས། འདིའི་གཉའ་ནས་མ་འཇོམས་ཞབས་ནས་སྐྱོར། འདིས་མནའ་བསྐྱལ་སྲོལ་ལ་ཅིག་ལྟོས་དང་། ད་དུང་འོ་དྲི་ཡང་དག་མི་འདུག དྲིན་ཆེན་དགའ་ལྡན་ཚོ། འདིའི་ཐོག་ལ་རུབ་མ་བརྒྱག འདི་ཚ་འཕྲུལ་ལ་སོང་བ་རེད། མི་ལན་དགུ་ལན་ཀླུ་སྨྱོན་ཡིན་ན་གྲུབ་ཅན་པོ་དེ་ཡིན། བཀའ་བློན་གྱི་འོས་གཞི་ཟེར་བའི་གནམ་ཡིག་ཅིག་ཁ་བརྡ་ཚང་ལ་འཁྱེར་ཡོང་བ་དེ་ནས་བཟུང་འདི་ཚ་འཕྲུལ་ལ་བུད་ཐལ།
གལ་ཏེ་དྲ་རྒྱ་འདི་རིག་པའི་གཞུང་ལུགས་དང་ཁྱོག་བཤད་མེད་པའི་ཐོག་ནས་གྲོས་བསྡུར་གནང་སའི་གླེང་སྟེག་ཞིག་ལ་ངོས་འཛིན་ཡོད་ན་ཚེ་རིང་གི་བུ་ལགས་དང་གཡང་སྐྱབས་རྒྱལ་ལགས་ལྟ་བུ་ནས་དགོངས་པ་བཞེས་དགོས་འདུག
དམངས་གཙོའི་ནང་གལ་ཆེ་ཤོས་དེ་སྨྲ་བརྗོད་རང་དབང་རེད། ང་ཚོས་རང་དབང་དེ་བེད་སྤྱོད་སྐབས་ཀུན་སློང་ཡག་པོ་འཁྱེར་དགོས། གངས་ཅན་སྐྱིད་གཤོངས་ཀྱི་ཆབ་སྲིད་མི་ལེགས་པ་དེ་དཔེ་ལྟ་རྒྱུ་མིན་འདུག
རྒྱ་རི་ལགས་ཀྱི་ཆབ་སྲིད་ལས་དོན་ཐོག་དགོངས་འཚུལ་ཡོད་ན་དེ་རྒྱུ་མཚན་བཅས་པར་གསུངས་རོགས། གལ་ཏེ་ཁོང་ནས་སྤྱི་དངུལ་སྒེར་འཁྱེར་གནང་བ་ཡོད་པ་ཡིན་ན་དེ་བཞིན་ཁུངས་རྐྱེལ་ཐོག་གསུངས་རོགས། འོན་ཀྱང་རྒྱུ་མཚན་མེད་པ་དང་འབྲེལ་བ་མེད་པར་སྒེར་ལ་དམོད་ཚིག་གནང་ན་དབྱིན་སྐད་ཐོག་པར་ས་ནལ་ཨེ་ཀྲེག་ཟེར་བ་དེ་ཆགས་པ་རེད།
གལ་ཏེ་ཨཡེ་སི་ཀྲི་ཚོགས་པའི་ལས་དོན་ཐོག་དགོངས་འཚུལ་ཡོད་ན་དེ་ཡང་གསུངས་རོགས། ང་ཚོ་བོད་མི་ཡིན་པའི་ཆ་ནས་བོད་པ་དང་འབྲེལ་བ་ཡོད་པའི་ཚོགས་པའི་སྐོར་ཤེས་འདོད་ཡོད་། དཔེར་ན་ཚོགས་པ་དེའི་དངུལ་གྱི་གནས་སྟངས་ལ་མཚོན་ན་ཨ་མི་རི་ཀར་དེབ་རྐྱེལ་ཡིན་པ་ཞིག་ཡིན་སྟབས་རྩིས་ཞིབ་ཁྲིམས་ལུགས་མཚུངས་པ་ཡོད་ཀྱི་རེད། དེ་འདྲ་མེད་པ་ཡིན་ན་ཨ་རི་ས་ཆ་ལ་ནུས་པ་མེད་པའི་བོད་གཞུང་གི་རྩིས་ཞིབ་ལས་ཁུངས་ལས་ཁྱེད་ནས་ཨ་རི་གཞུང་གི་ཨཡེ་ཨར་ཨེསིར་འབྲེལ་བ་གནང་ན་ཕན་ཐོག་ཆེ་བ་ཡོད་།
གང་ལྟར་ཀུན་སློང་ཡག་པོ་ཡོད་ན་བསམ་ཚུལ་བཤད་སྟངས་ནས་ཧ་གོ་ཡི་རེད། ང་ཚོའི་སྤྱི་ཚོགས་ལ་སྤྱི་པའི་མིང་འཁྱེར་མཁན་མང་པོ་ཡོད་རེད་དེ་སྤྱི་པའི་འགན་འཁྱེར་མཁན་དཀོན་པས་ཁོང་རྣམས་དོན་མེད་སེམས་ཤུགས་ཆགས་མ་བཅུག་རོགས་གནང་།
བསོད་དབང་ཞུ་བ་ལ། ཁྱེད་ཀྱིས་ང་མིང་འདོན་གྱིས་སྐྱོན་བརྗོད་བྱས་པ་དེར་ངས་ལན་འདེབས་འདི་འབྲི་དགོས་བྱུང་། སྐད་ཆ་བཤད་སྟངས་འགྲིག་མིན་གྱི་ཐོག་ནས་ཀུན་སློང་ལ་དྲི་བ་གཏོང་བ་དང་། དེ་ནས་རྒྱ་མིའི་སོ་པ་རེད་ཟེར་བ་འདི་ང་ལ་མཚོན་ན་ཡང་གསར་པ་ཞིག་མིན། འཇིགས་སྐུལ་བྱས་ནས་མི་ལ་ཁ་བཙུམས་ཟེར་གི་ཡོད་རེད།
ཐེངས་འདིར་ངས་སྐད་ཆ་དྲང་པོ་དང་གསལ་པོར་བཤད་ཡོད། འདིར་དོན་ཚན་རེ་རེ་བྱས་ནས་འགོད་གི་ཡིན།
༡ ཁྱེད་ཀྱིས་ང་ལ་བསླབ་བྱ་བརྒྱབ་པ་དཔེར་ན། དབྱིན་ཇིའི་སྐད་ལ་འདི་དང་དེ་རེད་ཟེར་བ་སོགས་ནི་བསླབ་བྱ་རང་རེད། དེ་ལ་བཤད་རྒྱུ་གང་ཡང་མི་འདུག
༢ རྒྱ་གར་གཞུང་དུ་དེབ་བསྐྱལ་བྱས་པའི་ཚོགས་པ་ཞིག་ལ་བོད་གཞུང་གིས་རྩིས་ཞིབ་བྱས་ཆོག་པ་ཞིག་ལ་ཨ་རིར་དེབ་བསྐྱལ་བྱས་པའི་ཚོགས་པ་ཞིག་བོད་གཞུང་གིས་རྩིས་ཞིབ་བྱས་མི་ཆོག་པ་གང་རེད་ཟེར་བ་འདིའི་དོན་གྱི་གཙོ་བོ་ནི། རྒྱལ་སྤྱིའི་སྟེང་ཐོག་མར་བོད་ཀྱི་ཚོགས་པ་ཡིན་པ་གང་ཞིག་ལ་དེ་ཡང་བོད་གཞུང་གི་མི་སྣས་༧རྒྱལ་བ་རིན་པོ་ཆེ་དང་བོད་མི་མང་གི་མཚན་ཐོག་ནས་བཙུགས་པ་དེ་རིམ་གྱིས་སྒེར་བདག་གི་ཚོགས་པར་གྱུར་ནས་བོད་གཞུང་ལ་ཐེ་བྱུས་གང་ཡང་མེད་པ་ཆགས་དང་ཆགས་བཞིན་ཡོད། འདིའི་དཔེ་མཚོན་གསལ་པོ་ཞིག་ནི། ནིའུ་ཡོག་བོད་ཀྱི་ཐེབས་རྩ་ཟེར་བ་དེ་རེད། བར་ལམ་ཞིག་ལ་དོན་གཅོད་ཁང་གིས་ཐེབས་རྩ་ལ་ཁང་གླ་ཚུན་ནས་སྟེར་དགོས་བྱུང་ཡོད་པ་རེད། ICT ཟེར་བ་འདི་ཡང་འདིའི་གྲས་ལ་མི་འགྲོའམ། ངས་ཚོགས་པ་འདི་ལ་རྩིས་ཁྲ་ཡག་པོ་མི་འདུག་ཟེར་གི་མེད། ཚོགས་པ་ཚོའི་ནང་ནས་རྩིས་ཁྲ་གསལ་ཤོས་ཤིག་ཡིན་རྒྱུ་རེད། ལོ་རེའི་རྩིས་ཁྲ་ཚང་མ་ཕྱི་གསལ་ནང་གསལ་བྱས་ནས་ཁོ་ཚོའི་དྲ་རྒྱའི་ཐོག་བཀོད་འདུག ཡིན་ན་ཡང་རྒྱལ་བ་རིན་པོ་ཆེའི་དམིགས་བསལ་སྐུ་ཚབ་ཀྱི་ལས་ཁུངས་འདི་ལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཁང་ནིའུ་ཡོག་ཏུ་ཡོད་པ་དེ་དང་མི་མཚུངས་པའི་དབྱེ་བ་ཞིག་འབྱེད་དགོས་པ་འདི་ཅི་རེད། ཉིན་མ་གཅིག་རྒྱ་རི་རིན་པོ་ཆེས་ལས་ཁུངས་འདི་བོད་གཞུང་ལ་རྩིས་འབུལ་བྱས་པ་ཡིན་ན་དངོས་གནས་རྒྱ་རི་རིན་པོ་ཆེ་ལ་ཐུགས་རྗེ་ཆེ་ཞེས་རྒྱུ་ཡིན་པ་རེད། དེ་མིན་ཕྱིན་གླེང་རྙོག་འདི་མུ་མཐུད་ནས་ཡོང་ངེས་རེད།
