བསམ་ཤེས་ནས།
ང་རང་ཉེ་ཆར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནས། ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་འགྲུལ་སྐྱེལ་རླངས་འཁོར་རམ། སྦ་སི་བསྡད་ནས་ཕྱིན། རླངས་འཁོར་འདིའི་ནང་ལ་འགྲུལ་པ་མང་པོ་མིན་འདུག རྐུབ་སྟེགས་ལྔ་བཅུ་ང་བཞི་ཙམ་ཡོད་ཟེར་རུང་། འགྲུལ་པ་ཉི་ཤུ་ཙམ་ལས་མིན་འདུག གྲོང་ཁྱེར་དེ་གཉིས་དབར་ལ་ཧ་ལམ་ཆུ་ཚོད་བཞི་དང་ཕྱེད་ཀ་ཙམ་འགྲུལ་དགོས། རླངས་འཁོར་བདག་གཉེར་བའི་ལས་ཁུངས་ནི་ཨ་རིའི་ནང་ལ་སྡོད་མཁན་གྱི་རྒྱ་རིགས་དེ་ཚོ་ཡིན་སྟབས། རླངས་འཁོར་ནང་གི་འགྲུལ་པ་མང་ཆེ་བ་ཡང་རྒྱ་རིགས་རེད། ཨ་རིའི་འགྲུལ་སྐྱེལ་རླངས་འཁོར་ལས་ཁུངས་གཞན་པ་དང་བསྡུར་ན། རྒྱ་རིགས་ཀྱིས་གཉེར་བའི་རླངས་འཁོར་དེ་ཚོ་རིན་གོང་ལྡབ་གཅིག་ཙམ་གྱིས་ཆུང་བ་འདུག
ཉིན་དེར་རླངས་འཁོར་དེ་ཕྱེད་ཀ་སྟོང་པ་ཡིན་སྟབས། སེམས་ལ་ད་ཡག་པོ་བྱུང་སོང་། ལམ་བར་གཉིད་ཡག་པོ་ཞིག་ཉལ་དགོས་བསམ་པའི་ཀུན་སློང་བསླེབས། ང་རང་འཁོར་ཁང་དེའི་དཀྱིལ་ཙམ་ལ་སྡོད་ས་བཙལ། རླངས་འཁོར་བསྒུལ་ནས་ཆུ་ཚོད་ཕྱེད་ཀ་ཙམ་ཕྱིན་རྗེས་ངའི་རྒྱབ་ལ་ཡོད་པའི་རྒྱ་རིགས་གཅིག་དང་། ཕར་ངོས་ཀྱི་སྟར་པའི་དཀྱིལ་ལ་ཡོད་པའི་རྒྱ་རིགས་གཉིས་རྒྱ་སྐད་སྒྲ་མཐོ་པོ་ཞིག་གི་ནང་ལ་སྐད་ཆ་ཤོད་མགོ་བརྩམས་སོང་། སེམས་ནང་ལ། ཨ་ད་འགྲིགས་མ་སོང་། ཁོང་གཉིས་ཀྱིས་སྐད་ཆེན་པོ་བརྒྱབ་སྟབས། གཉིད་ཡོང་ཐབས་བྲལ་སོང་སྙམ།
ཁོང་གཉིས་རྒྱ་ནག་དང་ཉི་ཧོང་གི་དབར་ལ་ཡོད་པའི་ཉ་འཛིན་མཚོ་གླིང་ཟེར་བ་འདིའི་སྐོར་ལ་བགྲོ་གླེང་བྱེད། སྐབས་དེར་རྒྱ་ནག་དང་ཉི་ཧོང་གཉིས་མཚོ་གླིང་དེ་སུ་ལ་བདག་མིན་གྱི་རྩོད་པ་ཤུགས་ཆེན་པོ་བྱུང་ནས། རྒྱ་ནག་དང་ཉི་ཧོང་གི་གྲོང་ཁྱེར་ནང་ལ་ངོ་རྒོལ་མང་པོ་བྱུང་བཞིན་ཡོད།