༣ ངས་སྒོར་མོའི་ཐོག་ནས་སྐད་ཆ་ཞིག་བཤད་གིན་ཡོད། སྒོར་མོ་གཅིག་ཡིན་ཡང་དེ་བོད་དང་བོད་མིའི་མིང་ཐོག་ལ་ཡོང་ན། དེ་ལ་བོད་གཞུང་གིས་ཐེ་བྱུས་བྱེད་འོས་ཟེར་བ་དེ་ཡིན། བོད་ལ་སྟེར་མཁན་གྱི་སྒོར་མོ་མང་པོ་ཞིག་ནི་བོད་ནང་གི་མནར་གཅོད་དང་དམར་གསོད་ཐེབས་པ་དེ་ཚོའི་པར་བསྟན་ནས་དང་པར་མཐོང་ནས་ཡོང་གི་ཡོད། འདི་འདྲ་ལ་དམིགས་བསལ་གྱིས་བོད་གཞུང་གིས་ཐེ་བྱུས་བྱེད་འོས་པ་རེད།
༤ ད་ནི་སྐད་ཆ་གསར་པ་ཞིག་བཤད། རྒྱ་རི་རིན་པོ་ཆེའི་དམིགས་བསལ་སྐུ་ཚབ་ཀྱི་གོ་གནས་འདི་བཅའ་ཁྲིམས་ནང་ན་ཡོད་པའི་གོ་གནས་ཤིག་མ་རེད། བྱས་ཙང་། འདི་ནི་༧རྒྱལ་བ་རིན་པོ་ཆེས་ཐད་ཀར་གསོལ་རས་གནང་བའི་གོ་གནས་ཤིག་རེད། འདི་འོས་འདེམས་བྱས་པ་ཞིག་མ་རེད། དེ་བས་མི་མང་གིས་གོ་གནས་འདི་སྤར་བ་དང་ཕབ་པ་བྱེད་པའི་དབང་ཚད་མེད་པ་ངས་ཤེས་ཀྱི་ཡོད། ཡིན་ན་ཡང་འདས་པའི་ལོ་བཅུ་དང་ཉི་ཤུར་ཉེ་བའི་རིང་འདིར་དམིགས་བསལ་སྐུ་ཚབ་ཀྱི་དབང་ཚད་དེས་བོད་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་དེ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་རེད་ལ། རྒྱའི་ཕྱོགས་ནས་བོད་གཞུང་གི་མི་སྣ་ལ་འབྲེལ་གཏུགས་བྱེད་ཀྱི་མིན་ལབ་པ་དང་། དེ་འདྲའི་དྭོགས་པ་ཞིག་གིས་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཀྱིས་སྐུ་སྒེར་གྱི་སྐུ་ཚབ་ཡིན་པའི་རྣམ་པ་དེའི་ཐོག་ནས་ཞི་མོལ་འདི་ཚོ་བསྐྱངས་པ་རེད། འདི་ནི་རྒྱ་རི་རིན་པོ་ཆེས་གང་གནང་བ་དེ་རེད། ད་དུས་ཚོད་རིང་པོ་ཕྱིན་པ་རེད། གྲུབ་འབྲས་གང་བྱུང་བོད་མི་མང་གིས་ཤེས་ཀྱི་མེད་པ་རེད། མཐའ་མ་དེར་བློ་ཕམ་བྱུང་ཞེས་གསུངས་ནས་གྲུབ་འབྲས་ཀྱི་རེ་བ་མེད་པའི་རྣམ་པ་བསྟན་པ་རེད། ལོ་བཅོ་ལྔ་ཟེར་བ་འདི་ལོ་མང་པོ་རེད། གང་ཟག་གཅིག་གི་ཆབ་སྲིད་ཀྱི་གར་སྟེགས་དུས་ཡུན་ནང་ལོ་མང་པོ་རེད། ད་དམིགས་བསལ་སྐུ་ཚབ་ཟེར་བ་འདི་གང་ཟག་གཅིག་གི་ཚེ་ཚད་དུས་ཡུན་ལ་འཇོག་དགོས་པ་རེད་པས། འདི་འདྲ་ལ་ནི་ང་འཐད་མ་བྱུང་། སྐུ་ཚབ་ཟེར་བ་འདི་དགོས་ངེས་ཅན་གྱི་གོ་གནས་ཤིག་ཡིན་ན། དེ་ནི་གྲོས་ཚོགས་ནང་གླེང་སློང་བྱས་ནས་ལོ་དུས་ཚད་བཀག་བྱེད་རན་པ་རེད། ངས་སྐད་ཆ་འདི་ཚོ་ལ་ཁུངས་བསྐྱལ་འབུལ་དགོས་པའི་སྐད་ཆ་ཞིག་ཨེ་ཡིན་མ་ཤེས། གང་ཟག་སྒེར་ལ་དྲག་རྒོལ་བྱེད་པ་ Personal attackཞིག་ནི་དེ་ལས་ཀྱང་མིན།
བདེན་པ་ཇི་ལྟར་ཤུགས་ཆེ་ན། དུངས་ཞེན་ལ་ནི་དེ་ལྟར་གནོད་ཅེས་ཟེར་སྲོལ་ཡོད་པ་ལྟར། རྩོམ་ཡིག་འདིས་མི་ཁ་ཤས་ཀྱི་སེམས་ལ་གནོད་འདུག་ཀྱང་། རང་སྐྱོན་རང་གིས་བརྗོད་དགོས་པ་དང་། རང་མཚང་རང་གིས་འབྲུ་དགོས་པ་ནི་ང་ཚོའི་ལས་འགན་མ་ཡིན་ནམ། ལྟ་བ་འདི་སྤྱད་དེ་རྩོམ་ཡིག་རེ་འབྲི་གིན་ཡོད་པ་མ་གཏོགས། མི་ཞིག་གི་འཇིགས་སྐུལ་འོག་དང་། རང་ཁ་གསོ་བའི་ཟླ་ཕོགས་ཀྱི་ཆེད་དུ་རྩོམ་ཡིག་འབྲི་གི་མེད།
ངས་བཤད་གི་ཡོད་པ་ནི་རྒྱ་རི་ཚང་གིས་སྐུ་ཚབ་གནང་ན་འགྲིགས་གི་མི་འདུག་བཤད་གི་ཡོད་པ་ལས་རྒྱ་རི་ཚང་ཕོ་གསར་རྫིག་མིན་གྱི་ངོས་ནས་བཤད་གི་མེད། ངས་བཤད་གི་ཡོད་པ་ནི་རྒྱ་རི་ཚང་གི་བོད་མི་མང་གི་སེམས་འཕྲུལ་འཇུག་གི་ཡོད་པ་ལས་རྒྱ་རི་ཚང་ལ་སྲས་དང་སྲས་མོ་ག་ཚོད་ཡོད་མེད་བཤད་གི་མེད། ངས་བཤད་གི་ཡོད་པ་ནི་རྒྱ་རི་ཚང་གིས་བོད་རྒྱའི་ལོ་རྒྱུས་མཁྱེན་གི་མི་འདུག་བཤད་གི་ཡོད་པ་ལས་རྒྱ་རི་ཚང་གི་ཞལ་ལག་མཆོད་སྟངས་བཤད་གི་མེད། ངས་བཤད་གི་ཡོད་པ་ནི་རྒྱ་རི་ཚང་གནས་དབྱུངས་གཏོང་དགོས་ཀྱི་འདུག་ཟེར་གྱི་ཡོད་པ་ལས་རྒྱ་རི་ཚང་བུད་མེད་ལ་དགའ་མིན་བཤད་གི་མེད། ངས་ཤོད་ཀྱིན་པ་ནི་བོད་མི་ས་ཡ་དྲུག་གི་མ་འོངས་མདུན་ལམ་ཆེད་བཤད་གི་ཡོད། མདོར་ན། ཁྱོད་དང་ང་། འུ་ཅག་ཚང་མའི་ཆེད་བཤད་གི་ཡོད།
ད་དུང་། དགོས་དབང་གིས་གསལ་བཤད་བྱེད་དགོས་པ་ཞིག་ནི། ངས་རྒྱ་རི་ཚང་ཆབ་སྲིད་ཀྱི་སྟེགས་བུར་སླེབས་ནས་ད་བར་དུ་མ་རྟོག་ལོག་རྟོག་གི་ཕྱག་ལས་རྐྱང་རྐྱང་བཞེས་པ་རེད་ཟེར་གྱི་མེད། རྒྱ་རི་ཚང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཙུགས་པ་དང་། ད་དུང་བོད་མིའི་རང་དབང་གསར་ཤོག་ཅེས་པའི་ཚགས་པར་འདོན་སྤེལ་བྱེད་མཁན་གྱི་གྲས་སུའང་ཁོང་ཚུད་ཡོད། ཡིན་ནའང་། ཚོགས་པ་ཞིག་བཙུགས་པ་ཙམ་གྱིས་བྱས་རྗེས་ཡོད་མཁན་འདོད་ན་ང་ལ་དཔེ་མཚོན་མང་པོ་ཡོད་དེ། འདིར་བཤད་དགོས་དོན་མི་འདུག
ཐོག་མར། ཐོག་མར་བསོད་དབང་གིས་ཉོན། རྒྱ་རི་མཆོག་གིས་བོད་རྒྱའི་ལོ་རྒྱུས་མི་མཁྱེན་པའི་ཐོག གསར་འགོད་པ་ཚོར་དྲིས་ལན་ལེགས་པོ་གནང་ཐུབ་གི་མི་འདུག་ལ། ཆབ་སྲིད་ལ་ཐུགས་རྒྱུས་ཤིན་ཏུ་ཞན་པོ་ཡོད་པ་འདྲ། ངས་འདིར་གཅིག་གཅིག་གཉིས་གཉིས་ཀྱིས་འབྲི་དགོས་དོན་མེད། ཁྱོད་རང་གིས་ཤེས་འདོད་ན། གསར་ཤོག་ཁག་དང་། རྒྱང་བསྲིང་ལས་ཁུངས་ཁག་གི་དྲ་རྒྱ་བསྔོག་དང་། གསལ་བོ་མཁྱེན་གི་རེད།
བོད་པ་ལགས། རྒྱ་རི་ཉིས་སྟོང་གཉིས་ཀྱི་ལོར་ཕེབས་པ་རེད། སྐུ་དྲག་ཟེར་བའི་བརྡ་ཆད་འདི་ལའང་བསམ་བློ་བཏང་བ་ཡིན། ཕ་སྐུ་དྲག་ཡིན་ན་སྲས་སྐུ་དྲག་ཡིན་པའི་མ་ཁྱབ། ཡབ་སྐུ་དྲག་ཡིན་ལ་སྲས་སྐུ་དྲག་མ་ཡིན་པ། སྲས་སྐུ་དྲག་ཡིན་ལ་ཡབ་སྐུ་དྲག་མ་ཡིན་པ། གཉིས་ཀ་སྐུ་དྲག་ཡིན་པ། གཉིས་ཀ་སྐུ་དྲག་མ་ཡིན་པ། དེ་འདྲ་མང་པོ་ཡོད་པ་རེད། འོ་ན། ཁྱོད་ཀྱིས་རྒྱ་རི་སྐུ་དྲག་ཅིག་མ་རེད་ཅེས་བཤད་ཐུབ་བམ། དེ་བཞིན་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ལ་མཚོན་ན། རྒྱལ་ཁབ་དེའི་སྐུ་ཚབ་ཀྱིས་རང་གི་ཕ་མེས་ཡང་མེས་ཀྱི་ལོ་རྒྱུས་མ་ཤེས་ན་འཐུས་ཀྱང་། རང་བཙན་མེད་པའི་བོད་རྒྱལ་ཁབ་ལ་མཚོན་ན། སྐུ་ཚབ་ཞིག་གིས་བོད་ཀྱི་ལོ་རྒྱུས་མ་མཁྱེན་ན་ཁྱད་མཚར་པོ་རེད། བོད་རྒྱ་གཉིས་ཀྱི་ད་ལྟ་རྩོད་ཀྱིན་པ་ནི་བོད་འདི་རྒྱ་ཁྱོངས་ཡིན་མིན་མ་ཡིན་ནམ། བསམ་བློ་ཐོངས། ད་ལྟའི་ལོ་རྒྱུས་དང་ཆབ་སྲིད་གཉིས་ནི་འདྲ་ས་ཡོད་ལ་འབྲེལ་བའང་ཡོད་པ་ཞིག་ཡིན། ད་དུང་། རྒྱལ་སྤྱིའི་སྐད་འབོད་ལས་ཁུངས་དང་། མ་རྩ་ཨ་སྒོར་ས་ཡ་གཅིག་གི་རྒྱ་རིའི་ལས་ཁུངས་ཨ་རིར་ཡོད་པ་མ་རེད་དམ། ཉིན་གཅིག ཁྱོད་ངའི་རྩར་ཤོག་དང་། ངའི་ཁྱོད་ལ་འདྲ་དཔར་དང་བཅས་པ་སྟོན། ངས་ཕུལ་དང་འབུལ་བཞིན་པའི་དཔྱ་ཁྲལ་གྱི་ངོ་བཤུས་ཁྱོད་ལྟ་བུ་ཞིག་ལ་སྟོན་འདོད་མེད།
ཕྱག་གཉིས་ལགས། རྒྱ་རི་ཚང་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཏུ་ཅི་ལྟར་གྱུར་མིན་ཁྱེད་ཀྱིས་མཁྱེན་གི་ཡོད་འདུག་ལ། ངས་ཀྱང་ཤེས་ཡོད། སྐབས་དེར། རྒྱལ་བ་རིན་པོ་ཆེ་ཨུ་ཐུག་པ་མིན་འགྲོ ཁ་སང་དེ་རིང་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་མི་འཇོན་པོ་དང་། སློབ་སྦྱོང་ཡོད་མཁན་མང་པོ་ཡོད། དེའི་ཕྱིར་ན། རྒྱ་རི་ཚང་ལྟ་བུའང་དམངས་གཙོའི་འགྲོ་སྟངས་དང་མཐུན་པར་བྱས་ཏེ་བརྗེ་པོ་ཅི་ནས་ཀྱང་རྒྱག་དགོས་ཀྱི་འདུག གཞན་བོད་རྒྱ་གྲོས་མོལ་གྱི་ཕྱོགས་ནས་བཤད་ན། རྒྱ་རི་ཚང་གིས་འཇོན་མ་སོང་ང་། འདི་ཁོང་གཅིག་པུའི་སྐྱོན་མིན་པ་ཤེས་ཀྱི་ཡོད། སྔོན་ཆད་ངས་བསམ་བློ་བཏང་མྱོང་། རྒྱ་གཞུང་གིས་བོད་དོན་འདི་སྣང་མེད་དུ་བཞག་ཡོད་པ་རེད། གལ་ཏེ་རྒྱ་གཞུང་ལ་བོད་དོན་ཐག་གཅོད་བྱེད་པར་འདོད་པ་ཡོད་ཚེ། རྒྱལ་བ་རིན་པོ་ཆེ་ལྷན་དུ་ཐད་ཀར་གྲོས་མོལ་བྱེད་ཆོག རྒྱལ་བ་རིན་པོ་ཆེས་ཁོང་སྐུ་སྒེར་ངོས་ནས་གྲ་སྒྲིག་ཨང་གསར་ཡོད་ཅེས་ལན་མང་གསུངས་ཡོད། རྒྱ་རི་ཚང་རྒྱ་ནག་ལ་ཐེངས་ཁ་ཤས་ལ་ཕེབས་སོང་སྟེ། བོད་རྒྱའི་གནད་དོན་འདི་རབ་རིབ་ནས་མུན་ནག་ཏུ་གྱུར་དང་འགྱུར་མུས་མེད། ད་དུང་རྒྱ་རི་རྒྱ་ནག་ལ་ཕེབས་འདོད་ཡོད་པའི་རྒྱུ་མཚན་ཅི། དྲང་མོར་བཤད་ན། རྒྱ་རི་ཚང་ལྟ་བུས་སྐྱིལ་ཀྲུང་བྱས་པ་ཙམ་གྱིས་འཚང་རྒྱ་མི་ཐུབ་ལ། ཧོལ་རྒྱུག་བྱས་པ་ཙམ་གྱིས་དམིགས་སར་སླེབས་མི་ཐུབ་པས། ད་རྒྱ་རིས་སྐུ་ཚབ་ནས་དགོངས་ཞུ་གནང་རན་ལ་ཐོན་ཡོད།
རྒྱལ་སྤྱིའི་བོད་ཀྱི་ལས་འགུལ་ཁང་ནི་ཚོགས་མི་མང་པོ་ལས་གྲུབ་པའི་ལས་ཁུངས་ཤིག་ཡིན་པ་ལོས་ཤེས། དེ་ཧ་ལས་དགོས་དོན་ག་རེ་ཡོད། དེ་ནི་ཨ་རིའི་ཁྲིམས་ཀྱི་ཡན་ལག་ཅིག་ཀྱང་མ་རེད་དམ། འོན་ཀྱང་། ཚོགས་གཙོས་ཚོགས་མི་གང་འདོད་ཀྱིས་འདེམས་ན་འགྲིག་གི་ཡོད། འདི་གནད་འགག་ཅིག་རེད་ལ། བོད་མི་ས་ཡ་དྲུག་གི་མཚན་ཐོག་ནས་ཡོང་བའི་ཨ་སྒོར་དེ་ཚོ་བོད་གཞུང་གིས་རྩིས་ཞིབ་གནང་གི་མེད་པ་ག་རེ་ཡིན་ནམ། དཔེར་ན། ནོར་བུ་གླིང་གའི་འགན་འཛིན་ཕྱི་རྒྱལ་བ་ཡིན་ནའང་། ལོ་རེར་རྩིས་ཞིབ་ལས་ཁུངས་ཀྱིས་སྟངས་འཛིན་ནན་མོ་བྱེད་ཀྱི་ཡོད་པ་ལྟ་བུ་རེད།
མཐའ་དོན་ཞུ་རྒྱུ་ཞིག་ལ། རྩོད་གླེང་མེད་ན་བགྲོ་གླེང་མེད། བགྲོ་གླེང་མེད་ན་ཡར་རྒྱས་མེད། ཡར་རྒྱས་མེད་ན་མདུན་ལམ་མེད་ཅེས་པའི་ལེགས་བཤད་འདི། ཁྱེད་ཅག་གིས་སེམས་ལ་ཟུངས།
དེ་རིང་ཚེ་རིང་གི་བུ་ཟེར་བ་འདི་ཡང་ཅུང་ཟད་དྲང་ལ་བབས་ནས་གནས་ལུགས་ལྟར་སྣང་བ་གང་འཚམས་བཤད་འདུག་པས་བཀའ་དྲིན་ཆེ་ཞེས་ཞུ་འདོད་བྱུང་།