ཁོང་གཉིས་ཀྱི་སྐད་ཆ་ཕྱེད་ཀ་གོ་བ་དང་ཕྱེད་ཀ་མ་གོ་བའི་སྒྲའི་ཁྲོད་ནས་ངས་ཁ་པར་ཐོག་རྩེད་མོ་རྩེ་ནས་ཡོད་པའི་སྐབས་ལ། སྙིང་ལ་ཚ་ཤུར་ཤུར་བྱེད་པའི་སྐད་ཆ་ཚིག་གཅིག་གིས་ངའི་སྣང་བ་ཡོངས་སུ་ཁོང་གཉིས་ཀྱི་སྐད་ཆའི་སྟེང་ལ་ཤོར།
“ཏཱ་ལའི་ཡིས་༼རྒྱ་མི་ཚོས་གོང་ས་མཆོག་ལ་མཚམས་རེ་ཏཱ་ལའི་ཟེར།༽ད་རེས་ཁོང་གི་ལངས་ཕྱོགས་ཇི་ཡིན་བཤད་པ་གོ་བྱུང་ངས།”ཅེས་ཕ་རོལ་གྱི་རྒྱ་མི་དེས་དྲིས་སོང་བར།
“ཁྱེད་རེ་བ་མ་བྱེད། རྩ་བ་ནས་ཀྲུང་གོའི་ཕྱོགས་ལ་ལངས་ཀྱི་མ་རེད། ཁྱེད་རེ་བ་སྟོང་པ་མ་བྱེད་།” “ཏཱ་ལས་སྔོན་མ་རྒྱ་གར་གྱི་འོག་ལ་ཡོད་པའི་ཀྲུང་གོའི་ས་ཆ་དེ་རྒྱ་གར་ལ་བདག་ཡོད་ཅེས་བཤད་པ་དྲན་གྱི་མིན་འདུག་གམ།”ཞེས་ངའི་བརྒྱབ་ནས་ཐོན་སོང་།
“དེ་ངས་དྲན་གྱི་འདུག ཁོང་ད་དུང་རྒྱ་གར་གྱི་བུ་ཡིན་ལབ་པ་ཡོད། འོན་ཀྱང་། ད་རེས་གནས་ཚུལ་གཅིག་པ་མ་རེད། གཅིག་ནས་ཏཱ་ལའི་ལ་རྒྱ་རིགས་ཀྱི་སློབ་མ་མང་པོ་ཡོད་པ་དང་། གཉིས་ནས་ཁོ་པ་ད་ལྟ་ཆབ་སྲིད་ཀྱི་འགན་འཁུར་མེད་སྟབས། གཅིག་བྱས་ན་ད་རེས་ཏཱ་ལ་ཡིས་ཐེངས་གཅིག་ཀྲུང་གུང་ལ་རོགས་པ་བྱེད་སྲིད། གལ་ཏེ་ཐད་ཀར་རྒྱབ་སྐྱོར་ཡོད་པའི་སྐད་ཆ་མ་བཤད་ཀྱང་། ཁུ་སིམ་མེར་སྡོད་ན། དེར་ཀྲུང་གུང་གིས་རྣམ་འགྱུར་བཟང་པོར་རྩིས།”
“ཉི་ཧོང་ལ་ཏཱ་ལའི་བླ་མའི་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་འདྲ། སྔོན་མ་ལོ་མང་པོ་ཁོང་ལ་ཐོངས་མཆན་སྤྲད་མེད། ད་ལོ་དང་ན་ནིང་ཁོང་ལ་ཐོངས་མཆན་སྤྲད་པ་མ་ཟད། གྲོས་ཚོགས་ཀྱི་འཐུས་མི་དང་སྲིད་གཞུང་གིས་མི་སྣས་ཁོང་ལ་ཐུགས་འཕྲད་བྱས་སོང་། ཉི་ཧོང་ཆུང་ཆུང་དེ་ཚོར་རོགས་པ་དགོས་ཀྱི་ཡོད།”
དེའི་ལན་ལ།