རྒྱ་རི་བརྗེ་བོ་རྒྱག་དགོས་ན་རྒྱལ་བ་རིན་པོ་ཆེ་ལ་ཐད་ཀར་ཞུས་ན་ཡག་ཤོས་རེད། ཁོ་རྒྱལ་བ་རིན་པོ་ཆེས་ཐད་བསྐོས་གནང་བ་རེད། ཁོ་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་རེད། སྐུ་ཚབ་འདེམས་བསྐོ་བྱེད་དགོས་ཟེར་བ་དེ་ཕྱོགས་གཅིག་ནས་བལྟས་ན་བསམ་ཚུལ་འདྲ་ཆགས་སེ་ཞིག་རེད། ཡིན་ན་ཡང་རྒྱ་གཞུང་གིས་དེ་ལ་ངོས་ལེན་བྱེད་གི་རེད་མ་རེད། གནད་འགག་དེ་རེད། ཡང་རྒྱལ་བ་རིན་པོ་ཆེའི་སྐུ་སྒེར་གྱི་དབང་ཚད་ལ་ཕོག་ཐུག་གཏོང་བའི་དབང་ཆ་ཁྲིམས་ཐོག་ཅིག་ཏུ་གཏན་མ་འཁེལ་བར་ང་ཚོར་མེད།
རྒྱ་བོད་འབྲེལ་མོལ་ཟེར་བ་འདི་རྒྱ་ནག་ལ་མཚོན་ན་རྒྱ་དང་རྒྱལ་བའི་བར་གྱི་འབྲེལ་བ་ཞིག་ལས་གཞན་གང་ཡང་མིན་ན་ཡང་། འདི་རང་བཞིན་གྱིས་བོད་ཀྱི་འབྲེལ་བ་ཞིག་ཆགས་བསྡད་ཡོད་པ་རེད།
སྐུ་ཚབ་ཞིག་གིས་བོད་ཀྱི་ལོ་རྒྱུས་མ་མཁྱེན་ན་ཁྱད་མཚར་པོ་རེད། ཁྱེད་ལྟ་བུ་སྤྱི་ཚོགས་དང་གཞུང་གི་སྐྱོནཡོན་བརྗོད་མཁན་ཞིག་ནས་བོད་ཀྱི་ལོ་རྒྱུས་མ་ཤེས་ན་དེ་ཡང་ཁྱད་མཚར་པོ་རེད། བོད་རྒྱ་གཉིས་ཀྱི་ད་ལྟ་རྩོད་ཀྱིན་པ་ནི་བོད་འདི་རྒྱ་ཁོངས་ཡིན་མིན་དང་བོད་རང་བཙན་ཡིན་མིན་གྱི་འདས་པའི་གནས་ཚུལ་མ་ཡིན་པར་བོད་ཀྱི་མ་འོངས་པ་ཡིན་པ་དེ་ཙམ་ཡང་ཁྱེད་ཀྱིས་མཁྱེན་མི་འདུག་པ་དེ་དེ་ལས་ཀྱང་ཡ་མཚན་ཆེ།
རྒྱ་ལོ་དོན་གྲུབ་ཕྱིན་ནས་མ་འཇོན། རྒྱ་རི་རིན་པོ་ཆེ་ཕྱིན་ནས་མ་འཇོན། ད་རྒྱལ་བ་རིན་པོ་ཆེ་ཞིག་ཕྱིན་ན་ཅིག་འཇོན་མི་ཡོང་ངེ་ཚང་མས་དེ་ལྟར་བསམ་གྱི་ཡོད་པ་རེད་དེ། རྒྱ་ནག་ཁོ་རང་ཚོའི་བསམ་བློའི་གནས་སྟངས་ཅུང་ཟད་ཡར་རྒྱས་མ་ཕྱིན་པར་ད་རུང་ཅུང་ཟད་ཁག་སེ་མིན་འགྲོ་ངས་དེ་ལྟར་བསམ་གི་ཡོད།
ཕྱག་གཉིས་པ་ལགས། ཁྱོད་ནོར་སོང་། བོད་འདི་རྒྱ་ཁོངས་ཡིན་མིན་དང་བོད་འདི་རང་བཙན་ཡིན་མིན་གྱི་རྐྱེན་པས་བོད་དོན་འདི་འགག་བསྡད་ཡོད་པ་རེད་མ་གཏོགས། དེ་མིན་གནས་སྟངས་གཞན་གྱིས་གྲོས་མོལ་འདི་བར་ཆད་བཟོ་གི་ཨེ་ཡོད།
གཞན་ཁྱི་རྒྱ་ལུའི་ཁ་ན་དུང་སོ་མེད་ཅེས་པ་ནི་རྒྱ་མིའི་སོ་པ་རེད་ཟེར་མཁན་གྱི་མི་དང་། འགྲམ་ནག་ཟེར་བའི་མི་འདི་ཚོར་ཟེར་གྱི་ཡོད། དེ་ཤེས་པར་གྱིས།
དྲ་གྲོགས་ཚོས་དོན་དང་ལྡན་པའི་དཔྱད་བརྗོད་སྤེལ་འདུག ད་གསུམ་སྒྲོན་མཉེས་དག་ཡིན་ད། མང་པོ་མ་མཆོད་མ་གཏོགས་སང་ཉིན་ཕྱག་ལས་ལ་ཕེབས་དུས་མེ་འཁོར་ས་ཚིགས་དང་བྱིས་པའི་རྩེད་མོ་རྩེད་ས་གཉིས་ནོར་ཡོང་།
ཚེ་རིང་གི་བུ། སྤྱིར་བཏང་ཁྲིམས་མཐུན་གྱི་གྲོས་མོལ་ཞིག་ལ་བར་ཆད་ཅིག་ཡོད་དགོས་དོན་མི་འདུག དེ་ཁྲིམས་ལྟར་ཐག་བཅད་བཞག་ན་འགྲིགས་པ་ཞིག་རེད། ཡིན་ན་ཡང་བོད་དོན་འདི་ཁྲིམས་ལ་སྣང་མེད་དང་རྡོག་རོལ་གཏོང་མཁན་གྱི་གཅིག་གཅོད་ཀྱི་གཞུང་ཞིག་ལ་ཐུག་ཡོད་པས་དེ་བར་ཆད་ཅིག་ཏུ་ཆགས་ཡོད་པ་རེད། བོད་དོན་འགག་བྱེད་དེ་རྒྱ་གཞུང་རང་ལས་གཞན་གང་ལའང་ཐུག་ཡོད་མ་རེད།
ཀེ་ན་ཊ་ནང་གི་ཁུ་སྦེ་ཁུ་ལ་ཅིག་ལྟོས། དེའི་ནང་རང་བཙན་དགོས་ཟེར་མཁན་གྱི་སྲིད་དོན་ཚོགས་པ་དེ་འདྲ་ཡོད་པ་རེད་དེ། ཁོ་ཚོར་རང་བཙན་ཐོབ་མ་ཐོབ་ཏེ་གཞུང་ལ་ཐུག་ཡོད་པ་མ་རེད། དེ་མི་མང་ལ་ཐུག་ཡོད་པ་རེད། མི་མང་མང་ཆེ་བར་རང་བཙན་གྱི་འདོད་པ་ཡོད་ན་རང་བཙན་ཐོབ་ཆོག་ཆོག་ཡོད་པ་རེད། ཆིག་སྟོང་དགུ་བརྒྱ་གོ་གྲངས་ནང་ཞིག་ནས་བཟུང་ཐེངས་གཉིས་མི་མང་ལ་འོས་འདེམས་ཀྱི་ཐོབ་ཐང་སྤྲད་པ་རེད། ཡིན་ན་ཡང་རང་བཙན་དགོས་ཟེར་མཁན་དང་མི་དགོས་ཟེར་མཁན་གཉིས་ཀྱི་བར་ཁྱད་པར་ཅུང་ཟད་ཤོར་ནས་རང་བཙན་མ་ཐོབ་པ་རེད།
ཁུ་སྤེ་ཁུ་འདི་བོད་ལ་བསྡུར་ནས་བཤད་ན་བཤད་ས་འགྲོ་གི་མ་རེད། ཁོ་ཚོར་ལོ་བཞི་བརྒྱ་སྐོར་གྱི་ལོ་རྒྱུས་མ་གཏོགས་ཡོད་མ་རེད། བོད་ལ་ལོ་གཅིག་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་རེད།
ད་ལྟའི་གནས་སྟངས་བཤད་ན་ཡང་། ཁུ་སྤེ་ཁུ་དེ་སྐད་དང་ཡི་གེ་སྲིད་ཀྱི་ཐོབ་ཐང་ཕྱོགས་མང་པོ་ཞིག་ནས་ཕལ་ཆེར་རང་དབང་ཆ་ཚང་ཡོད་པ་རེད་ཅེས་བཤད་ན་མ་འགྲིགས་པ་མི་འདུག དེ་མ་ཟད། རྒྱལ་ཁབ་ཀྱི་སྐད་ཡིག་ཀྱང་དབྱིན་ཡིག་དང་ཧྥ་ཡིག་གཉིས་ཀ་ཡིན་པ་རེད། དེ་ཡང་མིང་སྟོང་ཙམ་མིན་པར་ཀེ་ན་ཊའི་ཐོན་རྫས་དང་གཞུང་ཡིག་ཚང་མའི་ཐོག་སྐད་གཉིས་ཀ་འབྲི་གི་ཡོད་པ་རེད། ཀེ་ན་ཊའི་ས་ཆ་གང་ཞིག་ཏུའང་ཁྱེད་ནས་ཧྥ་ཡིག་ཐོག་གཞུང་ལ་སྙན་ཞུ་ཕུལ་བ་དང་འབྲེལ་བ་འཛིན་ཆོག་གི་རེད། གལ་སྲིད་ས་ཆ་དེར་ཧྥ་ཡིག་ཤེས་མཁན་མེད་ན་ཡང་གཞུང་གིས་ཁྱེད་རང་གི་ཆེད་དུ་གྲ་སྒྲིགས་བྱེད་དགོས་པ་དེ་གཞུང་གི་ལས་འགན་རེད། གཞན་ཁྲིམས་རྩོད་དང་གྲོས་ཚོགས་ནང་ཁྱེད་ཀྱི་སྐད་བེད་སྤྱོད་བྱེད་ཆོག་པ་དེ་བཤད་མ་དགོས་པ་ཞིག་རེད། ཁུ་སྤེ་ཁུའི་སྐད་ཧྥ་ཡིག་དེ་ཁུ་སྦེ་ཁུ་གཅིག་པོ་མ་ཟད་ཀེ་ན་ཊ་རྒྱལ་ཡོངས་གང་སར་གཞུང་སྒེར་བར་བེད་སྤྱོད་གཏོང་ཆོག་གི་རེད།
དེ་སྐད་ཡིག་དང་མི་རིགས་སྲུང་སྐྱོབ་ཀྱི་ཆེད་རེད། དེ་འདྲ་ཞིག་ཡིན་ན་རང་བཙན་ཟེར་བ་ཞིག་དགོས་པ་མི་འདུག་ག་བསམ་བསམ་ཞིག་ཡོད་པ་རེད། སྔོན་མ་ཞིག་ལ་རྒྱལ་བ་རིན་པོ་ཆེས་ཀྱང་ཁུ་སྦེ་ཁུའི་གནས་སྟངས་འདྲ་བོ་ཞིག་རེག་ན་འགྲིག་གི་རེད་གསུངས་བ་ཞིག་ཀྱང་དྲན་གྱི་འདུག ཡིན་ན་ཡང་། ང་ཚོའི་གསར་ལམ་ཁག་ཏུ་དེའི་སྐོར་བགྲོ་གླེང་ཙམ་ཡང་བྱས་མ་སོང་།
ཁུ་སྦེ་ཁུ་དང་འབྲེལ་བའི་དོན་དག་འདིའི་ཐོག་ནས་ངས་དོན་དག་རྩ་ཆེན་པོ་གཉིས་མཐོང་གི་འདུག གཅིག་གཞུང་དེ་གུང་ཡངས་དང་དོན་ངོ་མས་གཞུང་དེ་མི་མང་གི་གཞུང་ཞིག་ཡིན་པ་ཤེས་ཀྱི་འདུག་ལ་དམངས་གཙོ་ཟེར་བ་དེའི་རིན་ཐང་ངོ་མ་དེ་རྟོགས་ཀྱི་འདུག གཞན་པ་དེ་མི་རིགས་ཤིག་གི་རིག་གཞུང་ནི་མི་རིགས་ཤིག་ལ་མཚོན་ན་ཅི་འདྲའི་རྩ་ཆེན་པོ་ཞིག་ཡིན་པ་དེ་ངོ་འཕྲོད་ཀྱི་འདུག ཁོ་ཚོར་ཐོབ་ཐང་འདི་འདྲའི་ཕུན་སུམ་ཚོགས་པ་ཞིག་ཡོད་པ་རེད་དེ། ད་རུང་རང་གི་རིག་གཞུང་དེ་མགྱོགས་པོར་བརླག་འགྲོ་རྒྱུར་སེམས་འཚབ་ལངས་ཀྱི་ཡོད་པ་རེད། ད་ང་ཁ་གསབ་བྱེད་རྒྱུ་ཞིག་ལ་ཁྱེད་རང་དབྱིན་ཡིག་ལ་ག་ཚོད་མཁས་པ་ཡོད་ན་ཡང་ཁུ་སྦེ་ཁུ་ནང་ཧྥ་ཡིག་མ་ཤེས་ན་ཁྱེད་རང་ལ་དཀའ་ངལ་མང་པོ་འཕྲད་རྒྱུ་ཡིན་པ་རེད།
མཐར་དེད་ན་བོད་དོན་དེ་རང་བཙན་ཡིན་མིན་གྱི་དོན་དག་ཅིག་མིན་པར་ཁྲིམས་མཐུན་གྱི་དོན་དག་ཅིག་ཁྲིམས་མཐུན་ལྟར་ཐག་གཅོད་བྱེད་རྒྱུའི་ལམ་ཁ་དེ་དབང་ཤུགས་དང་གཅིག་གཅོད་ཀྱི་བསམ་བློས་ཁྱེར་ནས་རྡོག་རོལ་དུ་བཏང་བ་དེ་རེད། ད་རྒྱ་ནག་གི་འགོ་ཁྲིད་ཚོའི་དཔོན་པོའི་འདུ་ཤེས་དེ་མེད་པར་མ་ཆགས་པ་དེ་སྲིད་དུ་མི་མང་ཐོག་དབང་ཡོད་གཏོང་གི་རེད། ནུབ་གླིང་གི་མགོ་ཁྲིད་དེ་ཚོ་མི་མང་གི་ཞབས་ཞུ་བ་རེད། རྒྱ་ནག་གི་མགོ་ཁྲིད་དེ་ཚོ་ད་རུང་མི་མང་གི་དཔོན་པོ་རེད། ཁྱད་པར་དེ་རེད། ང་ཚོའི་དཀའ་ངལ་ཡང་དེ་རེད། བར་ཆད་ཀྱང་དེ་རེད། རྒྱ་ནག་མི་མང་གི་སྲོལ་རྒྱུན་གྱི་བསམ་བློ་གཏོང་སྟངས་དེར་འགྱུར་བ་ཞིག་མ་ཕྱིན་པ་དེ་སྲིད་དུ་མི་རིགས་ཀྱི་དཀའ་རྙོག་དེ་གནས་རྒྱུ་ཡིན་པ་རེད།
ཚེ་རིང་གི་བུ་ཟེར་བ་འདིས་ངས་ཤེས་ཀྱི་ཡོད་དང་ངས་ཤེས་ཀྱི་ཡོད་ཟེར་མོད། ངས་བལྟས་ན་འདིས་རྒྱ་རིའི་སྐོར་ལ་གྲིབ་ནག་སྤར་འཛིན་བྱེད་ཀྱི་འདུག འདིས་རྒྱ་རི་ལ་སྐྱོན་བརྗོད་བྱེད་སྐབས། ཁོའི་གཞི་འཛིན་ས་ནི་རྒྱ་རིའི་བཅར་འདྲི་རེ་ཟུང་དང་། དེ་ནས་རབ་གསལ་གྱིས་དེ་སྔ་དུས་བབ་ཐོག་མི་ཆེ་ཆུང་ལ་ཁྲིམས་ཀྱི་དབང་སྒྱུར་གྱི་ཁྱད་པར་ཡོད་པའི་རྩོམ་དེ་དང་། གཡང་སྐྱབས་རྒྱལ་གྱི་ ICT ཀྱི་རྩིས་ཕྲའི་སྐོར་གྱི་དྲི་བ་དང་གསལ་བཤད་དེ་ཚོ་རེད།
རྒྱ་རི་བརྗེ་བོ་རྒྱག་དགོས་ན་མགོན་པོ་ཕྱག་གཉིས་ཀྱིས་བཤད་པ་ལྟར་རྒྱལ་བ་རིན་པོ་ཆེ་ལ་ཤོད། ཁོ་ནི་རྒྱལ་བ་རིན་པོ་ཆེས་ཐད་བསྐོས་གནང་བ་རེད། གཞན་ཡང་དམིགས་བསལ་གྱི་གོ་གནས་འདི་རྒྱ་རི་གཅིག་པུ་མ་རེད། ཡུ་རོབ་ཏུ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ཡོད། རྒྱ་རི་ལ་ཨ་རིར་ ICTཡོད་པ་ལྟར། སྐལ་རྒྱམ་གྱིས་ད་ཆ་ཡུ་རོབ་ཏུ་ Europe Tibet Congress (ETC) ཟེར་བའི་ཚོགས་པ་ཞིག་འཛུགས་བཞིན་པའི་སྒང་ཡིན།
ICT ཀྱི་རྩིས་ཕྲའི་སྐོར་ལ་ཆ་རྒྱུས་མེད། ཡིན་ནའང་ ICT ལ་སྐྱོན་བརྗོད་བྱེད་རྒྱུ་ཁ་ཤས་འདུག
༡ བོད་སྐད་དུ་ལས་ཁུངས་འདིའི་མིང་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཞེས་ཟེར་བའི་ལས་འགུལ་ (Campaign)དེ་ཅི་འདྲ་ཞིག་ལ་གོ་དགོས་སམ་ཞེས་དྲི་བ་དྲིས་ན་རྒྱ་རི་ཡི་ཆབ་སྲིད་ཀྱི་ངོ་བོ་ཇེ་གསལ་དུ་གཏོང་ཐུབ། ལས་ཁུངས་འདིས་ Student For Free Tibet (SFT)དང་ Free Tibet Campaign ལྟར་བོད་དོན་གྱི་ལས་འགུལ་སྤེལ་གྱི་མེད་པ་ད་ལོའི་ཞི་རྒོལ་གྱི་སྐབས་གསལ་བོར་མཐོང་ཐུབ།
༢ ལས་ཁུངས་འདིའི་ལས་འགན་དང་དམིགས་ཡུལ་ནི་ཧ་ཅང་རྒྱ་ཆེན་པོ་ཞིག་བཤད་འདུག་མོད། ཡིན་ནའང་དེ་ནི་སྣུམ་ཟད་ཀྱང་མར་མེ་མི་གསལ་བའི་དཔེ་རུ་གྱུར་འདུག་པ་ནི། ཁོ་ཚོའི་བོད་ཡིག་གི་དྲ་རྒྱ་དེར་བསྣུན་དང་བོད་ཡིག་ཤར་རྒྱུ་མེད་པ་དེའི་ཐོག་ནས་མཚོན་ཐུབ།