“གཙོ་བོ་ཨ་རི་རེད། གལ་ཏེ་ཏཱ་ལའི་ལ་ཨ་རིས་བཀའ་ཞིག་བཏང་ན། ལམ་གསེང་དེ་བསྒྲུབ་དགོས། ཁོ་རང་ཨ་རིའི་སྲིད་གཞུང་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་མི་སྣ་གལ་ཆེ་རེད། མ་ཟད་ཏཱ་ལའི་ལ་འཛམ་གླིང་ནང་ལ་དམིགས་བསལ་གྱི་སྟོབས་ཤུགས་ཆེན་པོ་ཞིག་འདུག ཀྲུང་གུང་གི་དེ་ཤེས་ཀྱི་མི་འདུག”
དེ་འདྲ་ཞིག་ལ། རླངས་འཁོར་དེ་བཀག་ནས་ལམ་བར་ནས་མི་འགའ་ཤས་བླུགས་སོང་བ་དང་། ཁོང་གཉིས་ཀྱང་སྐད་ཆ་མཚམས་བཞག་སོང་། གཅིག་གིས་ཚགས་པར་ཞིག་བལྟས་པ་དང་། གཅིག་ཤོས་དེ་ཁ་པར་ལ་བལྟས་ནས་བསྡད་སོང་། ང་རང་ནི་སྔར་ལས་རིག་པ་གྲུང་དུ་ཕྱིན་ཏེ། གཉིད་ཡོང་བའི་རེ་བ་མེད། ཁོང་གཉིས་ལ་ཇི་ལྟར་གོང་ས་མཆོག་གི་སྐོར་ལ་ཤོད་དགོས་བསམས་ནས་བསམ་བློ་མང་པོ་གཏོང་བཞིན་པའི་སྒང་ནས་གཉིད་མཐུག་པོ་ཞིག་བསླེབས། གཉིད་སད་དུས་ཨ་རིའི་རྒྱལ་སར་བསླེབས་ཟིན་འདུག
འོ་ན་ཁྱོད་ཀྱིས་རྒྱ་དེ་གཉིས་ལ་སྐད་ཆ་བཤད་རྒྱུའི་གོ་སྐབས་དེ་བྱུང་ན་ག་རེ་བཤད་འདོད་ཀྱི་འདུན་པ་སླེབས་སོང་ངམ།
ང་ཨ་རི་ཟིག་ན་ཡོད་རྒྱུ་ན། ང་རླང་འཁོར་དེ་ལ་བསྡད་ཟིན་ན། ངས་རྒྱ་སྐད་འགའ་ཤས་གོ་རྒྱུ་ན། ང་བཤད་རྒྱུའི་སྐད་ཆ་འདི་དག་ཡོད།
“ཡ་གྲོགས་པོ་གཉིས་རྒྱ་ནག་ནས་རེད་ལ། ཁྱེད་གཉིས་ཀའི་སྐུ་ཁམས་བཟང་། ང་བོད་ནས་ཡོང་བའི་ཨ་རི་བ་ཟིག་ཡིན། ཏཱ་ལའི་བླ་མར་འབྲེལ་འདྲིས་ཧ་ཅང་ཡོད། ཁ་སང་དེ་རིང་གི་ཉི་ཧོང་དང་རྒྱ་ནག་གི་གནས་ཚུལ་ཡག་རྒྱུ་མེད་ཀི་ཡ། ད་རྒྱ་ནག་ལས་ངན་ཚང་ལ་དགྲ་ཟིག་ཅིག་མང་ནོ་ཆི་ཟིག་ཡིན་ནས་ན་མི་ཤེས་འི་”ཟེར་ཞོར་སྐད་ཆ་ཐ་མ་ཐོར་ཟིག་བཤད་ས་རེད།