༣ ཚེ་རིང་གི་བུ་ཡིས་རྒྱ་རི་ལ་རྣག་ཐོག་ཁབ་གཙགས་ཀྱི་སྐྱོན་བརྗོད་ཅིག་བྱེད་རྒྱུ་ཡིན་ན། ཁྱོས་རང་ཉིད་གཞི་ཆགས་སའི་ཡུ་རོབ་ཀྱི་བོད་དོན་ལས་འགུལ་ཁང་འདིའི་འགན་འཁུར་བ་ Jan Willem den Besten དང་ཁོའི་ ICT ཀྱི་ལས་ཀའི་སྐོར་ལ་བརྩད་གཅོད་ཐོངས། Jan Willem ནི་སློབ་སྦྱོང་ཡོད་མཁན་ཞིག་མ་རེད། ཁོ་ནི་ཧོ་ལན་གྱི་བྱ་རྫི་ཞིག་རེད། ད་ལྟ་ཁོས་བོད་རྫི་བྱེད་ཀྱི་ཡོད། ད་མང་པོ་མི་བཤད། ཚེ་རིང་གི་བུ་ཟེར་བ་འདིའི་གྲས་ཀྱིས་ཐོལ་བྱུང་གི་སེམས་ཚོར་ཙམ་དང་ཡང་ན་མི་གཞན་གྱི་སྐད་ཆ་སྐྱར་ཟློས་ཙམ་མིན་པར་རང་ངོས་ནས་བརྩད་ཞིབ་བྱས་ནས་དངོས་ཡོད་གནས་ཚུལ་འབྲི་ཐུབ་ན་བཟང་སྙམ།
ངས་ནི་ཆེ་རིང་གི་བུ་དང་ཁྱོད་གཉིས་ཀྱི་ལྟ་བ་དང་ལངས་ཕྱོགས་གཅིག་པ་འདྲ་ཞིག་མཐོང་གིས་འདུག དབུ་མའི་ལམ་གྱི་སྲིད་ཇུས་འདི་འགྲིག་གི་མི་འདུག་མདོག་མདོག་ཤོད་མཁན་དང་བཀའ་ཟུར་ལོ་ལོན་རེ་དམིགས་ཀྱིས་བཀར་ནས་བདའ་འདེད་གཏོང་བ་སོགས་མདོར་ན་སྐད་ཆ་བཤད་སྟངས་ཡན་ཆད། ད་ཡིན་ན་ཅི་ཞིག་གི་དོན་ལ་ཁ་མ་མཐུན་པ་ཡིན། བུ་འཇོན་པོ་རྒོད་པོ་གང་ན་ཡོད་ན་བོད་དོན་ཆེད་ལས་ཁུངས་རེ་བཙུགས་ནས་ཞོར་ལ་རང་རང་གི་ལྟོ་གོས་བཙལ་ཐུབ་ན་དེ་སྡུག་ཅག་ཅིག་མིན་པ་མ་ཟད། ད་ལྟའི་དུས་འདིར་སྡུག་ཅག་དང་ཉེན་ཁ་ཆེ་ཤོས་ཤིག་ཡོད་ན་དེ་ནི་མདུང་ཁ་ནང་ལ་བསྐོར་མཁན་དང་མགོ་འཐོམས་ནས་ཁ་བརྡར་མཁན། བོད་མི་མང་གི་སེམས་ཤུགས་གསོ་མི་ཐུབ་རུང་སོད་ཨེ་ཐུབ་བལྟ་མཁན། དམངས་གཙོ་དང་ཐོབ་ཐང་མང་བོ་ཞིག་ཁ་ལ་འཁྱེར་ནས་དྲང་བདེན་གྱི་མིག་གཡས་པ་བཙུམས་ཞིང་ཕྱོགས་ཞེན་གྱི་མིག་གཡོན་པ་གདངས་ནས་སྐད་ཆ་སྦོམ་པོ་ཤོད་མཁན་དེ་དག་ཡིན་པ་ཡོད།།
དཀོན་མཆོག་ཁྱོད་ཀྱིས་ཅི་ཟེར་གི་ཡོད། “ད་ལྟའི་དུས་འདིར་སྡུག་ཅག་དང་ཉེན་ཁ་ཆེ་ཤོས་ཤིག་ཡོད་ན་དེ་ནི་མདུང་ཁ་ནང་ལ་བསྐོར་མཁན་དང་མགོ་འཐོམས་ནས་ཁ་བརྡར་མཁན། བོད་མི་མང་གི་སེམས་ཤུགས་གསོ་མི་ཐུབ་རུང་སོད་ཨེ་ཐུབ་བལྟ་མཁན། དམངས་གཙོ་དང་ཐོབ་ཐང་མང་བོ་ཞིག་ཁ་ལ་འཁྱེར་ནས་དྲང་བདེན་གྱི་མིག་གཡས་པ་བཙུམས་ཞིང་ཕྱོགས་ཞེན་གྱི་མིག་གཡོན་པ་གདངས་ནས་སྐད་ཆ་སྦོམ་པོ་ཤོད་མཁན་དེ་དག་ཡིན་པ་ཡོད།།” བཀའ་བློན་ཚོ་དང་གཞུང་ལ་འགྲིག་དང་མ་འགྲིག་གི་ལྟ་ཚུལ་བཤད་ན་བོད་ནང་གི་མི་མང་གི་སེམས་ཤུགས་ཆག་གི་རེད་ཟེར། མདུང་ཁ་ནང་ལ་བསྐོར་གི་ཡོད་རེད་ཟེར། ཁྱོད་ཀྱིས་འདི་ཚོ་གང་འདྲ་སེ་ཤེས་ཐུབ་ཀྱི་ཡོད། མི་མང་གི་སེམས་ཤུགས་ག་ཚོད་ཅིག་ནས་ག་ཚོད་ཅིག་གི་བར་ཆག་སོང་། མདུང་ཁ་ནང་ལ་བསྐོར་བའི་མདུང་དེ་ཁྱོད་ཀྱི་ལག་པར་ཡོད་དམ། ཡ་མཚན། ཁྱོད་ཀྱིས་འདི་ཚོ་ཇི་ལྟར་ཤེས་ཐུབ་སོང་། བཟང་ངན་གང་ཡིན་ཡང་ཤོད་ཆོག་པ་འདིས་མི་མང་གི་སེམས་ཤུགས་འཕར་སྲིད་པ་རེད།
བཀའ་བློན་ཕར་ཞོག་མ་འགྲིག་ས་ཡོད་ན་༧གོང་ས་མཆོག་ལ་ཡང་རང་གི་བསམ་འཆར་བཤད་ཆོག་གི་རེད། ཡག་སྡུག་གཉིས་ཀ་ཤོད་ཆོག་པ་གུང་ཁྲན་གྱི་འོག་ན་རག་ཡ་མེད་པའི་དམངས་གཙོའི་ཐོབ་ཐང་གལ་ཆེན་གྲངས་ཀྱི་གཅིག་རེད། ཡིན་ནའང་ཐོབ་ཐང་འདིའི་གྲངས་ལག་ལེན་དངོས་ལ་འདེབས་དུས་དོ་བདག་སོ་སོ་ལ་ཡང་འགན་རེ་ལོས་ཡོད། མེད་ན་ཁ་བརྡ་དྲ་བས་འདི་བྱས་ཆོག་དང་དེ་མི་ཆོག་གི་ཁྲིམས་ཡིག་བཟོ་དགོས་དོན་ཅང་མེད་ཀ མ་ཟད་ཁྱོད་རང་ཡང་ཁྲིམས་ཡིག་དེར་མོས་མཐུན་བྱེད་མཁན་གྱི་ཐོག་མའི་གྲངས་ཡིན་པ། བྱས་ཙང་ངས་བཤད་འདོད་པ་འདི་རེད། དྲང་བོ་དྲང་བཞག དངོས་ཡོད་དང་མཐུན་པ། རང་རེའི་དམིགས་ཡུལ་འགྲུབ་པར་ཕན་ལས་གནོད་གཞིའི་རིགས། དཔེར་ན་ཁུངས་ལུང་མེད་པའི་སྲང་ལམ་གྱི་སྐད་ཆ་ལྡོམ་པའི་རིགས་འཁྱེར་ཡོང་ནས་མི་སྒེར་ལ་དམའ་འབེབས་བྱེད་པའི་རིགས་ཇེ་ཉུང་ལ་བཏང་ན་དྲན་པ་འདི་དང་། ཁྱེད་ཅག་གི་མདུང་ཁ་དེ་སྐབས་རེར་ནང་ཁུལ་ལས་ཕྱི་དང་དགྲ་འགོག་ལ་ཡང་བཀོལ་རོགས་ཟེར་བ་འདི་ཡིན།།
ལགས་སོ།།
དཀོན་མཆོག་གི་ཀུན་སློང་ནི་དཀར་པོ་གངས་ཡིན་ཞིང་། ཁོས་མགོ་ནས་མཇུག་བར་དུ་རྒྱལ་བ་རིན་པོ་ཆེ་དང་བོད་ཀྱི་ཁེ་ཕན་ནི་དཔྲལ་བའི་མིག་ལྟར་གཅེས་ཐབས་བྱས་སོང་། ཁོང་གིས་ཁ་བརྡའི་ཐོག་ཏུ་མཆན་བཏབ་ཚད་ཀྱི་བརྒྱ་ཆའི་དགུ་བཅུ་ནི་མདའ་ཁ་ནང་ལ་མ་བསྐོར་བར་ཕྱི་དགྲ་ཨེ་ཐུབ་ལྟོས་ཟེར་བ་འདི་རེད་ལ། དེ་རིང་ཡང་ཁོས་ཁྲོམ་སྲང་གི་དཀྲོགས་གཏམ་ཁ་བརྡའི་ཐོག་ཏུ་འཁྱེར་མ་ཡོང་ཟེར་བ་ལ་མོས་མཐུན་ཡོད། ཡིན་ནའང་མཚམས་མཚམས་ལ་ཁོ་ལ་མགོ་ཉོག་ཐེབས་རྒྱུ་ཞིག་ཡོད་པ་ནི། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་བཞིན་དུ་ཁོས་འཚེ་བའི་ལས་ལ་བསྟོད་ཅིང་། བོད་ཀྱི་སྐད་ཡིག་ཀྱང་བློས་བཏང་ན་ཆོག་ཟེར་བ་མ་ཟད། ད་དུང་མི་གཞན་གྱིས་དབུ་མའི་ལམ་ལ་སྐྱོན་བརྗོད་བྱས་ན་དེར་རྒོལ་གཏམ་གཏོང་བ་རེད། ཁོའི་སྐད་ཆ་འདི་དག་གོ་ཡོང་དུས་རྡ་རམ་ས་ལའི་ཆིག་སྒྲིལ་ཚོགས་པ་དང་ས་གནས་གྲོས་ཚོགས་ཀྱི་རྒད་པོ་དེ་ཚོ་དྲན་ཡོང་། ཁོང་ཚོའི་རིགས་ནི་ལྷག་བསམ་གྱིས་ཕྱུག་པ་ཁོ་ན་ཡིན་ཞིང་། ལྷག་བསམ་དེ་སྐབས་འགར་ཕྱིན་ཅི་ལོག་ཏུའང་བེད་སྤྱོད་བཏང་ཆོག་ཆོག་ཡོད། མི་འདི་འདྲའི་རིགས་ལ་ཅུང་ཙམ་ཞེད་ཀྱི་འདུག ནང་རྐུན་ཁྱི་ཡིས་མི་ཁོག་ཟེར་བ་ལྟར་ནང་དགྲ་ནི་ཉེན་ཁ་ཆེ་ཤོས་ཡིན་པ་སྲིད་པ་རྒན་པོའི་བསླབ་བྱ་ཡིན་པ་ཤེས་པར་གྱིས།
མགོན་པོ་ཕྱག་གཉིས་ལགས། ཁེ་སྦེ་ཁུ་དང་བོད་གཉིས་བསྡུར་ན་འོས་པོ་ཡོད་པ་མ་རེད་ཟེར་བ་དེ་བདེན་པ་རེད། གསལ་བོ་མི་ཤེས་ཏེ། ཁེ་ན་ཊ་འདི་ཐོག་མར་རྙེད་འཚོལ་བྱུང་མཁན་ནི་ཡུ་རོབ་གྱི་མི་jacques cartierཟེར་བ་འདི་ཡིན་པ་འདྲ། དེ་ཡང་སྤྱི་ལོ་༡༥༣༤ལོར་ཡིན་པ་ཡོད། སྤྱི་ལོ་༡༥༣༤སྔོན་དུ་ཁེ་ན་དྲར་nativesཟེར་བའི་མི་རིགས་འདི་གནས་སྡོད་བྱས་ཡོད། སྤྱི་ལོ་༡༦༠༨ལོར། ཡང་ཡུ་རོབ་གྱི་མི་ཡིན་པ་samuel de champlainཟེར་བའི་མི་འདིས་ཁེ་སྦེ་ཁུ་རྙེད་འཚོལ་བྱུང་ནས་བཟུང་། ལོ་ངོ་མང་པོ་ཞིག་ལ། ཡུལ་ལུང་འདི་ཧྥ་རན་སིས་དབང་བསྒྱུར་བྱས་ཡོད་ནའང་། སྤྱི་ལོ་༡༧༥༩ལོར། དབྱིན་ཇི་སྲིད་གཞུང་གིས་ཧྥ་རན་སིའི་ལག་ནས་ཁེ་སྦེ་ཁུ་འཕྲོགས་པ་ཞིག་རེད། གང་ལྟར་ཡང་། ཁྱེད་ཀྱིས་ཁེ་སྦེ་ཁུའི་མི་མང་པོས་རང་བཙན་འདོད་ཀྱི་ཡོད་པ་དེ་རང་གི་རིག་གཞུང་བརླག་འགྲོ་རྒྱུར་སེམས་འཚབ་ཡོད་པ་རེད་ཅེས་གསུངས་སོང་། སྲོལ་རྒྱུན་རིག་གནས་ཀྱི་ཐད་ནས་རིག་གཞུང་ཕྱུག་པོ་ཡོད་མེད་ངེས་མ་སོང་སྟེ། ཁེ་སྦེ་ཁུར་ཆུའི་གཏེར་མཛོད་དང་། གློག་གི་གཏེར་མཛོད། དེ་མིན་གནམ་གྲུའི་བཟོ་གྲྭ མེ་འཁོར་གྱི་བཟོ་གྲྭ་སོགས་ཡོད་འདུག ༡༩༨༠ལོར། ཁེ་སྦེ་ཁུའི་མི་མང་གིས་རང་ཉིད་གཉུག་མར་སྡོད་སའི་ཡུལ་ལུང་དེར་རང་བཙན་དགོས་མིན་གྱི་འོས་ཤོག་ཐེངས་དང་པོ་བླུགས་པ་དང་། ཐེངས་གཉིས་པར་༡༩༩༥ལོར་མང་མོས་འོས་བསྡུའི་ལམ་ནས་འོས་ཤོག་བླུགས་ཡོད་ནའང་གྲངས་ཆུང་ཁ་ཤས་ཀྱིས་མི་མང་གིས་རང་བཙན་ལ་མོས་མཐུན་གནང་ཡོད་པ་མ་རེད། ད་དུང་། སྤྱི་ལོ་༡༩༦༧ལོར། སྲིད་འཛིན་ཟུར་བ་Charles de gaullམཆོག་གིས་ཁེ་སྦེ་ཁུ་ཟེར་བའི་ཡུལ་འདི་རང་བཙན་རེད་ཅེས་ཀྱང་བསྒྲགས་འདུག
ངས་བལྟས་ན་བོད་རྒྱའི་གྲོས་མོལ་གྱི་འགག་རྡོ་ལྟ་བུ་ནི་བོད་འདི་རང་བཙན་ཡིན་མིན་གྱི་དོན་དག་ཅིག་རེད། ཏིན་གྱིས་རང་བཙན་གྱི་སྐད་ཆ་མ་བཤད། དེ་མིན་དོན་དག་གཞན་པ་ག་རེ་ཡོད་ནའང་གྲོས་མོལ་བྱེད་ཆོག་ཅེས་བཤད་པ་འདིར་གནས་ལུགས་ཤིག་ཡོད་གི་འདོད། ཅང་གིས་ཀྱང་རྒྱལ་བ་རིན་པོ་ཆེས་ཐའེ་ལྦན་དང་བོད་གཉིས་རྒྱའི་མངའ་ཁོངས་ཡིན་པའི་སྐད་ཆ་ཞིག་བཤད་ན་གྲོས་མོལ་བྱེད་ཆོག་གི་རེད་བཤད་འདུག འདི་དག་ཚང་མ་བོད་འདི་རྒྱའི་ཆ་ཤས་ཡིན་མིན་ལ་ཐུག་འདུག་ག ད་དུང་ལམ་དབུ་མའི་རྒྱབ་ཀྱི་རང་སྲིད་རང་སྐྱོང་འདི་ལའང་ཕྱེད་རང་བཙན་དང་། རྣམ་པ་འགྱུར་བའི་རང་བཙན་རེད་ཅེས་བཤད་གི་ཡོད་པ་མ་རེད་དམ། དེ་མིན་བོད་འདི་རྒྱལ་རབས་ལོ་རྒྱུས་ངོས་ནས་རང་བཙན་མེད་པ་ཞིག་ཡིན་ན། ང་ཚོར་བདེན་པ་ཡོད་པ་མ་རེད་ལ། བདུན་ཅུ་དོན་གྲངས་ནས་ང་ཚོས་བོད་འདི་རང་བཙན་གྱི་རྒྱལ་ཁབ་ཅིག་མ་རེད་ཅེས་བཤད་དེ། ཡུལ་གྱར་བའི་འཚོ་བ་འདི་བཞག་སྟེ་རང་ཉིད་སྐྱེ་སའི་ཕ་ཡུལ་དུ་ལོག་ཆོག་གི་རེད།
འགྲམ་ནག་ལགས། ངས་ཁྱོད་སུ་ཡིན་མིན་ཤེས་གི ཁྱོད་ཀྱིས་རང་ཉིད་ལ་མིང་འདྲ་མི་འདྲ་བཏགས་ནས་ཁ་བརྡ་དྲ་རྒྱའི་ས་ཆ་འཛིན་གི་འདུག ཁྱོད་དེའི་དབང་ཆའང་ཡོད་པ་རེད། ཡིན་ནའང་། ང་ཧ་ལས་གི་མི་འདུག ཁྱོད་ཀྱིས་ཉོན། རྒྱ་རི་ཚང་གི་འཇོན་གི་མི་འདུག་ལ། མཁྱེན་གི་མི་འདུག ཡག་ཤོས་ནི་ཁོང་རང་ཉིད་ཀྱི་ངོས་ནས་དགོངས་ཞུ་གནང་ན་འོས། དཔེར་ན། ཉེ་ཆར་ཉི་ཧོང་གི་སྲིད་བློནཕྲyasua fukudaདང་། ཨི་ཁྲ་ལེའི་སྲིན་བློན་roman prodis ལྷོ་ཨ་མི་རི་ཀའི་སྲིད་འཛིན་ཚོསthabo mebki་སོགས་ཀྱིས་རང་ཉིད་ཀྱི་ཕྱག་ལས་་མ་འཇོན་སྟབས། ལས་གནས་ནས་དགོངས་ཞུ་གནངས་ཡོད་པ་རེད། གང་ལྟར། རྒྱ་རི་ཚང་གི་སྐོར་གྱི་རྩོམ་ཡིག་རྒྱས་པ་ཞིག་འབྲི་བཞིན་ཡོད། སྐལ་བཟང་རྒྱལ་མཚན་གྱི་སྐོར་ལའང་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན། ཁྱོད་ཀྱིས་ང་ལ་ལམ་སྟོན་འདྲ་བྱེད་དགོས་དོན་མེད། ཨེ་གོ་ཐལ། ད་དེ་ཡིན། ང་ལ་དུས་ཚོད་མི་འདུག