རེད་རེད་་་་་་ཉི་ཧོང་རྒྱ་ནག་བསྡུར་ན། མི་གྲངས་ཉུང་ནི་རེད། ས་ཆའང་ཆུང་རྒྱུ་རེད། ཡིན་ནའང་ཁོང་ཚོ་མྱི་གཞི་ཡག་ནི་རེད། དཔལ་འབྱོར་ཆེ་ནི་རེད། ལག་རྩལ་སྲ་ནི་རེད། ཤེས་ཡོན་འཇུག་ནི་རེད། འདི་ཚོར་རྒྱ་ནག་གིས་བསྡུར་ས་འགྲོ་ནི་མ་རེད་ཡ་ཟེར་དགོས་པ་མིན་འགྲོ
རྒྱུ་དཔལ་འབྱོར་ལ་བསམ་ན་རྒྱ་ནག་པས་ཉི་ཧོང་མི་དོ། མི་བཤིས་དང་ཡོན་ཏན་ཡང་མི་དོ། ཚན་རྩལ་དངརང་དབང་ལ་བསམ་ན་ཡང་མི་དོ། དོ་བ་གཅིག་ཡོད་པ་ནི་མི་གྲངས་དེ་རེད།
ཕལ་ཆེར་རྒྱ་རྒན་དེ་ཚོས་ཁྱེད་ཀྱི་ཚབ་ཏུ་ཁོ་རང་ཚོར་ལན་བཏབ་ཡོད་པ་འདྲ། ང་ནི་ལན་གྱི་ཚབ་ཏུ་ཁུ་ཚུར་ལྕགས་རྡོ་འདྲ་བ་ཞིག་འཁྱེར་ཡོང་མཁན་ཞིག་ཡིན་ནོ།།
་་་་ ཁོང་གཉིས་རྒྱ་ནག་དང་ཉི་ཧོང་གི་དབར་ལ་ཡོད་པའི་ཉ་འཛིན་མཚོ་གླིང་ཟེར་བ་འདིའི་སྐོར་ལ་བགྲོ་གླེང་བྱེད། སྐབས་དེར་རྒྱ་ནག་དང་ཉི་ཧོང་གཉིས་མཚོ་གླིང་དེ་སུ་ལ་བདག་མིན་གྱི་རྩོད་པ་ཤུགས་ཆེན་པོ་བྱུང་ནས། རྒྱ་ནག་དང་ཉི་ཧོང་གི་གྲོང་ཁྱེར་ནང་ལ་ངོ་རྒོལ་མང་པོ་བྱུང་བཞིན་ཡོད། ་་་ཟེར།
བལྟས་ཡོང་ན་རྒྱ་རིགས་དེ་གཉིས་བོད་རྒྱའི་གནས་ཚུལ་ལ་དོ་སྣང་ཡོད་མཁན་ཞིག་ཡིན་པ་དང་། མཚོ་གླིང་དོན་རྐྱེན་ཐད་རྒྱ་ཕྱོགས་ལ་༧གོང་ས་མཆོག་གི་རྒྱབ་སྐྱོར་ཡོང་རེ་བྱེད་པ་ནི་ཕྱིར་མ་ངོམས་པའི་༧གོང་ས་མཆོག་ལ་བཟུང་བའི་ལྟ་ཚུལ་ཅུང་ཚད་ངེས་ཅན་ཡོད་པའི་རྟགས་རེད།
༼ཁོང་གཉིས་ལ་ཇི་ལྟར་གོང་ས་མཆོག་གི་སྐོར་ལ་ཤོད་དགོས་བསམས་ནས་བསམ་བློ་མང་པོ་གཏོང་བཞིན་པའི་སྒང་ནས་གཉིད་མཐུག་པོ་ཞིག་བསླེབས།༽ཞེས་པ་ལས་ཁྱོད་ཀྱི་སེམས་ནང་གོང་ས་མཆོག་གི་སྐོར་བཤད་རྒྱུ་མེད་པའི་རྟགས་རེད། རྒྱ་མིས་ཚོས་གོང་ས་མཆོག་ཉེ་དགའ་ཕྱོགས་ཞེན་གྱི་བསམ་བློ་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་དེ་ཤེས་བཞིན་དུ་ཁྱེད་ཀྱིས་ཁ་བཙུམ་ནས་གཉིད་ཁུག་བསྡད་པ་དེ་དངོས་གནས་བློ་ཕམ་བྱུང་།