ངའི་ཀུན་སློང་དཀར་བོ་གངས་ཡིན་པ་ཁྱོད་ཀྱིས་ཤེས་བཞིན་ང་ལ་ནང་རྐུན་དང་ནང་དགྲ་ཟེར་སྲོལ་ལ་བལྟས་ན། ཨ་རོ་་་་་་་ནང་དགྲ་བཀྲུས་ན་མི་དག་པ་དེ་ཁྱོད་རང་མིན་ནམ། ད་དུང་སྡུག་ཅག་གི་དཔེ་འཇོག་ས་བོད་རྒན་དང་གཏིང་ནད་དང་ཤ་འཁོན་ཙོད་དུས་བྱས་རྗེས་ཡོད་པའི་བཀའ་ཟུར་ལོ་ལོན་རེ་འདེམས་སྟངས་ལ་བལྟས་ན་ཁྱོད་འདི་སྲིད་པ་རྒན་པོའི་ཁ་དཔེར། དྲིན་ཆེན་ལ་དྲིན་ལོག་དང་གཡང་ལ་རྡོ་ཁ་ཟེར་བ་བཞིན་མིག་གཅིག་དང་རྣ་གཅིག་གིས་མ་གཏོགས་བལྟ་ཉན་མི་ཤེས་པའི་གསར་བུ་ཀླད་མེད་ཅིག་ཡིན་པ་ཐག་གིས་ཆོད་འདུག།
ཚེ་རིང་གི་བུ་ཟེར་བ་འདིས་གོང་དུ་རྒྱ་རི་གནས་དབྱུངས་གཏོང་དགོས་པའི་བརྗོད་གཞི་ཞིག་བསླངས་པ་ལྟར་ཁོའི་སྐད་ཆ་ལ་ཞིབ་ཏུ་བརྟག་དུས། མང་ཆེ་བ་ནི་གཞན་གྱི་ཟེར་སྒྲོས་ཙམ་མ་གཏོགས་ཁོ་རང་ཉིད་ལ་གཞི་འཛིན་ས་ཆེན་པོ་མེད་པ་སུས་བལྟས་ཀྱང་ཤེས་ཐུབ།
རྒྱ་རི་ནི་དམིགས་བསལ་སྐུ་ཚབ་ཏུ་བདམས་པ་མིན་པར་རྒྱལ་བ་རིན་པོ་ཆེས་ཐད་ཀར་བསྐོས་པ་ཡིན་དུས། ཁ་ཤས་ཀྱིས་བཙན་བྱོལ་བོད་གཞུང་གི་མང་གཙོའི་སྒྲིག་སྲོལ་གཞིར་བཟུང་སྟེ། དམིགས་བསལ་སྐུ་ཚབ་ཅེས་པའི་གོ་གནས་འདིའི་ངོ་བོ་ལ་དྲི་བ་གཏོང་བཞིན་ཡོད། འདི་ནི་རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་གི་ཁྲིམས་བཟོའི་གནད་དོན་ཞིག་རེད་མ་གཏོགས། རྒྱ་རི་སྒེར་ལ་འབྲེལ་བ་ཡོད་པ་ཞིག་མ་རེད།
གཞན་རྒྱ་རི་ལ་འཇོན་ནུས་མེད་པར་འདོད་མཁན་ཚོས་ཁོང་ལ་འཇོན་ནུས་མེད་ཚུལ་གྱི་རྒྱུ་མཚན་དང་གནས་ཚུལ་ཁུངས་ལྡན་བགྲངས་ཤོག་དང་ལྟད་མོ་བལྟས་ཆོག རྩོད་པ་བརྒྱབ་ཆོག ཁ་བརྡ་དྲ་ངོས་སུ་བསམ་ཚུལ་འདོན་སྐབས་མི་སོ་སོས་སྐད་ཆ་ཅི་ཞིག་བཤད་པ་དེ་གལ་ཆེ་གི་རེད་མ་གཏོགས་མི་སུ་ཡིན་མིན་དེ་རྩོད་གཞི་ཞིག་མ་རེད། ལྷག་པར་དུ་ཁ་བརྡ་དྲ་ངོས་འདིར་སུ་ལ་དབང་ཆ་ཡོད་མེད་ནི་དེ་བས་ཀྱང་འབྲེལ་ཡོད་ཀྱི་གནད་དོན་ཞིག་མ་རེད། མིང་ཅི་ཙམ་འདོགས་ན་ས་ཆ་ཅི་ཙམ་འཛིན་ན་དེ་ལ་སྟངས་འཛིན་བྱེད་མཁན་སུ་ཞིག་ཡོད་དམ།
ཆུ་དཀྲོག་ན་མར་ཡོང་རྒྱུ་ཡོད་འདུག ད་ཆ་ཚེ་རིང་བུ་ལགས་དང་གཡང་སྐྱབས་རྒྱལ་ལགས་གཉིས་ཀྱི་གསུངས་ཕྱོགས་ལ་འཕོ་འགྱུར་ཕྲན་བུ་ཕྱིན་འདུག ངས་ཞུ་ཡག་གཙོ་བོ་ནི་ལྕགས་རྒྱ་འགྲམ་ནག་ལགས་ནས་གསུངས་པ་ལྟར་རེད་། བརྗོད་གཞི་གང་ཡིནའང་རྒྱུ་མཚན་དང་གནས་ཚུལ་ཁུངས་ལྡན་བགྲངས་ན་ལྟད་མོ་བལྟས་ཆོག རྩོད་པ་བརྒྱབ་ཆོག
ཐོག་མར་ནས་གསལ་པོ་བཟོ་དགོས་པ་ཞིག་ལ་ངས་ཚེ་རིང་བུ་ལགས་རྒྱ་མིའི་སོ་པ་རེད་ཟེར་རྒྱུ་མ་བྱུང་། དེ་འདྲ་ངས་ལབ་ཀྱི་མ་རེད་། ལར་ནས་ང་ཚོའི་ནང་སུ་རྒྱ་མིའི་སོ་པ་ཡིན་མིན་དོ་བདག་ནས་ཧ་ཡག་ཤོས་གོ་ཡི་རེད།
ད་ངས་གནས་ཚུལ་འགའ་ཞིག་ཐོག་ཁ་བརྡ་བྱེད་ཨ།
ཡང་གཡང་སྐྱབས་རྒྱལ་ལགས་ནས་གསུངས་ཡག་ལ། “ངས་སྒོར་མོའི་ཐོག་ནས་སྐད་ཆ་ཞིག་བཤད་གིན་ཡོད། སྒོར་མོ་གཅིག་ཡིན་ཡང་དེ་བོད་དང་བོད་མིའི་མིང་ཐོག་ལ་ཡོང་ན། དེ་ལ་བོད་གཞུང་གིས་ཐེ་བྱུས་བྱེད་འོས་ཟེར་བ་དེ་ཡིན། བོད་ལ་སྟེར་མཁན་གྱི་སྒོར་མོ་མང་པོ་ཞིག་ནི་བོད་ནང་གི་མནར་གཅོད་དང་དམར་གསོད་ ཐེབས་པ་དེ་ཚོའི་པར་བསྟན་ནས་དང་པར་མཐོང་ནས་ཡོང་གི་ཡོད། འདི་འདྲ་ལ་དམིགས་བསལ་གྱིས་བོད་གཞུང་གིས་ཐེ་བྱུས་བྱེད་འོས་པ་རེད།”
དེ་ནི་ཁྲིམས་དང་མཐུན་པའི་བཀའ་མོལ་ཨ་ཡིན། བོད་མིའི་མིང་འཁྱེར་ནས་དངུལ་མང་ཉུང་མ་རྣ་ཚོགས་ཐོབ་མཁན་ཚོགས་པ་མང་པོ་འདུག དཔེར་ན། ཨ་མི་རི་ཀ་ནང་ཆོས་ཚོགས་ཚང་མ། ICT, SFT, Tibet House, US Tibet Committee, Tibetan Mongolian Cultural Center, Trace Foundation, Bridge Fund, Tibet Fund, Loseling Institute, American Himalayan Foundation, Tibetan Alliance, Tibetan American Foundation, Namgyal Institute སོགས་རེད། དེ་ཚོ་ཚང་མར་བོད་གཞུང་ནས་རྩིས་ཞིབ་གནང་དགོས་སམ། གནས་ཚུལ་གསལ་པོ་བཟོ་མ་དགོས་སམ།
གལ་ཏེ་ཁྱེད་ཀྱི་ཐུགས་ཕྲལ་ICTལྟ་བུ་སྤྱི་པའི་ཚོགས་པ་སྒེར་བདག་མ་འགྲོ་བ་དེ་ཡིན་ན་དེ་རྒྱུ་མཚན་ལྡན་པ་རེད། དེ་ཡིན་ན་ཚོགས་པ་དེའི་འགན་འཛིན་ལྷན་ཚོགས་ལ་རག་ལུས་པ་རེད། འགན་འཛིན་ལྷན་ཚོགས་ཀྱི་གནས་སྟངས་ཕལ་ཆེར་ཁོང་ཚོའི་དྲ་རྒྱར་གཟིགས་ན་མཁྱེན་ཐུབ་རྒྱུ་རེད།
ཚེ་རིང་བུ་ལགས་ནས་རྒྱ་རི་ལགས་སྐོར་སྐྱོན་བརྗོད་ཀྱི་རྒྱུ་མཚན་སྟོན་རྒྱུའི་ལན་ནི་འདི་རེད་འདུག “ཁྱོད་རང་གིས་ཤེས་འདོད་ན། གསར་ཤོག་ཁག་དང་། རྒྱང་བསྲིང་ལས་ཁུངས་ཁག་གི་དྲ་རྒྱ་བསྔོག་དང་། གསལ་བོ་མཁྱེན་གི་རེད།”
དེ་ནི་ལན་གང་འདྲ་རེད་དམ། གསར་ཤོག་དང་རྒྱང་བསྲིང་ནང་ཁོང་ནས་ནོར་པ་ག་རེ་གསུངས་འདུག་གམ། སྐྱོན་བརྗོད་གནང་མཁན་ཁྱེད་ཡིན་པས་དེའི་ཁུངས་སྐྱེལ་ཁྱེད་ནས་གནང་དགོས་པའི་འགན་ཡོད་། གལ་ཏེ་དེ་འདྲ་ཡོད་ན་ངས་ངོས་འཛིན་ཞུ་རྒྱུ་ཡིན་།